བོད་མཐོ་སྒང་གི་མཛེས་སྡུག་ལྡན་པའི་དགུན་དུས་ཀྱི་རྣམ་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༢༢ཉིན། མདོ་དབུས་མཐོ་སྒང་ནི་འཛམ་གླིང་འདིའི་ཡང་རྩེར་གནས་བའི་མཛེས་སྡུག་ལྡན་པའི་རང་བྱུང་ཁུལ་ཞིག་ཡིན་ལ།  མཐོ་སྒང་འདི་རུ་ཁྱད་དུ་འཕགས་པའི་བདག་མེད་སྲོག་ཆགས་དང་རིན་ཆེན་གཏེར་རྫས་སོགས་སྣ་མང་འཛོམས་ཡོད་པས་ཀུན་གྱི་ཡིད་དབང་འཕྲོག་པའི་གནས་ཤིག་ཆགས་ཡོད།

མཐོ་སྒང་འདི་ལ་མཚོན་ན་དུས་བཞིའི་དབྱེ་བ་མངོན་གསལ་དོད་པོ་ཡིན་པ་ལྟར།  དཔྱིད་དུས་སུ་མཁའ་དབུགས་གསར་བའི་ལྷགས་རླུང་ཁྲོད་ནས་མྱུ་གུ་གསར་བ་འབུས་ཏེ། མཛེས་སྡུག་གི་རང་བྱུང་ཁོར་ཡུག་ཁྲོད་ནས་བྱ་བྱེའུ་འབའ་འབུ་སོགས་ལ་རང་དབང་གི་འཚོ་བ་ཞིག་བསྐྲུན་ཐུབ།    དབྱར་དུས་སུ་ཡུལ་ཕྱོགས་གཞན་དང་མི་འདྲ་བར་སྔོ་ལྗང་གི་སྤང་ཐང་དེ་རུ་མེ་ཏོག་སྣ་ཚོགས་ལྷམ་མེར་བཞད་དེ་དྭངས་གཙང་གི་མཁའ་དབུགས་འབྱིན་རྔུབ་བྱེད་ཐུབ་པ་དང་།  མི་དང་སྲོག་ཆགས་ཐམས་ཅད་ལ་བསམ་ཡུལ་ལས་འདས་པའི་སྤྲོ་སྐྱིད་དང་དགའ་སྣང་ཞིག་སྟེར་ཐུབ།  དེའི་མ་ཚད་སྟོན་ཁའི་དུས་སུའང་སྡོང་ལོ་སེར་བོ་ས་ལ་ཟགས་པའི་སེར་ལམ་ལམ་གྱི་ཁོར་ཡུག་དེ་ནི་མིག་ལ་མཛེས་ཤིང་ཡིད་དབང་འཕྲོག་པར་བྱེད།  འོན་ཀྱང་མཐོ་སྒང་འདི་རུ་དགུན་དུས་སུ་གཞན་དང་མི་འདྲ་བར་གནམ་གཤིས་ཧ་ཅང་འཁྱགས་པའི་རྐྱེན་གྱིས་ཡུལ་སྐོར་སྤྲོ་འཆམ་པ་དང་ཚོང་ལས་ཀྱི་རིགས་གཉེར་མཁན་ཉུང་དུ་འགྲོ་བཞིན་ཡོད་ལ།  དུས་ཚིགས་དེར་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་དག་ཀྱང་གནས་སྤོས་ཏེ་དྲོད་གྲང་སྙོམ་པའི་ཡུལ་ལུང་འགྲིམས་ཀྱིན་ཡོད།

ལོ་རེའི་ཕྱི་ཟླ་བདུན་པ་ནས་དགུ་བའི་བར་རྒྱ་ནག་གི་ནུབ་ཕྱོགས་ནས་མཐོ་སྒང་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མང་བའི་ཆུ་ཚོད་ཤིག་ཡིན་པ་དང་།  མི་རྣམས་ཀྱིས་དུས་ཚིགས་དེར་སྒུག་སྟེ་རང་ཉིད་སྤྲོ་སྣང་དང་སེམས་བག་ལྷོད་དུ་གནས་ཐུབ་པའི་དུས་ཡག་ཤོས་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད།    གནམ་གཤིས་ཧ་ཅང་བཟང་བའི་དུས་སྐབས་དེར་ཁོར་ཡུག་དང་ལྷགས་རླུང་གཙང་མ་ཡོད་ལ།   མཐོ་སྒང་དེར་གཞན་དང་མི་འདྲ་བའི་སྔོ་ལྗང་ལྡན་པ་མ་ཚད་བོད་པའི་ཞོ་སྟོན་དུས་ཆེན་གྱི་དགའ་སྟོན་བྱེད་པའི་དུས་ཤིག་ཀྱང་ཆགས་ཡོད།  སྐབས་དེར།  མི་རྣམས་ཀྱི་མཆོད་འབུལ་བྱེད་པ་དང་རྟ་དང་གཡག་ལ་ཞོན་ཏེ་བང་རྩལ་འགྲན་པ་སོགས་ཀྱི་དབྱར་དུས་ཀྱི་དགའ་སྟོན་རྒྱ་ཆེན་བྱེད་བཞིན་ཡོད། དེ་ལས་ལྷག་པའི་མཐོ་སྒང་གི་དགའ་སྟོན་རྒྱ་ཆེ་ཤོས་དེ་ནི་ལོ་སར་ཡིན་ལ་འདི་ལོའི་ལོ་སར་དེ་ཕྱི་ལོ་༢༠༡༢ལོའི་ཟླ་༣པའི་ཚེས་༥ལ་ཁེལ་ཡོད་འདུག

དགུན་དུས་ཀྱིི་ནམ་ཟླ་དེར་འབྲོག་པ་ཚོས་རང་ཉིད་ཀྱི་ཁྱིམ་གཞི་གནས་སྤོར་བྱེད་པ་དང་བོད་རིགས་མི་མང་གིས་སོ་སོའི་ཐུན་མོང་མ་ཡིན་པའི་རྒྱན་སྤྲས་བྱས་ཏེ་འབག་ཆས་དང་འཁྲབ་ཆས་གྱོན་པ་སོགས་མི་རིགས་ཀྱི་ལོ་རྒྱུས་ལྡན་པའི་ཡུལ་སྲོལ་གོམས་གཤིས་ཁྲོད། མི་གཞན་ལ་བག་ཆགས་ཟབ་མོ་ཞིག་འཇོག་བཞིན་ཡོད་ལ་དགའ་སྟོན་དུས་ཆེན་གྱི་འཚོ་བ་གསར་བ་ཞིག་ཀྱང་སྐྱེལ་བཞིན་ཡོད་པ་རེད།  དགུན་དུས་དང་ཡང་ན་དམིགས་བསལ་གྱི་ལོ་སར་དུས་ཚོད་དེར་ཚོང་ལས་དང་རྙོག་འཛིང་ཆེ་བའི་བྱ་བ་གང་ཡང་མི་སྒྲུབ་པར་ནང་མི་ལྷན་འཛོམས་ཀྱིས་གནམ་ལོ་གསར་བ་ཕར་སྐྱེལ་བཞིན་ཡོད།

མདོ་དབུས་མཐོ་སྒང་གི་ས་ཆ་ལ་ལར་དགུན་དུས་ཀྱི་གནམ་གཤིས་དེ་འདྲའི་གྲང་མོ་མེད་པ་དཔེར་ན།  ལྷ་ས་ལྟ་བུར་མཚོན་ན་དུས་ཚིགས་དེར་གནམ་གཤིས་དྲོད་ཚད་གོར་ཐིག་ཡན་གྱི་ཚད་རིམ་༡༠ནས་༡༥བར་ཡིན་ལ།  སྔ་དགོང་གཉིས་སུ་དྲོད་ཚད་གོར་ཐིག་མན་གྱི་ཚད་རིམ་༥ཡི་འོག་ཏུ་ཆགས་ཡོད་པས་ཡུལ་སྐོར་སྤྲོ་འཆམ་པ་མང་བོ་ཡོང་ཐུབ་པའི་དགུན་དུས་ཀྱི་གནས་ཤིག་ཆགས་ཡོད་པ་རེད།

བོད་མི་ནི་མང་ཆེ་ཤོས་ཞིང་པ་དང་ཕྱུགས་ཟོག་ལ་བསྟེན་ནས་འཚོ་གནས་བྱེད་ཀྱི་ཡོད་ལ་གནམ་གཤིས་ཅི་འདྲའི་འཁྱགས་རུང་ཁོང་ཚོས་དེ་ལ་བཟོད་བསྲན་དང་ཁ་གཏད་གཅོག་ཐུབ་ཀྱི་ཡོད།   རྒྱུན་དུ་ལོ་རེར་རང་ཉིད་ཀྱི་དྲོད་སྐྱིད་ལྡན་པའི་ཁྱིམ་གཞི་དེ་རུ་གནམ་ལོ་གསར་བར་རེ་སྒུག་བྱས་ཏེ་ཀུན་ལ་སྤྲོ་སྣང་དང་བཀྲ་ཤིས་ཁ་གཡང་སྒྲོག་པ། དེ་བཞིན་ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་བོ་ལ་སྦྱིན་པ་གཏོང་བ་སོགས་ཀྱི་དགེ་བའི་ལས་ལ་འབད་བཞིན་ཡོད་པ་ལྟར།  བྱམས་སྙིང་རྗེ་ལྡན་པའི་འཛམ་གླིང་འདིའི་ཡང་རྩེར་གནས་བའི་གཞུང་དྲང་གི་མི་རིགས་ཤིག་ཡིན།  ཞེས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཤིན་ཧྭ་ཡི་གསར་འགོད་པ་ཡའོ་མཱན་ཅི་(Yao Manji) ཡིས་བྲིས་འདུག

འདི་ནི་ཡག་རྟགས་ཤིག་མིན་པར་ཁྱད་དུ་འཕགས་པའི་བོད་ཀྱི་རིག་གཞུང་འདི་ལྟར་ཉམས་རྒུད་དུ་གཏོང་བ་དང་བོད་ཀྱི་མཛེས་སྡུག་ལྡན་པའི་ས་ཆ་སོགས་ངོ་སྤྲོད་བྱས་ཏེ་ལས་མེད་ཀྱི་རྒྱ་མི་མང་པོ་བོད་དུ་གནས་སྤོ་བའི་རྒྱ་ནག་གི་ཐབས་ཤེས་ཉག་ཅིག་ག་ལ་མིན།  རང་རེའི་བོད་མི་རིགས་ཀྱི་ལས་ཀ་དང་སྲོལ་རྒྱུན་རིག་གནས་སོགས་རྒྱ་གཞུང་གིས་རྩ་མེད་དུ་བཏང་བར་བརྟེན་བོད་རིགས་མི་མང་རང་ཡུལ་དུ་འཚོ་གནས་བྱེད་དཀའ་བའི་གནས་སུ་ལྷུང་ཏེ་བཙན་བྱོལ་དུ་མི་ཡོངས་ཐབས་མེད་བྱུང་བ་རེད།

གཅན་དྲུག་དཀར་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ཐོག་མར་མ་བརྟག་མ་དཔྱད་སྐབས་སུ་རྒྱ་དམར་ཇག་པས་གང་ལྗོངས་བཅོམ།།
བར་དུ་ཅུང་ཟད་དཔྱད་སྐབས་རང་ཡུལ་བསྐྱུར་ཏེ་གཞན་ཡུལ་ཉུལ་དགོས་བྱུང་།།
མཐའ་མར་ཤིན་ཏུ་དཔྱད་དུས་ཡིད་རྟོན་འཕེར་འོས་མཚན་མ་སྤུ་ཙམ་ཡང་།།
མེད་པར་ངེས་པས་ཁོ་བོའི་འདྲེན་བྱེད་མཚོ་རུ་གདུང་བའི་མཆི་མ་འཁྱིལ།།
ང་དང་ང་འདྲ་བའི་གངས་ཕྲུག་གི་གངས་ལྗོངས་དེ་ང་དང་ང་འདྲ་བ་དག་ལ་ཕྱིར་སློགས་ཤིག་ཀྱེ།།



བརྗོད་གཞི་གཞན་ཁག་ལ་གཟིགས།