བཀའ་ཁྲིའི་སྐུ་སྲུང་སྐོར་གྱི་ཁྲིམས་ལུགས་གསར་པ།

བཀའ་ཁྲིའི་སྐུ་སྲུང་གི་ཁྲིམས་ལུགས་དེ་བློ་བཟང་སེང་གེའི་ཆེད་དུ་མིན།

བཀའ་བློན་ཁྲི་པའི་སྐུ་སྲུང་སྐོར་གྱི་ཁྲིམས་ལུགས་གསར་པ་གཏན་ལ་ཕབ་ཐུབ་པ་བྱུ་རྒྱུ་ནི་གྲོས་ཚོགས་འདིའི་མཛད་འགན་ཐོག་མའི་གྲས་ཤིག་ཡིན་པ་དང་། གུང་ཁྲན་ལ་བོད་མི་རིགས་དེ་ལས་སླ་པོས་ནག་བསུབ་གཏོང་མི་ཐུབ་པར་ཉམས་མྱོང་ཐོབ་ཡོད་རུང་བཀའ་བློན་ཁྲི་པ་ཁྱུར་མིད་གཏོང་རྒྱུར་དཀའ་ཚེགས་ཆེ་གྲས་སུ་ད་རུང་བརྩིས་མེད་པ་འདྲ། འཛམ་གླིང་ནང་གི་མཁས་པ་དང་ཆེད་མཁས། མཁས་དབང་སོགས་རིག་རྩལ་ཆེས་ཕུལ་དུ་ཕྱིན་པ་ཡིན་ཡང་རང་ཉིད་ཀྱིས་རང་ཉིད་རྟོག་དཔྱོད་ཀྱི་ཐད་ནས་ཆུ་ཚད་མཐོ་པོ་མིན་པ་ལྟར།  སྤྱི་སྒེར་གཉིས་ཀས་དོ་བདག་རང་ཉིད་ཀྱིས་སོ་སོར་ཚད་འཛིན་ཆེ་དྲག་པ་དང་། ཡང་ན་ཚོད་དཔག་ཆུང་སོང་བ་ཤ་སྟག་རེད།  བོད་པས་ཀྱང་སོ་སོའི་སྒྲིག་འཛུགས་ཆེ་ཕྲ་ཆུང་གསུམ་གྱི་གོང་ཚད་དེ་ཏག་ཏག་བསམ་མི་ཐུབ་པ་དང་སྐབས་འགར་མཐོང་ཆུང་ཤོར་བའམ་ཆེད་དུ་མཐོང་ཆུང་བྱས་པའི་གནས་ཚུལ་ཡང་ཐོན་མྱོང་། ངེས་པར་དུ་བོད་པ་རང་ཉིད་ཀྱིས་རང་ཉིད་སྲུང་སྐྱོབ་ཐུབ་པའི་ཁྲིམས་ལུགས་དང་སྒྲིག་ལུགས་འཐུས་ལྡན་དགོས་ཤིང་།  སྒྲིག་འཛུགས་དང་ཁྲིམས་ཡིག་གཉིས་ཀའི་ཐོག་ནས་བཀའ་བློན་ཁྲི་པའི་སྐུ་སྲུང་སྐོར་ལམ་ཁ་གསར་པ་ཞིག་དགོས་པ་དང་། དེའི་འགན་དང་ཁྲིམས་བཟོའི་ལག་ལེན་གཉིས་ཀ་བོད་མི་མང་སྤྱི་འཐུས་རྣམ་པའི་ཕྱག་ཏུ་ཡོད་པ་ཞིག་རེད། རྒྱ་གར་ཡིག་ཆེའི་ནང་༸གོང་ས་༸ཡིད་བཞིན་ནོར་བུའི་སྐུ་སྲུང་གོ་སྒྲིག་སྐོར་གྱི་གཞུང་འབྲེལ་སྐུ་སྲུང་ཚན་པ་དེའང་སྤྱིར་བོད་མི་སྐྱབས་བཅོལ་བ་ཡིན་པ་དང་། ༸གོང་ས་༸ཡིད་བཞིན་ནོར་བུ་མཆོག་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་དམ་འགན་འཛིན་ཡིན་པས་མཚན་མཐོང་དེའི་ཐོག་ནས་ཡིན་སོང་སྙམ་པ་ཞིག་བྱུང་།

འདི་ལོའི་སྤྱི་ཟླ་༧ ཚེས་༢༠ ཡས་མས་ཤིག་ལ་ཕྲན་བྷཱངགཱ་ལོར་གྲོང་ཁྱེར་དུ་ཕྱིན་པ་ཡིན། ལམ་བར་ནས་ཀཱར་ནཱ་ཊྲ་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཤྲིའི་ཛྙུ་ཛྙུ་ཞེས་པ་ཁོང་གིས་བོད་ཀྱི་དབུ་འཁྲིད་ལ་འགྱུར་བ་འགྲོ་ཕྱོགས་ཐད་དྲི་མང་པོ་ཞིག་གནང་བ་དང་མཐོ་རིམ་སློབ་ཕྲུག་འོད་ཟེར་དང་མཚོ་མོ་གཉིས་ཀྱིས་སྐད་བསྒྱུར་བྱས་པ་རེད། དྲི་བ་འགའ་ཞིག་བློ་བཟང་སེང་གེའི་སྐུ་སྲུང་སྐོར་རེད་འདུག དེའི་ཐད་ངས་ལན་ཡག་པོ་ཞིག་རྙེད་མ་སོང་། ཁོང་གིས་མུ་མཐུད་དེ། ༸གོང་ས་༸ཡིད་བཞིན་ནོར་བུ་མངའ་སྡེ་འདིར་ཕེབས་པའི་སྐབས་ཤིག་ལ། ས་གནས་སྐུ་སྲུང་པའི་ནང་རྩོད་རྙོག་ཕྲན་བུ་བྱུང་ཏེ་ཁོང་གི་ཉེ་འབྲེལ་གྱི་བདེ་སྲུང་བ་ཞིག་ལ་དཀའ་ངལ་འཕྲད་པའི་སྐོར་ཞིག་གསུང་པ་དང་། སྐབས་དེར་རྒྱ་གར་གཞུང་གིས་༸གོང་ས་༸ ཡིད་བཞིན་ནོར་བུའི་སྐུ་སྲུང་གོ་སྒྲིག་གནང་ཕྱོགས་སྐོར་དོ་སྣང་ཆེན་པོ་བྱས་པ་ཡིན་གསུང་སོང་། ངས་གསལ་པོ་ཞིག་དྲན་མ་སོང་ཡང་། ཁོང་གིས་གསུང་ན། རྒྱ་གར་གཞུང་འབྲེལ་གྱིས་སྲུང་སྐྱོབ་གོ་སྒྲིག་གནང་སྟངས་ཐད། ཆོས་ལུགས་གང་ཡང་རུང་བ་ཞིག་གི་དབུ་འཁྲིད་དང་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་པའི་ཆ་ནས་མ་རེད། ཅེས་སོགས་མང་པོ་ཞིག་གསུང་ཏེ་ཕལ་ཆེར་རྒྱ་གར་གྱི་ཡིག་ཆའི་ནང་བོད་མི་རྣམས་སྐྱབས་བཅོལ་བ་ཡིན་པ་དང་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་དམ་འགན་འཛིན་ཡིན་པས་མཚན་མཐོང་དེའི་ཐོག་ནས། ༸གོང་ས་༸ཡིད་བཞིན་ནོར་བུའི་སྐུ་སྲུང་ཚན་པ་གྲ་སྒྲིག་གནང་འདུག་སྙམ་པ་ཞིག་ཚོར་སོང་། སྐད་བསྒྱུར་བས་གོ་བ་དང་འགྲེལ་བཤད་ནོར་ཡོད་མེད་ངས་ཤེས་ཀྱི་མེད། གང་ལྟར་བཙན་བྱོལ་སྒྲིག་འཛུགས་ཀྱི་འགན་འཛིན་ཡིན་པའི་ཆ་ནས་ཡིན་ན། འདི་ནས་བཟུང་བཀའ་ཁྲི་སུ་ཡིན་རུང་དེའི་བདེ་འཇགས་སྲུང་སྐྱོབ་སྐོར་རྒྱ་གར་གཞུང་ལའང་ཞུ་ས་མེད་པ་ཡིན་ཚོད་མི་འདུག

དགོས་ངེས་ཀྱི་བཀའ་ཁྲིའི་ཉེན་སྲུང་ཚན་པ་དེ་གནས་སྟངས་གཞན་ཞིག་ནས་བསམ་བློ་གཏོང་དགོས་ཏེ། ༸གོང་ས་༸ཡིད་བཞིན་ནོར་བུའི་སྐུ་ཕྱཱའི་སྲུང་སྐྱོབ་ཐད། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་དབུ་འཁྲིད་རྣམ་པའི་སྲུང་སྐྱོབ་ཀྱི་གནས་སྟངས་དང་གཏན་ནས་མི་འདྲ་བའི་གནས་ལུགས་གཉིས་འགྲེལ་བཤད་རྒྱག་ཐུབ། གཅིག་ནི་དད་པའི་ཆ་ནས་རེད། སྤྱིའི་ཆ་ནས་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་དང་ནང་བསྟན་ཆོས་ལུགས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ཅིག་ཡིན་པ་ལ་བརྟེན་ནས་ཆེད་གཉེར་སྐུ་སྲུང་ཕུད། གསུང་ཆོས་རྭ་བའི་མི་ཡོངས་རྫོགས་དད་པའི་དབང་གིས་རྒྱབ་གཅིག་འཆོང་གཅིག་གི་སྐུ་སྲུང་པ་ཤ་སྟག་ཡིན། ཅེས་བཤད་ན་བརྒྱ་ཆའི་གྲངས་ཆུང་རེ་གཉིས་མ་གཏོགས་རྫུན་འཆལ་ཆགས་མི་སྲིད། གཉིས་ནི་༸མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་རང་གཤིས་ཀྱི་ཆ་ནས་རེད། ཞི་བའི་རྣམ་འགྱུར་དེས་ཕ་རོལ་པོའི་དགྲ་འཛིན་ཞི་བའི་རྣམ་པ་ཕྱིར་མངོན་མིན་ལ་མ་ལྟོས་པར་དོན་དངོས་སུ་ལུས་ངག་ཡིད་གསུམ་གནས་སྐབས་དབང་མེད་ཞི་དུལ་དུ་གྱུར་བཞིན་པ། དཔེར་ན། གུང་ཁྲན་གྱིས་གཡོ་འགུག་བྱས་པའི་རང་གཞན་ཕྱོགས་གཉིས་ཀའི་ལྐོག་རྒོལ་བ་ཆེས་མང་པོ་ཞིག་༸མགོན་པོ་གང་ཉིད་དང་མཇལ་ཙམ་གྱིས་གནོད་འགྱུར་གྱི་ལས་དོན་རང་ཡལ་དུ་ཕྱིན་པ་རྣམས་མིག་གིས་མཐོང་སའི་དཔེ་མཚོན་ཞིག་ཡིན། དེ་ལྟར་ད་ལྟ་དང་མ་འོངས་པའི་བོད་ཀྱི་ཆབ་སྲིད་འགན་འཛིན་མཆོག་ལ་གོང་གསལ་དོན་ཚན་གཉིས་པོའི་ཁྱད་ཆོས་ཀྱི་ཕྱོགས་སུ་བསམ་བློ་གཏོང་དཀའ་བས།  ས་མཚམས་གཞན་ཞིག་དང་གནས་སྟངས་ཁ་ཁ་བྱས་ནས་སྐུ་སྲུང་གི་ལས་འཆར་སྐོར་གྱི་ཁྲིམས་ཡིག་ལ་དོ་ནན་གཏིང་ཟབ་བྱེད་དགོས་ཀྱི་འདུག དེས་ན་༸གོང་ས་༸ཡིད་བཞིན་ནོར་བུའི་སྐུ་ཕྱཱའི་ལྷིང་འཇགས་ནི་སྐུ་སྲུང་པ་རྒྱ་གར་དང་བོད་ཕྱོགས་ཀྱི་སྡེ་ཚན་གཉིས་གཅིག་པུས་འཇོན་ཐང་མིན་པ་གནས་ལུགས་གཉིས་འགྲེལ་བཤད་བྱས་པ་དེ་རེད།

ད་ཡོད་༸གོང་ས་༸ཡིད་བཞིན་ནོར་བུའི་སྐུ་སྲུང་པ་རྒྱ་གར་དང་བོད་ཕྱོགས་ཀྱི་སྡེ་ཚན་གཉིས་ཀ་ཕུད། བཀའ་བློན་ཁྲི་པ་འདི་ནས་བཟུང་མ་འོངས་པའི་བཀའ་ཁྲིའི་བདེ་སྲུང་ཐད་བོད་དང་རྒྱ་གར་གྱི་ཕྱོགས་གཉིས་ཀས་སྲུང་སྐྱོབ་ཇི་ཙམ་བྱེད་ཐུབ་བམ། དུས་རབས་འདི་ནི་བོད་ལ་མཚོན་ན། མི་རབས་གསར་པ་དང་དབང་བསྒྱུར་གསར་པ། ཆབ་སྲིད་གསར་པ་དང་ཁྲིམས་ལུགས་གསར་པའི་དུས་ཚོད་ཅིག་ཡིན་སྟབས། བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་དམ་འགན་འཛིན་ལ་སྐུའི་ཉེན་སྲུང་སྐོར་གྱི་ཁྲིམས་ལུགས་ཤིག་མེད་ན། ཁྲིམས་བཟོ་ལྷན་ཚོགས་ཀྱིས་འགན་མ་ཁུར་བ་རེད་ཅེས་ཞུ་མི་ཐུབ་ཀྱང་བོད་ཀྱི་ཁྲིམས་ལུགས་དེ་ཡོངས་སུ་ཆ་མ་ཚང་བ་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་གྱིས་ཁ་གྲག་པ་ཞིག་ཡིན། འཁྲུག་ཆ་དོད་པའི་བོད་དང་གུང་ཁྲན་འཐབ་འཁྲུགས་འདིའི་རྒྱལ་ཁ་སུ་འཐོབ་མ་ངེས་པ་དང་གུང་ཁྲན་གྱི་འཐབ་རྒོལ་དེ་ངོ་ལྐོག་བརྒྱུད་གསུམ་དང་གཡོ་སྒྱུ་ཁྲམ་གསུམ་ལྡན་པ་ཞིག་ཡིན་དུས། ང་ཚོའི་རླབས་ཆེན་གྱི་སྣེ་འཁྲིད་པ་བློ་བཟང་སེང་གེའི་སྐུའི་བདེ་འཇགས་སྐོར་སྣང་མེད་འཇོག་མི་ཤེས་པ་ཞིག་ཆགས་ཡོད། གྲོས་ཚོགས་རྙིང་པ་ལྟར་ཉལ་འཐབ་འཁྲིག་འཐབ་དང་ཟས་རྩོད་འཐུང་རྩོད་བརྒྱབ་ནས་མི་སྡོད་པར། འཐུས་ཚོགས་གསར་པས་གཟི་བརྗིད་ལྡན་པའི་གྲོས་ཚོགས་ཀྱི་ཞབས་སྟེགས་ཐོག ཁྲིམས་བཟོ་བ་དང་སྤྱི་འཐུས་མཚན་ཉིད་ཚང་བ་ཞིག་མཛད་རྒྱུར་ནན་སྐུལ་ཞུ་རྒྱུ་དང་། མང་ཚོགས་ཀྱི་ངོས་ནས་ཤེས་གོ་དོན་གསལ་བྱས་ཏེ་བླ་ན་མེད་པའི་བཅའ་ཁྲིམས་རིན་པོ་ཆེར་ཉམས་ལེན་བྱ་རྒྱུར་ཐེ་ཚོམ་མི་དགོས་པ་ཞིག་ཡིན། ལྷག་པར་དུ་བོད་ཀྱི་བཀའ་བློན་ཁྲི་པའམ་སྲིད་སྐྱོང་བ། བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་དམ་བོད་ཀྱི་འགན་འཛིན་ཁྲི་པ་མཆོག་གི་སྐུའི་ཉེན་སྲུང་སྐོར་གྱི་ཁྲིམས་ལུགས་གསར་པའི་སྐྱ་རེངས་ཤིག་ལ་རེ་མདུན་ཟབ་མོས་ངང་བསྒུགས་བྱེད་བཞིན་པ་ཡིན།

སེར་སྨད་བློ་དགའ་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བསམ་ཚུལ་གནས་ལུགས་དང་མཐུན་འདུག་



བརྗོད་གཞི་གཞན་ཁག་ལ་གཟིགས།