བོད་ཀྱི་གླུ་མ་སྐྱིད་བྱམས་དང་ཚེ་དབང་ལྷ་མོ་གཉིས་ངོ་སྤྲོད།

དེང་གི་ཆར་བོད་ཕྱི་ནང་གཉིས་སུ་གླུ་མ་གྲགས་ཅན་འགའ་ཡོད་པ་དག་ལས་གླུ་མ་སྐྱིད་བྱམས་དང་ཚེ་དབང་ལྷ་མོ་གཉིས་ནི་ཡག་མོའི་སྒོ་དང༌། ལྷན་སྐྱེས་ཀྱི་སྐད་ངག མི་རིགས་ཀྱི་ལ་རྒྱ་གསུམ་གའི་ཆ་ནས་བོད་ཀྱི་གླུ་མ་ཀུན་གྱི་ཡང་རྩེར་སླེབས་མེད་ནའང་མཐའ་རུ་ལྷུང་མེད་པ་ནི། ཁོང་གཉིས་ཉེ་ཆར་ཨ་རིའི་ཀོ་ལིམ་བྷི་ཡའི་གཙུག་ལག་སློབ་གྲྭའི༼སྒང་པ་བོད་ཀྱི་སྙན་དབྱངས་རོལ་ཚོགས༽ཟེར་བས་ཨ་རི་ལ་གླུ་གཞས་གཏོང་བར་དམིགས་བསལ་མགྲོན་འབོད་བྱས་པ་ལས་ཤེས་ཐུབ་ཅིང་། ལྷག་པར་དུ། སྐབས་དེར་ཁོང་གཉིས་ཀྱིས་མཛེས་པའི་སྟངས་སྟབས་ཀྱི་གར་སྒྱུར་ཞིང་སྙན་མོའི་ངག་གིས་གླུ་དབྱངས་རེ་རེ་ལེན་སྐབས་ལྟད་མོ་བ་ཚོའི་ཀི་སྒྲ་དང་ཐལ་སྒྲས་དགའ་བསུ་གནམ་ས་གད་པ་ལྟར་བྱེད་དུས།ཁོང་གཉིས་ནི་བོད་ཕྱི་ནང་གཉིས་སུ་དགའ་མོས་ཆེ་ཤོས་བྱ་སའི་བོད་ཀྱི་གླུ་མ་གྲགས་ཅན་གཉིས་ཡིན་པར་ཤེས་ཐུབ། དེར་བརྟེན།འདིར་ཁོང་གཉིས་ཀྱི་ལོ་རྒྱུས་ཐུང་ངུ་རེ་མཚམས་སྦྱོར་བར་བྱ་སྟེ།

གླུ་མ་སྐྱིད་བྱམས།

གླུ་མ་སྐྱིད་བྱམས་ནི། ཁམས་བྲག་འགོ་རྫོང་གི་ཆུས་བཞི་པ། གཙང་སྟོད་ཀུང་ཧྲེ།རྒྱ་གྲོང་མའི་གྲོང་སྡེ་རུ་ཕ་ཨ་འཛི་ཧུ་ལོ་དང་མ་ཀེ་ཟ་བར་ལོ་གཉིས་སུ་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོའི་ཉམས་འགྱུར་དང་འགྲོགས་ཏེ་ལང་ཚོའི་དཔལ་ཡོན་མངོན་པར་བཞད་ཅིང༌།

གཞི་རིམ་གྱི་སློབ་གྲྭ་ཐོན།གཙང་མཐའ་རྩྭ་ཐང་ནས་མཛེས་སེ་སེ་དང་ཁྲ་ཆིམ་ཆིམ་བཞད་པའི་སྣ་མང་མེ་ཏོག་ཁྲོད་ནས་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་དྭངས་མའི་བདུད་རྩི་འཐུང་བཞིན། ཨ་མའི་ཞལ་ནས་འཇགས་པའི་མ་ཎི་ཡིག་དྲུག་དང་བཛྲ་གུ་རུའི་དབྱངས་རྟ་བཅས་རང་གི་སྐད་ངག་སྙན་མོའི་འགྱུར་ཁུག་ལ་དྲངས་ཏེ་བླངས་པས། མདོ་དབུས་ཁམས་གསུམ་གྱི་མི་རྣམས་ཡིད་དབང་ཅིག་ཅར་དུ་འཕྲོག་སྟེ་ལ་ཁའི་ལུག་རྫི་དང་ཞིང་མཐའི་སྨན་ཆུང་མ་ཚུན་ཆད་ཀྱིས་གླུ་མ་སྐྱིད་བྱམས་ལ་ལད་མོས་ཀྱིས་མོའི་མ་ཎི་མགུར་མ་དང་བཛྲ་གུ་རུའི་དབྱངས་རྟ་དེ་དག་སྤྲོ་སེམས་འཁོལ་བའི་ངང་ལེན་ཅི་ཐུབ་བྱེད།

རྗེས་སུ་བྲག་འགོ་གླུ་གར་ཚོགས་པས་གཞས་མ་དྲག་འདེམས་ཀྱི་ཁྲོད་དུ་མོ་ཡང་བདམས་ཏེ་བགྲང་བྱ་གསུམ་གྱི་རིང་དེ་གར་གནའ་དེང་གི་གླུ་གར་ལ་སྦྱོང་བརྩོན་གྱི་ཞོར་དུ། བྲག་འགོ་རྫོང་གཙོས་ཁམས་ཁུལ་གྱི་རྫོང་འགའ་ཞིག་གི་དབྱར་སྐྱིད་གླིང་གར་ཆེད་མངགས་གདན་ཞུས་ལྟར།དམངས་ཁྲོད་ཀྱི་གླུ་དབྱངས(རྫ་ཆུ་ཁའི་འབྲོག་ གླུ)དང།(གཅེས་ཕྲུག་ཁ་དྲོ་བཀྲིས)ཟེར་བའི་གླུ་དབྱངས་སོགས་བླངས་ཏེ། ཀུན་གྱིས་ཁ་ནས་སྨོན་ཞིང་སེམས་ནས་རེ་བའི་གླུ་མ་ཞིག་ཏུ་གྱུར་པ་དང་ཆབས་ཅིག དཀར་མཛེས་ཁུལ་གྱི་གླུ་གར་ཚོགས་པར་ཞུགས། སྔ་ཕྱི་མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་སར་དགོང་ཚོགས་སུ་ཐེངས་དུ་མར་བཅར་ཏེ་རང་གི་སྙན་པའི་སྐད་ངག་དང་བབ་ཆགས་པའི་ལང་ཚོས་ལྟད་མོ་བ་ཀུན་ཡིད་དགའ་བའི་གསོས་སུ་བྱས།

བར་ལམ་ཞིག་ནས་མོ་ཉི་ཧོང་དང་སིང་གྷ་པོར་སོགས་སུ་སོང་སྟེ་སྲོལ་རྒྱུན་སྒྱུ་རྩལ་གྱི་ཟིལ་དངར་འཁྱིལ་ཅིང་། དམངས་ཁྲོད་ཀྱི་ཉམས་འགྱུར་མངོན་པར་གསལ་བ། མི་སེམས་འགུག་ནུས་པའི་མགུར་དབྱངས་འཐེན་ཏེ་མི་རིགས་གཞན་གྱིས་བོད་མིའི་སྲོལ་རྒྱུན་གླུ་དབྱངས་ལ་ཚད་མཐོའི་གདེང་འཇོག་ཐོབ་པར་བྱས།

ཉིས་སྟོང་དགུ་ལོར༼གླུ་ཡི་ལྷ་མོ༽ཟེར་བའི་ཆེད་སྒྲིག་བརྙན་འཁོར་ཐོག་མ་དེ་འགྲེམ་སྤེལ་བྱས་ཏེ་སྔར་བས་མཚན་སྙན་རྒྱས། དེ་དག་ལས་རང་ཡུལ་དྲན་པའི་གླུ་དབྱངས༼བྲག་འགོ་དྲན་གླུ༽ཟེར་བའི་གཞས་དེ་གླུ་བ་གྲགས་ཅན་ཀུན་དགའ་ཕུན་ཚོགས་དང་མཉམ་དུ་བླངས་པར།བོད་ཕྱི་ནང་གཉིས་ཀྱི་ཡུལ་གྲུ་ཀུན་ཏུ་རེ་ཞིག་གླུ་དབྱངས་དེ་ཁྱབ་པར་གྱུར།ཉིས་སྟོང་བཅུ་ལོར་ཁྲིན་ཏུའུར་ཁམས་པའི་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་སར་སྤྲོ་ཚོགས་སུ་ཞུགས།

ད་ལོར་ཀོ་ལིམ་བྷི་ ཡའི་བོད་ཀྱི་སྐད་ཡིག་ཚོགས་པས་གདན་ཞུས་ལྟར་ཨ་རིར་སོང་སྟེ་སླར་ཡང་དམངས་ཁྲོད་ཀྱི་གླུ་དབྱངས་དེ་དག་གིས་བཙན་བྱོལ་བོད་པ་རྣམས་ཀྱི་དྲན་ངོས་སུ་ཡོད་པའི་མཐོ་སྒང་གི་རྩྭ་ཐང་དང་གངས་རི་རྣམས་རེ་རེ་བཞིན་མིག་ལམ་དུ་བཤམས་པར་བྱས་པས་ལྟད་མོ་ བ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ།

མདོར་ན། གླུ་མ་སྐྱིད་བྱམས་ནི་བོད་ཀྱི་གླུ་གར་སྡིངས་ཆའི་སྟེང་ཁམས་བྲག་འགོ་ཡུལ་གྱི་དམངས་གླུ་ལེན་མཁན་གླུ་མ་ཐོག་མའི་གྲས་ཡིན་ལ། ལྷག་པར་དུ་མོའི་གླུ་དབྱངས་ཕལ་ཆེ་བ་བོད་མིའི་དམངས་ཁྲོད་ཀྱི་གླུ་ཡི་ཁོངས་སུ་གཏོགས་པས་མོ་ནི་བོད་ཀྱི་སྲོལ་རྒྱུན་གླུ་གཞས་རྒྱུན་འཛིན་པ་ཞིག་དང་། མི་རིགས་ཀྱི་ལར་ཞེན་ལྡན་པའི་གླུ་དབྱངས་ཞེ་གཅིག་ལེན་མཁན་ཞིག་ཡིན་པས། མོའི་གླུ་དབྱངས་རོལ་མྱོང་བྱེད་མཁན་ང་ཚོའི་ངོས་ནས་བཤད་ན་དེ་ནི་གླེང་རིན་ཡོད་པའི་མོའི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན་ནོ།

གླུ་མ་ཚེ་དབང་ལྷ་མོ།

གླུ་མ་ཚེ་དབང་ལྷ་མོ་ནི། ཕ་ཨ་སྐྱ་བུ་ཕྲུག་དང་མ་ཡ་མ་གཉིས་སུ་ཁམས་བྲག་འགོའི་ཡུལ་གྱི་ཚ་བ་ཞེས་པའི་གྲོང་སྡེ་རུ་སྐྱེས་ཤིང༌། ལྷན་སྐྱེས་ཀྱི་སྐད་ངག་རང་ཆས་སུ་མངའ། ནམ་རྒྱུན་ཞལ་ལས་སྤྲོ་འཛུམ་བཅོས་མིན་དུ་མངོན་པའི་ཕ་མ་གཉིས་ཀྱིས་འགྲོ་ཞོར་ འདུག་ཞོར་དུ་གླུ་དབྱངས་སྣ་ཚོགས་ལེན་པ་དེས། ཚེ་དབང་ལྷ་མོ་འབྱུང་འགྱུར་གླུ་གར་གྱི་སྡིངས་ཆའི་སྟེང་དུ་བུད་པའི་སྐུལ་འདེད་ཆེན་པོ་ཐེབས་ཤིང་། སློབ་གྲྭའི་ལྡུམ་ར་ལས་རང་གི་སྙན་མོའི་ངག་ལ་འོད་སྟོང་འཕྲོ་བའི་ཤེས་རིག་གི་འདབ་མ་སྤྲས། 2007 ལོར(ལྷ་སའི་རི་བོ་ཐང་ལྷའི)གླུ་གར་ཁང་དུ་འཛུལ་ཞུགས་ཀྱིས་གནའ་དེང་གླུ་གར་སྒྱུ་རྩལ་ལ་བྱང་ཆུབ་པའི་འབད་བརྩོན་བསྟེན་ཞོར། (ནག་ཆུ་སྐོར་བྲོ)ཟེར་བའི་བརྙན་སྡེར་ཐོག་མ་དེ་འགྲེམ་སྤེལ་བྱས་ཏེ་བོད་ཕྱི་ནང་གཉིས་ཀའི་བོད་མི་ཀུན་གྱི་ཐུགས་ངོས་སུ་བག་ཆགས་ཟབ་མོ་བཞག 2008ལོར་རྒྱ་ནག་ཁྲུང་ཆེན་ལྷོ་ནུབ་སློབ་གྲྭ་ཆེན་མོའི་རོལ་དབྱངས་སྡེ་ཁག་ཏུ་འཛུལ་ཞུགས་བྱས་ཏེ། གླུ་དབྱངས་འགྲན་བསྡུར་གྱི་བྱ་དགའ་ཨང་རིམ་གཉིས་པ་ཐོབ་ཅིང་། ལྷ་སར་ཝུན་ཁྲོན་ས་འགུལ་རོགས་སྐྱོར་གླུ་དབྱངས་ཚོགས་པར་ཞུགས།

2009 ལོར་ཕུ་བོ་པདྨ་དང་མཉམ་དུ་མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་སར་དགོང་ཚོགས་སུ༼སྐུ་མགྲོན་དགའ་བསུ༽ཟེར་བའི་གླུ་དབྱངས་དང། 2010 ལོར་ཁྲིན་ཏུའུར་ཡུལ་ཤུལ་ས་འགུལ་རོགས་སྐྱོར་ཚོགས་པར་ཞུགས་ཏེ་ཡུལ་ཤུལ་གནོད་ཐེབས་མི་མང་ཡོངས་ལ་སེམས་གསོའི་གླུ་དབྱངས༼སྙིང་སྟོབས་དགོས༽ཞེས་པ་དེ་བླངས། 2011 ལོར་མགོ་ལོག་ཁུལ་བོད་ཀྱི་མུ་འབྲེལ་རིག་རྩལ་སྤྲོ་ཚོགས་ཆེན་མོ་རུ་མཉམ་གཞས༼ མཐུན་སྒྲིལ་གྱི་རང་སྒྲ༽དང་། ཁེར་གཞས༼བོད་མིའི་བླ་སྲོག༽ཅེས་པའི་གླུ་དབྱངས་བླངས་ཏེ་རང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་ལ་བཅངས་པའི་བརྩེ་སེམས་རྣལ་མའི་ཟིལ་དངར་དེ་བོད་མི་ཀུན་གྱི་རྣ་བའི་བཅུད་དུ་བསྙིལ། མོའི་གླུ་དབྱངས་སྔ་ཕྱི་བསྡོམས་པའི་བཅུ་ཕྲག་གཅིག་ལྷག་ཡོད་པ་ལས། སྐད་ཡིག་བླ་འབོད་ཀྱི་གླུ་དབྱངས༼བོད་མིའི་བླ་སྲོག༽དང་།  ༼གསེར་སེར་པོའི་གོང་ན་གསེར་ཞིག་ཡོད༽

ཟེར་བ་གཉིས་དང། བརྩེ་དུང་གི་རོ་བཅུད་འཁྱིལ་བའི་གླུ་དབྱངས༼རྨི་ལམ་ནང་གི་བུ་ཆུང༽དང།  ༼རྟེན་འབྲེལ།༽ ༼དྲན་གླུ༽ཟེར་བ་གསུམ་དང།  མཐོ་སྒང་གི་རི་ལུང་ཐང་གསུམ་ལ་བསྔགས་པའི་གླུ་དབྱངས༼སྐུ་མགྲོན་དགའ་བསུ༽དང་། ༼ གངས་ལྗོངས༽ཟེར་བ་དང་གཉིས། ལ་རྒྱའི་དཔུང་ཤེད་འདེགས་པའི་གླུ་དབྱངས༼མེས་པོའི་གཟི་བརྗིད༽དང།  དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་གླུ་དབྱངས༼ནག་ཆུའི་སྐོར་བྲོ) དང་།  ༼གནས་ཆེན་པོ༽ ༼ཆང་གཞས༽སོགས་ཡོད་ལ།

དེ་དག་ལས་ཀུན་གྱི་ཡིད་དབང་འཕྲོག་ཅིང་རྣ་བར་སྙན་པའི་གླུ་དབྱངས་ནི༼བོད་མིའི་བླ་སྲོག༽དང་།  ༼གསེར་སེར་པོའི་གོང་ན་གསེར་ཞིག་ཡོད༽ཟེར་བ་གཉིས་ཡིན་ལ། དེ་གཉིས་ནི། བལྟས་ན་བཅོས་མིན་འཇོ་སྒེག་གི་ཉམས་འགྱུར་མཛེས་ཤིང། ཉན་ན་གྲིམ་ལྷོད་ཀྱི་གདངས་དབྱངས་སྙན་པ། བསམ་ན་སྐུལ་སློང་གི་ངར་ཤུགས་ཆེས་ཆེར་ལྡན་པའི་གླུ་དབྱངས་གཉིས་ཡིན་པ་དང། ཉེ་ཆར་ཨ་རི་ནས་གླུ་དབྱངས་གསར་པ༼མེས་པོའི་གཟི་བརྗིད༽ཅེས་པ་དེ་བླངས་ཡོད་ལ། ཨ་རི་ནས་ཚུར་ཕ་ཡུལ་དུ་ལོག་མ་ཐག་གཞས་སྣ་བཅུ་གསུམ་གྱིས་གྲུབ་པའི་༼གངས་རིའི་བུ་མོ༽ཟེར་བའི་ཆེད་སྒྲིག་བརྙན་འཁོར་དེ་འགྲེམ་སྤེལ་བྱས་ཤིང་ད་ལྟ་བརྙན་འཁོར་དེ་བོད་ཁམས་ཡོངས་སུ་ཁྱབ་བཞིན་མཆིས།

མོ་ནི་བོད་ཀྱི་གླུ་གར་སྒྱུ་རྩལ་སྟེང་ནས་བོད་མི་རིགས་ཀྱི་སྐད་ཡིག་ལ་སྐུལ་ལྕག་གཏོང་མཁན་དང་། བོད་ཀྱི་གླུ་དབྱངས་དེང་རབས་ཅན་དུ་ཁ་ཕྱོགས་པར་ཆར་པ་ཆུ་གྲོགས་ཀྱི་ཚུལ་དུ་རོགས་དན་བྱེད་པའི་གླུ་མ་ཞིག་ཀྱང་ཡིན་པས། ང་ཚོས་སེམས་གཏིང་ནས་མོའི་བབ་ཆགས་པའི་ལང་ཚོའི་ཟིལ་ཤུགས་དང་སྙན་འཇེབས་ཀྱི་གྲེ་འགྱུར་བཅས་དབྱར་གྱི་མཚོ་ཆེན་ལྟར་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་བརྒྱ་ཕྲག་ཞུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (12)
12 ༠༤༢༠༡༧༠༢༠༦
བླ་མ་བྱམས་པ།
ཧ་ཅང་ཡག་པོ་གླུ་མ་གཉིས་རེད། ཁོང་གཉིས་བོད་ཕྱི་ལ་གཞས་གཏོང་དུ་སྐད་བཏང་ན་སུ་ལ་འབྲེལ་བ་བྱེད་དགོས་སམ། དེ་སུས་ཤེས་ན་ངོ་སྤྲོད་གནང་རོགས་ཞུ།
11 ༠༤༢༠༡༧༠༢༠༡
ཇོ་མོ།
མི་ཡག་གི
གླུ་མ་གཉིས་དངོས་མཇལ་ལྟར་གླུ་གཞས་རིགས་ཕེགས་སི་བུགས་དང་ཝི་ཅར་སོགས་ལ་གནང་ན་ཐུགས་རྗེ་ཞུ་རྒྱུ་ཡིན།
9 ༡༨༢༠༡༤༡༡༥༥
ཅི་བསམ་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ་
8 ༡༠༢༠༡༤༠༣༤༥
གཞས་མ་ཚེ་དབང་ལྷ་མོ་ལགས་ནས་སྔོན་ཆད་ཡིནའང་བོད་མི་རིགས་གི་ཆེད་ལ་རྒྱའི་གླུ་གཞས་མང་པོ་ཕུལ་ཡོད་པ་རེདད་དུང་གང་མང་ཕུལ་བའི་རེ་བ་ཡོད་གང་ལ་ཟེར་རང་མི་རིགས་གི་གཞོན་སྐྱེས་རྣམས་ཀྱི་སེམས་ལ་ཕན་པོ་འདུག་ བཀའ་དྲིིན་ཆེ་ བཀྲིས་བདེ་ལེགས་
7 ༡༧༢༠༡༤༡༡༥༨
ཐུགས་རྗེ་ཆེ་ཞུ།
6 ༡༧༢༠༡༤༡༡༥༥
བཀའ་དྲིན་ཆེ



ཐུགས་རྗེ་ཆེ་ཞུ།
5 ༡༧༢༠༡༤༡༡༥༢
བཀའ་དྲིན་ཆེ
4 ༡༧༢༠༡༤༡༡༤༨
ཁྱེད་ཀྱི་གཞས་ལ་དགའ་ཤུས་ཡིན་
3 ༠༤༢༠༡༣༠༡༡༠
གོང་གི་གླུ་མ་གཉིས་ཀྱི་ངོ་སྤྲོད་གནང་བ་བཀའ་དྲིན་ཆེ་།
2 ༢༤༢༠༡༢༠༡༣༠
དེ་རིང་འདིར་གླུ་མ་ཚེ་དབང་ལྷ་མོའི་ལོ་རྒྱུས་དང་ཕ་ཡུལ་སོགས་གསལ་པོ་བཀོད་འདུག་པ་དགའ་བསུ་ཞུ། གང་ལགས་ཤེ་ན། ཁ་ཅིག་གིས་ཚེ་དབང་ལྷ་མོ་ཨ་མདོ་རེད་ཟེར་བ་དང་། ཡང་ཁ་ཅིག་གིས་རྫ་ཆུ་ཁ་ནས་རེད་ཟེར་བ་སོགས་དངོས་གནས་མ་ཡིན་པའི་གནས་ཚུལ་མང་དག་ཅིག་བཤད་མཁན་འདུག་པས་གནས་ཚུལ་འདི་དུས་ཐོག་ཆར་པ་རང་རེད། ཐུགས་རྗེ་ཆེ།
གཞས་མ་འདི་གཉིས་ལས་གཞན་ད་དུང་ལྷན་སྐྱེས་ཀྱི་སྐད་ངག་ལྡན་ཞིང་།
རིག་ཞེན་གྱི་ལ་རྒྱ་ཡོད་པའི་གཞས་པ་གཞས་མ་གང་མང་ཞིག་གིས། བོད་མི་
རིགས་ཀྱི་བདེ་སྡུག་གླུ་རུ་བླངས་ནས་མི་རིགས་ལ་ཞབས་ཞུ་སྒྲུབ་བཞིན་
ཡོད་པ་དེ་ཚོ། རྗེས་མར་རེ་རེ་བཞིན་ཁོ་ཚོར་བོད་ཀྱི་ཞི་བའི་འཐབ་རྩོད་
ལ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་དང་། ལོ་རྒྱུས་ཐུང་ངུ་རེ་བཀོད་ན་
ཐུབ་པ་བྱུང་ན་འགྲིག་འདུག་བསམ་བྱུང་།



བརྗོད་གཞི་གཞན་ཁག་ལ་གཟིགས།