ཝང་ལི་ཞུང་གིས་བོད་མིས་རང་ལུས་མེ་ལ་སྒྲོན་པའི་སྐོར་གླེང་བ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡ཚེས་༡༩ཉིན། རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཝང་ལི་ཞུང་གིས་རང་དབང་དང་དྲང་བདེན་གྱི་ཆེད་དུ་བོད་མི་སེར་སྐྱ་མང་པོས་རང་ལུས་མེར་བསྲེག་བཏང་བའི་དོན་རྐྱེན་གྱི་སྐོར་གླེང་སློང་བྱས་དོན།

དང་པོ།
རང་ལུས་མེ་ལ་སྒྲོན་མཁན་བོད་མི་རྣམས་ལ་ངས་ཡོངས་སུ་གུས་བརྩི་ཡོད། རང་ལུས་སྲེག་མཁན་མི་རེ་ངོ་རེས་སེམས་སུ་བསམ་པའི་དམིགས་ཚད་མངོན་འགྱུར་རམ་སྒྲུབ་ཐུབ་པའི་ངེས་པ་མེད། འོན་ཀྱང་ཁོང་རྣམ་པར་ཧ་ཅང་གསལ་བའི་འདུ་ཤེས་ཡོད་མེད་ཇི་ལྟར་ཡང་། ཁོང་ཚོ་ཐུན་མོང་གིས་བཏོན་པའི་ནུས་པས་མི་རིགས་ཤིག་གི་སྙིང་སྟོབས་ལ་སྐུལ་མ་བཏང་ཡོད།

སྙིང་སྟོབས་ནི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན་པ་དང་། ལྷག་པར་དུ་དངོས་ཡོད་ཀྱི་ཐོན་ཁུངས་ཞན་དུ་འགྲོ་བའི་ཕྱོགས་དེར། སྙིང་སྟོབས་ནི་ག་དུས་ཡིན་རུང་སྟོབས་ཆུང་གིས་སྟོབས་ཆེན་ལས་རྒྱལ་བར་བྱེད་པའི་འགག་རྩར་གྱུར་ངེས་ཡིན། རང་ལུས་རང་གིས་བསྲེག་པར་ཧ་ཅང་ཆེ་བའི་སྙིང་སྟོབས་དགོས་ཤིང་། བོད་ནང་གི་བོད་མི་བཅུ་དྲུག་གིས་གནམ་ས་གཡོ་འགུལ་ཐུབ་པའི་སྙིང་སྟོབས་ནི་མདོ་སྨད་མགོ་ལོག་གི་བསོད་པ་རིན་པོ་ཆེས་རང་ལུས་མེ་ལ་སྒྲོན་པ་དང་དུས་མཚུངས་ཡང་རྩེར་སོན། མི་རིགས་ཀྱི་སྙིང་སྟོབས་ལ་སྐུལ་འདེད་གཏོང་བའི་ལངས་ཕྱོགས་ནས་བཤད་ན། སྙིང་སྟོབས་ལ་སྐུལ་འདེད་གཏོང་ཐུབ་ཡོད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད།

མིག་སྔའི་གནད་དོན་ནི། དེ་ལྟ་བུའི་རྩ་ཆེའི་སྙིང་སྟོབས་སྤྱད་ནས་ག་རེ་བྱེད་རྒྱུ་ཡིན་ནམ་ཞེས་པ་དེ་ཡིན། མུ་མཐུད་རང་ལུས་བསྲེགས་ནས་སྙིང་སྟོབས་དེ་དག་མེར་བསྲེགས་གཏོང་བ་ནི། ད་ལྟའི་གནས་སྐབས་ལ་འཕྲོ་བརླག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། སྔོན་གཤེགས་དཔའ་བོ་དཔའ་མོས་སྐུལ་འདེད་བྱས་པའི་སྙིང་སྟོབས་ནི་དོན་དམ་གྱི་ཕན་ ནུས་ལྡན་པའི་ཐོག་ལ་སྤྱོད་པར་བྱེད་རྒྱུ་ནི་སྔོན་བྱོན་སྣེ་འཁྲིད་པ་རྣམས་ཀྱི་ཐུགས་རེ་ཡིན་ལ། ཁོང་ཚོས་རང་སྲོག་བློས་གཏོང་གནང་བའི་རིན་ཐང་ཡོད་ས་ཡང་ཡིན།

གཉིས་པ།
གཞན་ལ་འཚེ་བ་གཏན་ནས་མི་བྱེད་པར། སྙིང་སྟོབས་ཆེན་པོས་རང་སྲོག་བཏང་ནས་རང་ཉིད་ལེགས་སྐྱེས་ཕུལ་བ་ནི་འཚེ་མེད་ཞི་བའི་སྙིང་སྟོབས་ཀྱི་ཡང་རྩེར་སོན་པ་ཞིག་རེད་ཅེས་བཤད་ཆོག རང་ལུས་རང་གིས་བསྲེགས་པ་ནི་སྔར་བཞིན་འཚེ་བའི་ལས་ཀྱི་གྲས་ཤིག་ཡིན་པ་དང་། ཚད་མཐོ་ལོས་ཀྱི་ཆ་ནས་བཤད་ཀྱང་ཚད་མཐོའི་འཚེ་བ་ཡིན་ན་ཡང་། རང་གིས་རང་ལ་འཚེ་བ་ཞིག་ཡིན་སྟབས་གཞན་ལ་འཚེ་བ་བྱས་མེད།

རང་གིས་རང་ལ་འཚེ་བ་བྱས་པ་ནི། འུ་ཐུག་ཐབས་ཟད་རེ་ཐག་ཆད་པའི་ངོ་རྒོལ་བྱས་པའམ་ཆེ་མཐོང་ལ་རྒྱ་སྲུང་སྐྱོབ་སླད་ནུས་ཤུགས་ཡོད་ཚད་སྤྱད་པའི་ཉེན་ཁར་མ་འཛེམས་པའི་བྱ་བ་ཞིག་ཡིན། གལ་སྲིད་ཕན་ནུས་ཐོན་པའི་རེ་བ་རྒྱབ་ཡོད་པའི་དབང་དུ་བཏང་ན། དེ་ནི་བདག་ཉིད་ཆེན་པོ་གྷན་དིས། “ང་ཚོས་མྱངས་པའི་ཧ་ཅང་ཆེ་བའི་དཀའ་སྡུག་གིས་གཞུང་ལ་ཤུགས་རྐྱེན་གཏོང་ཐུབ། ” ཅེས་གསུང་པ་དང་། མི་རིཌ་ནག་པོའི་རང་དབང་འཐབ་རྩོད་པ་མར་ཊིན་ལུ་ཐར་ཀིང་གིས་“ ང་ཚོ་རང་ཉིད་ཀྱིས་དཀའ་སྡུག་སྡུག་ཁུར་བྱེད་པའི་ནུས་པས། ཁྱེད་ཚོས་དཀའ་སྡུག་བཟོས་པའི་ནུས་པ་ལ་འགྲན་ཟླ་བྱས་ནས་ཁྱེད་ཚོའི་འཁོན་སྡང་གི་ བློ་ཟད་དུ་བཅུག་སྟེ། ཁྱེད་ཚོའི་སེམས་ཚོར་རྨོངས་གཉིད་ལས་བསད་པར་བྱེད། ” ཅེས་གསུང་པ་ལྟར་ལགས།

དེ་ལྟ་བུའི་རེ་བ་མངོན་འགྱུར་ཡོང་བ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་རེ་བ་རྒྱག་ཡུལ་ལ་སེམས་ཚོར་ཡོད་དགོས་པ་དེ་ཡིན། སྒེར་གཅོད་སྲིད་དབང་ལ་སྲ་བཙན་གྱི་སྒྲིག་གཞི་དང་། སྙིང་རྗེ་མེད་པའི་ལྟ་གྲུབ། དཔོན་ངན་གྱི་ཁེ་ཕན་ལས་གཞན་ཅི་ཡང་མེད། དེ་སྔ་ཕྲུ་གུ་སྟོང་ཕྲག་ཁ་ཤས་ཀྱིས་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་ཟས་བཅད་ངོ་རྒོལ་བྱས་ནས་ཤི་གྲབས་བྱེད་པའི་སྐབས་ལ། སུ་ཞིག་གིས་གཞུང་གི་སེམས་ཚོར་མཐོང་ཡོད་དམ།

སྔར་ནས། འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་མཇུག་འབྲས་གང་འདྲ་ཡོང་མིན་ངོ་རྒོལ་བྱེད་མཁན་ལ་རག་ལུས་མེད་པར། གཞུང་ལ་ཐུག་ཡོད། ངོ་རྒོལ་བྱེད་མཁན་ཕྱོགས་ནས་གནོན་ཤུགས་ཀྱི་ནུས་པ་ཙམ་ལས་འདོན་མི་ཐུབ་ཅིང་། སྲིད་དབང་བཟུང་མཁན་གྱིས་བསམ་ཤེས་གུ་བཤངས་མ་བྱས་ན་ཡར་རྒྱས་(ནུས་པ།)ཡོང་མི་སྲིད། དེར་བརྟེན་མིག་སྔའི་བོད་འདི་དཀའ་ངལ་གྱི་གནས་སུ་ལྷུངས་པ་ནི་ལྡོག་ཐབས་མེད་པ་ཞིག་ཡིན།

གསུམ་པ།
དཀའ་ངལ་གྱི་གནས་ལས་འགྲོལ་བར་བྱེད་པའི་ཁ་ཕྱོགས་གང་དུ་ཡོད་དམ། ཁོ་བོའི་བསམ་པར་དེ་ནི་མིག་སྔར་ལན་འདེབས་དགོས་པའི་གནད་དོན་ཅིག་རེད་སྙམ། ཁ་ཕྱོགས་མེད་ན་མུན་ནག་སྦར་ཉུལ་བྱེད་རྒྱུ་ལས་མེད་ལ། རང་གིས་རང་བསྲེགས་ཏེ་རང་ཉིད་བརྗིད་ཉམས་ལྡན་པའི་ངང་ལེགས་སྐྱེས་ཕུལ་ན་ཡང་། མི་རྣམས་ལ་རེ་ཐག་ཆོད་པའི་ཚོར་བ་སྣོན་མ་བསྟེར་རྒྱུ་དང་། མི་ཚོས། རང་ལུས་རང་གིས་བསྲེགས་པའི་དོན་རྐྱེན་ལ་གདོང་གཏུགས་བྱེད་སྐབས་ཀྱང་སེམས་ཚོར་ འཕྱ་མེ་འཕྱོ་མེར་གཡོས་པ་ཕུད། དོན་དེ་ཅི་ལྟར་བཤད་དགོས་པ་ཡང་མི་ཤེས་པ་ཞིག་རེད།

རང་ལུས་རང་གིས་བསྲེགས་མཁན་ནི་སྙིང་སྟོབས་ཆེ་ཡང་། རྣམ་དཔྱོད་མེད་པ་ཞིག་རེད་ཅེས་བཤད་པ་ནི་དྲང་པོ་མ་རེད། གང་ཡིན་ཟེར་ན། རྣམ་དཔྱོད་ནི་གནས་སྐབས་འཚོ་ཐབས་བྱེད་པའི་ཐབས་རྩལ་ཞིག་མིན་པར། བོད་འདི་དཀའ་ངལ་གྱི་གནས་ལས་འགྲོལ་རྒྱུར་སྣེ་འཁྲིད་ཐུབ་པའི་ཕུགས་རྒྱང་རིང་བའི་བློ་ཞིག་ཡིན་ཞིང་། དེ་ནི་མང་ཚོགས་དཀྱུས་མས་འགན་ཁུར་ཐུབ་པ་དང་འགན་ཁུར་དགོས་པ་ཞིག་མིན། ཆབ་སྲིད་ཀྱི་གར་སྟེགས་ལས་བབས་ཟིན་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྣམ་དཔྱོད་ཐམས་ཅད་ཀྱི་འབྱུང་ཁུངས་ལ་བརྩིས་པ་ནི་འགན་ཁུར་མ་བྱས་པ་ཞིག་ཡིན། ༸གོང་ས་ཏཱ་ལའི་བླ་མཆོག་ནས་འཚེ་མེད་ཞི་བའི་ལམ་དང་། དབུ་མའི་ལམ་གསལ་སྟོན་གནང་ཟིན་སྟབས། གང་འདྲ་བྱས་ནས་མངོན་འགྱུར་བྱེད་མིན་ནི་ཆབ་སྲིད་པ་རྣམས་ཀྱི་རྣམ་དཔྱོད་ལ་རང་ལུས་ཡོད།

ད་ལྟའི་ཆར་དེ་ལྟ་བུའི་རྣམ་དཔྱོད་མཐོང་མ་ཐུབ། རྒྱ་ནག་གི་ཕྱོགས་སུ་ལག་གཅིག་ལ་ཤོག་དངུལ་དང་། ལག་གཅིག་ལ་ཤན་གྲི་ལས་མེད་ཅིང་། གལ་སྲིད་བཙན་བྱོལ་བོད་གཞུང་འདི་བོད་ཕྱོགས་ཀྱི་སྐུ་ཚབ་ཡིན་ན། ཡོངས་ཁྱབ་ཀྱི་གསལ་བསྒྲགས་སྤེལ་བ་ཕུད། དེ་མིན་ག་རེ་བྱེད་དགོས་ཀྱི་ཡོད་མེད་མཁྱེན་གྱི་ཡོད་པ་ངས་མ་མཐོང་བས། སྙིང་སྟོབས་ཆེ་བའི་བོད་མི་རྣམས་ལ་ག་རེ་བྱེད་དགོས་མིན་བརྡ་ལན་གནང་དགོས། བོད་མི་ཚོས་ག་རེ་བྱེད་དགོས་མིན་དང་། ག་རེ་བྱེད་ཐུབ་མིན་ཤེས་པ་ཡིན་ན། ཁོང་ཚོས། གསར་འགྱུར་བརྒྱུད་ལམ་དུ་དུས་ཐུང་ནང་གནས་ཚུལ་རབ་རོབ་ཐོན་པའི་བརྗེ་ལེན་ལྟ་ བུས་རང་ལུས་རང་གིས་བསྲེགས་པ་མ་ཡིན་པར་འཚོ་ཞིང་སོན་པོར་བསྡད་ཀྱི་རེད།

བཞི་པ།
༸ གོང་ས་ཏཱ་ལའི་བླ་མ་མཆོག་ནས་གཏན་འཁེལ་མཛད་པའི་ཐུགས་དགོངས་ཀྱི་དམིཌ་ཡུལ་ནི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་ཡོང་བ་གནང་རྒྱུ་དེ་རེད། གལ་སྲིད་ཐོག་མ་ནས་མི་རིགས་ས་ཁོངས་རང་སྐྱོང་གི་འདོད་པ་ཡིན་ན། རྒྱ་ནག་གཞུང་ལ་བཀའ་དྲིན་བསྐྱངས་རོགས་ཞུ་རྒྱུ་ཁོ་ནར་བརྟེན་རྒྱུ་ཁོ་ན་ལས་ཐབས་གཞན་མེད་ཅིང་། དེ་སྔ་དམིགས་ཡུལ་འདིའི་ཆེད་དུ་འབད་བརྩོན་བྱས་པ་ཚང་མའི་ཐོག་ནས་དེ་ནི་སྟོང་བསམ་ཡིན་པ་ར་སྤྲོད་བྱས་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དགོས་པ་ནི་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་གི་རང་སྐྱོང་དེ་ཡིན་པ་དང་། རྒྱ་ནག་གིས་དེ་སྔ་ནས་གྲོང་སྡེའི་མི་དམངས་རང་སྐྱོང་གི་ལམ་ལུགས་ལག་བསྟར་བྱེད་ ཀྱི་ཡོད་སྟབས། བོད་ཀྱི་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་བྱེད་རྒྱུ་དེ་ཡང་ག་རེ་བྱས་ནས་བོད་མིའི་གྲོང་སྡེ་རེ་རེ་ནས་འགོ་འཛུགས་བྱེད་མི་ཆོག་པ་གང་ཡིན་ནམ།

མིང་དོན་མཚུངས་པའི་རང་སྐྱོང་ནི་ཆེས་གཞི་རིམ་ནས་འགོ་འཛུགས་དགོས་ཤིང་། འོག་རིམ་ནས་གོང་རིམ་དང་། དེ་ནས་རིམ་པ་རེ་རེ་བཞིན་རང་སྐྱོང་བྱས་ཏེ་མཐར་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཐུབ། གཞི་རིམ་གྱི་རང་སྐྱོང་གི་འགོ་ཞིག་འཛུགས་ཐུབ་ཚེ། མ་འོངས་པར་མི་རིགས་ས་ཁོངས་རང་སྐྱོང་གི་ཁ་ཕྱོགས་ལ་བསྐྱོད་ཐུབ་ངེས་ཡིན། གྲོང་སྡེ་རང་སྐྱོང་ནི་གྲོང་སྡེའི་མི་དམངས་དཀྱུས་མ་མི་རེ་ངོ་རེ་མཉམ་ཞུགས་བྱས་པ་བརྒྱུད་མངོན་དུ་འགྱུར་ཐུབ་པ་ཞིག་ཡིན། འདིས་མི་དམངས་རྣམས་ལ་གཞན་གྱིས་སྐུལ་མ་དགོས་པར་རང་འགུལ་བྱེད་དུ་བཅུག་ནས་ཡུན་ རིང་ལ་གྲུབ་འབྲས་མེད་པའི་གྲོས་མོལ་ལ་སྒུག་དགོས་དོན་མེད་ལ། ཡང་ན་མེ་མདའི་འོག་ནས་རྔམ་སྟོན་དང་། ཐ་ན་མེ་ལྕེར་རང་ལུས་བསྲེགས་ནས་མུ་མཐུད་དེ་མཐོ་རིམ་ལ་ཡང་ཡང་རྒྱ་རྡོ་སྣོན་དགོས་དོན་ཡང་མེད།

ལྔ་པ།
ངས་བལྟས་ན། བོད་འདི་དཀལ་ངལ་གྱི་གནས་ལས་འགྲོལ་བར་བྱེད་པ་ལ་གྲོང་སྡེའི་མི་དམངས་རང་སྐྱོང་ ནས་འགོ་འཛུགས་བྱེད་དགོས་བསམ། གྲོང་སྡེའི་མི་དམངས་རང་སྐྱོང་ལ་མཚོན་ནས་བཤད་ན། སྔོན་ལ་མི་རིགས་ཀྱི་གནད་དོན་ལ་ཕོགས་ཐུག་གཏོང་མི་དགོས་པར། འགྲོ་བ་མིའི་ཐོབ་ཐང་དང་། གཏེར་ཁ་སྔོན་འདོན། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་བྱེད་སྒོ་སོགས་ཀྱི་གནད་དོན་ལ་དམིཌ་པའི་དངོས་དངོས་རྗེན་རྗེན་གྱི་ ཁེ་དབང་ཁག་སྲུང་སྐྱོབ་བྱེད་དགོས། དེ་ནི་མི་རིགས་རིང་ལུགས་ཀྱི་འགལ་བ་ལས་གཡོལ་ཐུབ་ནས། རྒྱ་ནག་གི་དམངས་ཁྲོད་ཀྱི་ཁེ་དབང་སྲུང་སྐྱོབ་ལས་འགུལ་དང་མཉམ་འདྲེས་བྱས་ཏེ་རྒྱ་ནག་གི་ཁེ་དབང་སྲུང་སྐྱོབ་ཀྱི་ལས་འགུལ་གྱི་ཆ་ཤས་ཤིག་ཆགས་གྱུར་ཕན་ཐོཌ་ཡོད་པ་དང་། དེ་ནས་རྒྱ་ནག་མི་དམངས་ཀྱི་རྒྱ་ཁྱབ་ཀྱི་རྒྱབ་སྐྱོར་ཐོབ་ངེས་ཡིན།

ཉེ་ཆར་ཐོན་པའི་རྒྱ་ནག་ནག་ཀོའང་ཏུང་ཞིང་ཆེན་ཨུའུ་ཁཱན་གྱི་དོན་རྐྱེན་ནི་མིག་དཔེ་གསར་ཤོས་ཤིག་ཡིན། གྲོང་སྡེའི་མི་ཚོས་མཉམ་དུ་དབང་འཛིན་ལས་ཁུངས་ཀྱི་དམར་ཤོག་ཚོཌ་པའི་དྲུང་ཆེ་དང་། གྲོང་སྡེའི་འགོ་པ་བྲོས་བྱོལ་ལ་ཕྱིན་པའི་རྗེས་སུ་བསྙེགས་ཏེ་དུད་ཁྱིམ་རེ་ནས་འཐུས་མི་རེ་བདམས། དེ་ནས་དུད་ཁྱིམ་འཐུས་མིའི་ཁྲོད་ནས་གྲོང་སྡེའི་ལས་འཛིན་ལྷན་ཚོགས་བདམས་པ་རེད། དེ་ལྟ་བུའི་རང་སྐྱོང་སྒྲིག་འཛུགས་ཀྱིས་གྲོང་སྡེའི་ལས་དོན་གྱི་འཛིན་སྐྱོང་གོ་རིམ་ལྡན་པ་ཞིག་བྱེད་ཐུབ་ཡོད་པར་མ་ཟད། གཞུང་གི་དྲག་གནོན་དང་། དམག་མི་དང་ཉེན་རྟོག་པས་མཐའ་བསྐོར་བའི་སྐབས་གྲོང་སྡེའི་མི་དམངས་ཀྱི་ཡ་རབས་དང་། ས་ཁུལ་གྱི་སྒྲིག་ལམ་སོཌ་ལ་འགན་ལེན་ཡང་བྱེད་ཐུབ་ཡོད་པར་བརྟེན་མཐར་དབང་འཛིན་ལས་ཁུངས་དང་གྲོས་མོལ་བྱེད་ཐུབ་པ་བྱུང་རྗེས། ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་བསྔཌ་བརྗོད་ཐོབ་སའི་“གཞུང་ཕྱོགས་ནས་ཐེངས་དང་པོར་ཁས་ལེན་བྱས་པའི་ཁེ་དབང་སྲུང་སྐྱོབ་ཀྱི་དམངས་འདེམས་སྒྲིག་ འཛུགས་”སུ་གྱུར་བ་རེད། བོད་ཀྱི་གྲོང་སྡེ་དང་། གྲོང་སྡེའི་མི་རྣམས་ལ་འདི་དང་འདྲ་བའི་གྲུབ་འབྲས་ཐོབ་སྲིད་དམ། ཨུའུ་ཁན་ལ་ཡོད་པའི་ཆ་རྐྱེན་ནི་བོད་ཀྱི་གྲོང་སྡེ་ཁག་ལ་མི་ཉུང་བ་ཞིག་ཡོད། གྲོང་སྡེ་གཅིག་ལ་རྒྱལ་ཁ་ཐོབ་པ་ཡིན་ན། བོད་ལ་དར་ཆ་ཐོབ་པ་རེད། གྲོང་སྡེ་བཅུ་ལ་རྒྱལ་ཁ་ཐོབ་ན། མཚན་གུང་ལ་སྐྱ་རེངས་ཤར་བ་རེད། སྡེ་པ་བརྒྱ་ལ་རྒྱལ་ཁ་ཐོབ་པ་ཡིན་ན། མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ནི་གནམ་མཐའ་ནས་མིག་མདུན་ཤར་ཐུབ་ཀྱི་རེད།…….

མཚམས་འདིར། རྒྱ་མིས་བྱས་ཆོག་པ་བོད་མིས་བྱེད་ཆོག་གི་མ་རེད། ཁ་བྲལ་བའི་ཉེས་མིང་བཀལ་ཏེ་དྲག་གནོན་བྱེད་སྲིད་པ་རེད་ལ་སོགས་པའི་རྣ་བར་ཐོས་མང་བའི་དོགས་འདྲི་དེ་ཚོ་ཏན་ཏན་སླེབས་རྒྱུ་ཡིན་པར་ང་ལ་ཡིད་ཆེས་ཡོད། དོགས་འདྲི་འདི་རིགས་ང་ཚོས་སྔར་ནས་ཉན་ཏེ་བསྡད་ཡོད་ཅིང་། ད་བར་ཐེངས་མང་པོ་ཉན་ཟིན་པ་ཡིན། འདི་ལ་ལན་ཚིག་རྐང་གཅིག་ཡོད་སྟེ། རང་ལུས་རང་གིས་བསྲེགས་པར་མི་སྐྲག་པར་དོགས་འདྲི་ཞིག་ལ་སྐྲག་དགོས་དོན་ཅི་ཡོད། མི་རིགས་ཤིག་གི་སྙིང་སྟོབས་ནི་སྐབས་འདི་ལ་རྒྱལ་ཁ་ཐོབ་པའི་ནོར་བུར་གྱུར་རྒྱུ་ཡིན།

(གོང་གི་གནས་ཚུལ་འདི་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ངོ་དེབ་ལས་ཀུན་དགའ་བཀྲིས་ཀྱིས་བོད་སྒྱུར་བྱས་འདུག )

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༩༢༠༡༢༢༠༣༥
རྒྱ་མི་ཝང་ལིང་ཞུང་གིས་གཡས་བསྐོར་གཡོན་བསྐོར་བྱས་ཏེ་རྒྱ་གཞུང་ལ་ཁེ་ཕན་ཆེན་པོ་ཞིག་དང་བོད་ལ་གྱོང་ཆེན་པོ་ཞིག་སྤྲོད་འདོད་ཡོད་པ་དེ་གསལ་ཐག་ཆོད་རེད་འདུག ལྟོས་དང་ཁོའི་སྐད་ཆ་དེ་ཚོར་ཚོན་ཁྲ་ག་འདྲ་མི་འདུག་གམ། བོད་པ་ཚོ། མི་དེ་ཚོའི་རིགས་ལ་མགོ་འཁོར་མི་རུང།



བརྗོད་གཞི་གཞན་ཁག་ལ་གཟིགས།