རང་ལུས་མེ་སྲེག་དོན་ལྡན་ཨེ་ཡིན་ན།

བོད་གངས་ཅན་པའི་མི་རིགས་དང༌། རྒྱལ་ཁབ། རིག་གཞུང་ལ་ཧ་ཅང་ཞེན་པ་དཀར་བས་ཤིན་ཏུ་གཅེས་པའི་རང་ལུས་ཀྱང་མེ་ཡི་ཕུང་པོར་བསྒྱུར་བའི་གངས་ཅན་པ་དག་གི་ཕོད་པ་ནི་གཞལ་བར་དཀའ་བ་ཞིག་སྟེ། ང་ཚོའི་ལུས་ལ་མེ་སྟག་ཆུང་ངུ་བབས་པའི་ཚོར་བས་གསལ་པོ་ཤེས་ཐུབ། རང་ལུས་མེར་སྲེག་གཏོང་བའི་དགོས་དམིགས་ནི་བོད་ཀྱི་སྣོད་བཅུད་རིག་གཞུང་འཚོ་གནས་ཐུབ་པའི་རྒྱལ་ཁབ་སླར་གསོའི་ཆེད་ཡིན་ཕྱིར། ང་ཚོས་དཔྱད་གླེང་བྱ་རྒྱུ་ཡང་དཀའ་ཐུབ་འབྲས་བུ་དང་བཅས་པ་ཡིན་མིན་གྱི་སྐོར་དེ་ཆགས་ཡོད།

རང་ལུས་མེར་སྲེག་བཏང་བ་དེས་འུ་ཐུག་ཐབས་ཟད་ཀྱི་དཀའ་ངལ་ཡོད་པ་སྟོན་མོད། བོད་ལ་དཀའ་ངལ་ཡོད་པ་ཤེས་པ་ཙམ་གྱིས་དོན་འབྲས་སོན་པ་ཞིག་མིན་ཏེ། རྒྱ་ནག་དམར་གཞུང་ནི་འཛམ་གླིང་གི་སྡིག་ཆེན་ཡང་རྩེར་སོན་པའི་མའོ་ཙེ་ཏུང་གིས་བརྟན་འཛུགས་བྱས་པའི་ཚོགས་རྒྱུན་ཡིན་ཕྱིར་སྙིང་རྗེ་བྱེད་ཀྱི་མ་རེད་ལ། རྒྱ་ནག་མི་དམངས་ནི་མེས་པོས་བསྐྱེད་པའི་ས་གོམ་པ་གང་ཆུང་དུ་ཤོར་བ་ལས་རང་སྲོག་གཏོང་བ་གདམས་དགོས་པའི་ཡུལ་སྲོལ་ཅན་ཡིན་ཕྱིར་བསམ་ཤེས་བྱེད་ཀྱི་མ་རེད།

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་ཕུགས་དམིགས་ནི་བོད་ཀྱི་སྣོད་བཅུད་རིག་ཞུང་རྩ་མེད་དུ་གཏོང་རྒྱུ་ཡིན་ཕྱིར་བོད་ལ་ཞེན་པ་དཀར་བའི་བློ་སྟོབས་ཅན་ཞིག་མེད་སོང་ནའང་བསམ་ཐོག་ཏུ་བསླེབས་པ་ཡིན། བོད་ཀྱི་ཁོར་ཡུག་ནི་རྒྱ་ནག་གི་ མཐའ་སྲུང་དང་དཔལ་འབྱོར་དམག་དོན་སོགས་གལ་ཆེའི་གནད་དོན་མང་པོ་ཞིག་ལ་མེད་དུ་མི་རུང་བ་ཡིན་ཕྱིར་མི་ཁ་ཤས་ཤིག་གིས་རང་ལུས་མེར་སྲེག་བཏང་བའི་སྲོག་རིན་དུ་སྤྲད་ཡོང་གི་མ་རེད།

འཛམ་གླིང་རྒྱལ་ཁབ་གཞན་པ་རྣམས་ནི་སོ་སོའི་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་བལྟ་བ་ལས་ཁྱོད་ཚོར་དཀའ་ངལ་འདུག་ཅེས་རོགས་མགོན་དུ་བསླེབ་ཡོང་མཁན་སུ་ཡང་མེད། གྲངས་ཉུང་མི་རིགས་སུ་གྱུར་པའི་བོད་མིའི་ངོས་ནས་ནི་སེམས་ཤུགས་ཆེ་བའི་གང་ཟག་རྣམས་རང་ཤིས་རིམ་པས་རྫོགས་ནས་ཐ་མ་སྤྲེལ་ལད་ལ་བྱང་བའི་མི་བྱབ་ཆུང་རྣམས་ལུས་པའི་ཉེན་ཡོད་ལ། བོད་ལ་དཀའ་ངལ་ཡོད་པའི་དྲིལ་ བསྒྲགས་ཀྱི་ལག་ཆ་ཙམ་དུ་བོད་ལ་ཧ་ཅང་ཞེན་པ་དཀར་བའི་བློ་སྟོབས་ཅན་ཚོའི་སྲོག་ གི་འགྲོ་སོང་གཏོང་བ་ནི་ཁེ་གྱོང་རྦད་དེ་ནོར་བ་ཡིན།

རང་ལུས་མེར་སྲེག་གཏོང་བ་ནི་རྒྱལ་བ་རིན་པོ་ཆེས་བོད་མིའི་བག་ཆགས་ཡོད་པའི་བོད་རིགས་གཅིག་བདེ་སྐྱིད་ངང་འཚོ་གནས་ཐུབ་པའང་བོད་དོན་ཡིན་པར་གསུངས་པའི་ཆབ་སྲིད་ལམ་སྟོན་དང་འགལ་ཡོད་ལ་ནང་ཆོས་ཀྱི་ལྟ་གྲུབ་དང་ཡང་འགལ་ཡོད། ངས་ནི་ད་ལྟའི་སྐབས་འདིར་བོད་པ་ཚོས་ རང་ལུས་མེར་སྲེག་གཏོང་བ་ནི་རྣམ་དཔྱོད་མེད་པའི་བློ་སྟོབས་ཏེ་ཕན་ཐོགས་ཆུང་བའི་སྡུག་གྱོང་ཉེན་ཁ་ཅན་ཞིག་ཏུ་མཐོང་ཡོང་གི་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (45)
45 ༠༡༢༠༡༡༢༣༡༢
ངོ་ཚ་ཡོད་མེད་དང་གདོང་པ་མཐུག་མིན་གྱི་སྐད་ཆ་མ་རེད་གྲོགས་པོ་ལགས་དེ་ངོ་ཤེས་ན་བཟང་།སྤྱིར་བཏང་ཁྱེད་མི་ཡིན་ཙང་རྣམ་དཔྱོད་ཡོད་ཀྱི་་རེད།ཡིན་ན་ཡང་སྐད་ཆ་བཤད་སྟངས་དེ་ལ་བལྟས་ན་ལེགས་ཉེས་འབྱེད་པའི་རིག་པས་རྣམ་དཔྱོད་དང་བྲལ་བའི་དུས་འགྲོ་ལས་དམན་པ་མེད་འགྲོ་བསམ་པས་དོགས་པ་བྱུང་སོང་།དེ་ཡིན་ཙང་རྗེས་སུ་སྐད་ཆ་བཤད་སྟངས་དང་དེ་འདྲ་བའི་བྱ་བ་བཟང་ངན་གང་ལ་ཡང་འཇུག་པ་ལ་ཐོག་མར་སྐྱོན་དང་ཡོན་ཏན་མཐོང་བ་ལ་རག་ལས་པ་ཧ་ཅང་གལ་ཆེ་པོ་རེད།དེ་ཡིན་ཙང་རྗེས་སུ་སྐད་བཤད་སྟངས་ལ་གཟབ་གཟབ་གནང་རོགས།
ངོ་ཚ་མེད་ཅིང་གདོང་པ་མཐུག་པའི་མི་ངན་ཁྱོད་འདྲ་ཁ་ཤས་ཀྱི་བསམ་ཚུལ་དང་དྲན་ཚུལ་ལ་ཉན་ན་སྙིང་ན་དགོས་ཚོད་དུ་སླེབདས་ཀྱི་འདུག
ཀ་ཡེ་གྲོགས་པོ་ལགས། སྐུ་ཉིད་ཀྱིས་མཚན་ཉིད་ནི་གཞན་མགོ་བསྐོར་བའི་རིག་ལམ་ལས་གཞན་དོན་དང་། ནང་ཆོས་ངོ་མ་ཞིག་ཏུ་བརྩི་ཐབས་མེད་ཅེས་གསུངས་པར་དྲི་བ ༡ ༽ མཚན་ཉིད་དེ་གཞན་མགོ་བསྐོར་བའི་རིག་ལམ་ཇི་ལྟར་ཡིན་ནམ། འཛམ་བུ་གླིང་ཚང་མ་ལ་མཚན་ཉིད་རིག་པ་ཡོད་རེད་དེ་ཚང་མ་རེད་དང་བོད་ཀྱི་མཚན་ཉིད་རིག་པ་ཁོ་ན་རེད། ༢༽ མཚན་ཉིད་དེ་གཞན་དོན་མིན་ཞེས་པའི་ཚིག་དུམ་དེས་ནང་དོན་ག་རེ་སྟོན་ཐུབ་ཀྱི་ཡོད་དམ། ༣༽ མཚན་ཉིད་དེ་ནང་ཆོས་ངོ་མ་རེད་སུས་བརྗོད་འདུག ། རིག་གནས་ཆེ་བ་ལྔར་དབྱེ་སྐབས་བཟོ་རིག་པ། གསོ་བ་རིག་པ། མཚན་ཉིད་རིག་པ། སྒྲ་རིག་པ། ནང་དོན་རིག་པ་བཅས་ལྔ་རུ་དབྱེ་བ་ཕྱེས་འདུག་བ། རིགས་ལམ་གྱི་དག་ཆ་ལ་རིགས་ས་མཐའ་ཡོད་པ་འདི་འབྲི་རོགས། མཚན་ཉིད་ནི་གཞན་མགོ་བསྐོར་བའི་རིག་ལམ་ལས་ཞེས་པའི་བརྗོད་པ་དུམ་བུ་དེས་ནང་དོན་གང་ཡང་སྟོན་ཐུབ་ཀྱི་མི་འདུག ། ངས་ནི་མཚན་ཉིད་ནི་གཞན་མགོ་སྐོར་བྱེད་ཀྱི་རིག་ལམ་ལས་ཞེས་པར་གོ་བ་བླངས་ཡོད། ནོར་འདུག་ན་དགོངས་དག །འགྲིགས་འདུག་ན་ཕྱིས་སུ་འདི་ལྟར་འབྲི་རོགས།

བཀྲིས་བདེ་ལེགས།
རྣམ་དཔྱོད་ལེགས་པར་བརྡར་ནས་བསམ་གཞིགས་བྱོས་དང་། དེ་ལས་ལྷག་པར་ང ཚོར་བྱ་རྒྱུ་གང་ཡང་ལྷག་མེད། ཡོད་ན་ང་ཚོའི་ཐོག་ད་གཟོད་ང་ཚོས་གང་བྱེད་དགོས། གང་ལྟར་བྱེད་དགོས། གསུངས་རོགས་།
སྲོག་བཅོད་ཀྱི་ལས་འབྱུང་བ་ལ་བསོད་སེམས་མི་པར་ཐལ།འདོད་ན།སྙིང་རྗེ་ཀུན་བསླངས་ནས་མ་བསད་པའི་ལས་དེ་ཆོས་ཅན།མཚམས་མེད་ཀྱི་ལས་མ་ཡིན་པར་ཐལ།འདོད་ན།ཀུན་མཁྱེན་མཚོ་སྣ་བས་གསུང་།ཉི་མིའི་འོད་ཟེར་ལས།སྙིང་རྗེ་ཀུན་ནས་བསླངས་ནས་མ་བསད་པའི་ལས་དེ་མཚམས་མེད་ཀྱི་ལས་ཡིན་གསུང་པ་མ་མཐོང་པའི་རྣལ་འབྱོར་དུ་གསལ་ལ།ལྷད་མེད་ལྷ་བསམ་དཀར་པོས་དྲ་གྲོགས་ཀྱི་ལྷན་དུ།།དྲང་བདེན་གཡོ་བ་མེད་པས་འདུན་པ་དེ་བཅིངས་ནས།།ངོ་མཚར་དབུ་ཚད་རིག་པས་གཤོག་རྩལ་དེ་ངོམ་ནས།།དྲི་མེད་རིག་པས་ལམ་ནས་རོལ་རྩེད་ལ་ཆས་འགྲོ།།
མཚན་ཉིད་ནི་གཞན་མགོ་བསྐོར་བའི་རིག་ལམ་ལས། གཞན་དོན་དང་། ནང་ཆོས་ངོ་མ་ཞིག་ཏུ་བརྩི་ཐབས་མེད།
39 ༢༩༢༠༡༡༡༣༣༦
བསམ་པ་དཀར་ལ་སྦྱོར་བ་གནག་པའི་ལས་མེད་པར་ཐལ། འདོད་ན། དཀར་གནག་འབྲེལ་མའི་ལས་མེད་པར་ཐལ་„ འདོད་པའི་ཕྱིར་འདོད་ན། རྟེན་འབྲེལ་གྱི་གཞུང་ཅུང་ཟད་ཙམ་ཡང་མ་མཐོང་བའི་རྣམ་འགྱུར་དུ་གསལ་བས། ཁྱོད་དང་རྩོད་ན་བློ་བསྐྱེད་ཀྱི་རྣམ་པ་ཐམས་ཅད་ཏུ་དབེན་ཞིང་ཁྱོད་ལ་ཡང་ཕན་འབྲས་མེད་པའི་ཕྱིར་རོ།། །།
38 ༢༩༢༠༡༡༡༣༡༣
བསམ་པལ་དཀར་ལ་སྦྱོར་བ་གནག་པའི་ལས་མེད་པར་ཐལ། མེད་ན་དཀར་ནག་འབྲེལ་མའི་ལས་མེད་པར་ཐལ་ལོ།།
37 ༢༩༢༠༡༡༡༢༠༦
སྲོག་བཅོད་ཀྱི་ལས་ཡིན་ན་རང་རྒྱུ་མི་དགེ་བ་ཀུན་ནས་བསླངས་ནས་བསགས་པས་མ་ཁྱབ་པར་ཐལ།འདོད་ན།མི་ལོ་ཉེར་བདུན་གཞུང་མང་སྦྱང་བ་ངལ་བ་འབྲས་མེད་དུ་གྱུར་རོ།།
36 ༢༩༢༠༡༡༠༤༠༧
མཐང་(མཐོང་ལ་)བཅོས་རོགས།
༧གོང་ས་ཆེན་པོའི་ཐུགས་རྗེ་བཀའ་དྲིན་འོག། མི་ལོ་ཉེར་བདུན་གཞུང་མང་གང་ཤེས་སྦྱངས། ད་དུང་སྲོག་གི་དབང་པོ་མ་འགག་བར། གང་ཤེས་སྦྱང་ཞིང་གང་ཐུབ་ཉམས་ལེན་བྱེད།། །།
༧ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས། རྒྱུ་མི་དགེ་བས་ཀུན་ནས་བསླངས་པའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྒྱུ་དགེ་བའམ་ལུང་མ་བསྟན་གྱིས་ཀུན་ནས་བསླངས་པའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ། (བཅོམ་ལྡན་འདས་ཀྱིས།) གཏམ་གྱི་གཞི་ལས་དགེ་སློང་དགེ་བའི་སེམས་དང་ལྡན་པས་ནོངས་པར་འགྱུར་རམ་མི་དགེ་བའི་སེམས་དང་ལུང་དུ་མི་སྟོན་པའི་སེམས་དང་ལྡན་པས་ནོངས་པར་འགྱུར། བཀའ་སྩལ་པ། དགེ་སློང་དགེ་བའི་སེམས་དང་མི་དགེ་བའི་སེམས་དང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཡོད་དོ་ཞེས་གསུང་སོ།།(ཞེས་གསུངས་པ་ལྟར་ནང་པ་སངས་རྒྱས་པ་ཡིན་ན་ཁས་ལེན་དགོས་ལ། ནང་པ་མིན་ན་གཞི་མེད་པའི་རྩོད་ཡུལ་མིན་ནོ།། །།)
33 ༢༩༢༠༡༡༠༠༢༡
མཚོ་སྣས་རྒྱུ་འབྲས་ངོ་བོ་ཡི། ཁྱད་པར་གསུམ་གྱིས་བཅས་རང་འབྱེད།
རང་གི་ཡན་ལག་རྐྱེན་དགོས་ལ།། ལྟོས་ཏེ་གནང་བ་ཡོད་མེད་ཀྱི།། རིགས་གནས་ཁ་ན་མ་ཐོ་ལ།། བཅས་རང་འབྱེད་པ་རིན་ཕྲེང་གསུངས།། །།
སྲོག་བཅོད་ཀྱི་ལས་དེ་རང་བཞིན་གྱི་ཁ་ན་མ་ཐོ་པ་མ་ཡིན་པར་ཐལ།འདོད་ན།རང་བཞིན་གྱིས་ཁ་ན་མ་ཐོ་པ་དང་།བཅས་པའི་ཁ་ན་མ་ཐོ་པ་གཉིས་ཀྱི་ཁྱད་པར་མ་ཤེས་པ་གསལ་ལ།རང་བཞིན་གྱི་ཁ་ན་མ་ཐོ་པ་ཡིན་ན་བྱ་བ་དེ་ལ་འཇུག་པ་ཙམ་གྱིས་སྡིག་པ་མི་དགེ་བ་འབྱུང་བ་ཞིག་ལ་རང་བཞིན་གྱིས་ཁ་ན་ཐོ་པ་དང་།སངས་རྒྱས་ཀྱི་བཅས་པ་དང་འགལ་བ་དེ་ལ་བཅས་པའི་ཁ་ན་མ་ཐོ་ཞེས་གསུང་པ་དེ།དེ་གཉིས་ཀྱིས་ཁྱད་པར་སྨྲ་བ་གཏན་ནས་ཐོས་མྱོང་མེད་པའི་རྣལ་འབྱོར་དུ་གསལ་ལོ།།དྲི་མེད་རིག་པས་ལམ་ནས་ཕྱིར་ཕྱོགས་པས།།གཞི་མེད་སྐྱོན་བརྗོད་སྒྲོགས་ལ་དགའ་བའི་གྲོགས།།ཁ་ཙམ་མིན་པས་བོད་དོན་བསྒྲུབ་འདོད་ན།།དྲི་མེད་རིག་པས་ལམ་ལ་སྦྱོངས་ཞིག་ཨང་།།
30 ༢༧༢༠༡༡༠༣༥༦
རིག་པ་ཡང་དག་རྒྱབ་བརྟེན་མདོ་དང་རྒྱན།།
དོན་གསལ་ཙོང་ཁའི་གསུངས་བཅས་དགྲ་ལྷར་གདམས།།
དགྲ་ལྷའི་སྐུ་གསུང་ཐུགས་ལ་ཕོག་སྲིད་ན།།
ང་ཡིས་བཟོད་པ་གསོལ་ལོ་དགྲ་ལྷ་བུ།།
ཕྱིན་ཆད་དགྲ་ལྷའི་མིང་ནས་དྲ་ཐོག་འདིར།།
ཡང་ཡང་ཕེབས་ན་གུས་པས་བསུ་བ་ཞུ།།
འོན་ཀྱང་གཞན་སྐྱོན་ཁོ་ན་མ་གཟིགས་པར།།
རང་སྐྱོན་མཐོང་བར་མཛོད་ཅིག་དགྲ་ལྷ་བུ།།
དགྲ་ལྷའི་སྐྱོན་མཚང་སྟོན་ཕྱིར་བྲིས་པ་མིན།།
རིག་པ་ཡང་དག་རྒྱབ་བརྟེན་ལུང་དང་བཅས།།
བྲིས་པའི་དགྲ་ལྷའི་ཐུགས་ལ་ཕོག་འགྱུར་ན།།
ང་ལ་ཉེས་པ་མེད་དོ་དགྲ་ལྷ་བུ།།

ཇི་སྐད་དུ་ཡང་ཟླ་བ་གྲགས་པ་ཡིས།།
བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར།།
མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན།།
གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན།།
གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད།།ཞེས་གསུངས་པ་ལྟར་ལགས་སོ།། །།
29 ༢༧༢༠༡༡༠༣༡༣
དངོས་གནས་ཡིན་ནམ་རྩེད་མོ་ཡིན། མཐོ་བོད་ཀྱིས་དགྲ་ལྷ་དོན་རྒྱུ་མེད་པ་བཟོས་སོང་།།
28 ༢༧༢༠༡༡༠༠༢༧
རིག་པས་དགྲ་ལྷའི་རྗེས་སུ་མ་འབྲང་རོགས།། དགྲ་ལྷར་ལུང་དང་རིག་པ་གང་ཡང་མེད།།དགྲ་ལྷའི་ཡོན་ཏན་རིག་པས་ཤེས་འདོད་ན།།དགྲ་ལྷས་གཞན་སྐྱོན་ཁོ་ན་མཐོང་བ་ལས།།རང་སྐྱོན་མི་མཐོང་དགྲ་ལྷའི་ཡོན་ཏན་ཡིན།། ཧ་ཧ་ ཧེ་ཧེ་ ཨོྃ་ཨོྃ།

རིག་པའི་རྗེས་འབྲང་དགྲ་ལྷ་ཡིན་པར་ངེས།།
རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཅོས་ཅན། ལུས་སྲོག་དོར་བར་སྡིག་པ་མི་དགེ་བ་མི་འབྱུང་སྟེ།གཞན་དོན་བོད་མི་ས་ཡ་དྲུག་གི་རང་དབང་དང། རྟོག་པའི་བསྟན་པ་བསླབ་གསུམ་ཉམས་ལེན་བྱ་ཆེད་དང་། ལུང་གི་བསྟན་པ་སྡེ་སྣོད་གསུམ་གྱི་ཉན་བཤད་རང་དབང་དུ་བྱ་བྱེད་ལ་དམིགས་ནས་རང་སྲོག་ཕུལ་བའི་ཕྱིར།རྟགས་མ་གྲུབ་ན།་རྒྱལ་གཅེས་པ་རྣམས་ཀྱིས་སྐུ་ལུས་མེར་སྲེག་་བཞིན་པའི་སྐབས་བོད་མིར་རང་དབང་དགོས་ཆོས་དད་རང་དབང་དགོས་ཞེས་འོན་པ་མིན་ན་རྣ་བར་ཐོས་རྒྱུ་ཡོད་པའི་ཕྱིར། རིག་པ་འདི་དང་འདི་དང་མཐུན་པའི་ལུང་ནི་གོང་དུ་འབྲང་ཟིན་པ་རྣམས་ཡིན་ནོ།།ལུང་གིས་རྒྱབ་བརྟེན་མེད་པའི་རིག་འཆལ་དང་།། རིག་པས་སྒྲུབ་བྱེད་མེད་པའི་ལུང་བསྐམ་གཉིས།། ཤོག་ཡ་ཆག་པའི་བྱ་བཞིན་འཕུར་མི་ནུས།། ལུང་རིག་གཉིས་འཛོམས་མཁའ་ལྡིང་དབང་པོ་ཡིན།། །།
གཞན་དོན་དང་ཆོས་ཀྱི་དོན་དུ་རང་སྲོག་བཅད་པ་ཡིན་ན་སྡིག་པ་ཡོད་དམ་མེད་ན་མེད་པས་རྒྱུ་མཚན་གསལ་པོ་གཅིག་དང་ཡོད་ན་རང་ལུས་མེ་ལ་བསྲེགས་པ་དེ་ཚོ་འཚེ་བ་མིན་པས་རྒྱུ་མཚན་ལུང་ཙམ་མ་ཡིན་པར།རིག་་པ་ཡང་དག་་ཞིག་ངེས་པར་བཀོད་རོགས་གནང་སྤྱིར་བཏང་འཚེ་བ་ཟེར་ནི་རང་དང་གཞན་ལ་གནོད་པའི་བྱ་བ་ཞིག་ལ་ཟེར་མིན་ནམ།།
25 ༢༦༢༠༡༡༢༡༤༥
དྲ་གྲོགས་དགྲ་ལྷ་ཚེ་ལས་འདས་པ་ཡིན་ས་རེད། ཨོྃ་མ་ཎི་པདྨ་ཧུྃ། ཨོྃ་མ་ཎི་པདྨ་ཧུྃ། ཨོྃ་མ་ཎི་པདྨ་ཧུྃ།། ཧ་ཧ་ ཧེ་ཧེ་ ཧོ ཧོ།།
གཞན་དོན་དང་ཆོས་ཀྱི་དོན་དུ་ལུས་སྲོག་དོར་བ་འཚེ་ལས་མིན་པ། སྟོན་པ་སངས་རྒྱས་དང། རྗེ་བཙུན་བྱམས་མགོན། རྗེ་བཙུན་ཙོང་ཁ་ཆེན་པོ་བཅས་ཀྱིས་ལུང་ཁུངས་དང་བཅས་བསྒྲུབས་ཟིན་པར་ད་ལྟ་བར་དགྲ་ལྷས་ལོག་འགྲེལ་མ་ནུས་སོ།། །།
23 ༢༦༢༠༡༡༡༤༠༡
ངས་བསམ་ན་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་པས་ཐབས་ལམ་ལ་འབད་གཙོན་མི་མཐུན་ནས་བྱས་ན་ཡག་པོ་ཡོད་ས་རེད་བསམ་གྱིན་ཡོད། ཡིན་ན་ཡང་འཚེ་བ་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ།རང་ཉིད་ལ་འཚེ་བ་བྱས་པ་ཙམ་གྱིས་འཚེ་བ་འགྲོ་ཡི་ཡོད་དམ།ཡོད་ན། སྐུ་ལུས་མེ་བསྲེགས་བཏང་བ་དེ་ཚོ་ཡང་འཚེ་བ་ཡིན་པའི་ཉེ་ཁ་ཆེ་པོ་འདུག།།གང་ལྟར་གཞན་ལ་འཚེ་བ་བྱས་པའི་དབང་གིས་རང་ལ་སྡུག་བསྔལ་བྱུང་བ་རེད། རང་ལ་སྡུག་བསྔལ་མི་འདོད་པའི་རྒྱུ་མཚན་གྱིས་གཞན་ལ་འཚེ་བ་སྤོང་དགོས་པ་ཡིན་ནོ།།
22 ༢༥༢༠༡༡༢༣༥༧
༡༽དགྲ་ལྷ་ལགས་འགལ་བ་དང་མཉམ་བསྲེས་གཉིས་ལ་ཁྱད་པར་གང་ཡང་མེད་ན་ཁྱེད་ཀྱིས་འགལ་བ་དེ་འགོག་བྱེད་དང་མཉམ་བསྲེས་དེ་དགག་བྱར་བཀོད་འདུག་པ། ཁྱད་པར་གང་ཡང་མེད་པའི་འགལ་བ་དང་མཉམ་བསྲེས་གཉིས་གཅིག་དགག་བྱ་དང་གཅིག་འགོག་བྱེད་དུ་ཇི་ལྟར་གྱུར་བ་ཡིན་ནམ།
༢༽མངོན་རྟོགས་རྒྱན་ནས་བཤད་ན་འདྲ། དབུ་མ་ཕར་ཕྱིན་ནས་བཤད་ན་འདྲ། སྲིད་དོན་ཁོ་ནའི་ཐོག་ནས་བཤད་ན་འདྲ། ཆོས་སྲིད་གཉིས་བསྡེབས་ནས་བཤད་ན་འདྲ། བོད་དུ་སྐུ་གཤེགས་དཔའ་བོ་དཔའ་མོ་ཚོའི་འབོད་ཚིག་ལ་གཞི་བྱས་ནས་བརྗོད་ན་དོན་དངོས་མིན་ནམ། ཚིག་འདྲ་ཆག་པོ་འདྲ་པོར་བཅོས་ན་དོན་དངོས་ལས་བརྒལ་བ་མིན་ནམ། ངས་ནི་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་ཚིག་ནང་དུ་ཆོས་སྲིད་གཉིས་ཀ་བསྡེབས་འདུག་སྙམས།

དགྲ་ལྷ་ལགས་སུན་པོ་བཟོ་སོང་ན་དགོངས་དག
(༡)བྱམས་པ་མགོན་པོས་་མངོན་རྟོགས་རྒྱན་ལས། ཆོས་ཀྱི་དོན་དུ་སྲོག་གཏོང་བ། ཞེས་སོགས་དང།དེའི་ཐད་ཀྱི་འགྲེལ་པ་དོན་གསལ་ལས་གཅིག་ཏུ་གཞོལ་བ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་ཡིན་ཏེ་ཞེས་གསུངས་འདུག་ན། རྒྱལ་གཅེས་པས་གཞན་དོན་བོད་མི་ས་ཡ་དྲུག་དང་ཆོས་ཀྱི་དོན་དུ་ལུས་སྲོག་ཕུལ་བ་འཚེ་བའི་ལས་སུ་ཁྱོད་ཀྱི་ཇི་ལྟར་བསྒྲུབ།
(༢)མདོ་མཛངས་བླུན་ལས། དགེ་ཚུལ་ཞིག་གིསཚུལ་ཁྲིམས་སྤོང་བ་མ་ལགས་ཅེས་སོགས་དང། ཚུལ་ཁྲིམས་སྲུང་བའི་དླད་དུ་ལུས་འདི་སྤོང་ངོ། ཞེས་སོགས་གསུངས་རྗེས་་མགུལ་བ་བཅད་ནས་ཚེ་འཕོས་པ་གསུངས་པར་དགེ་ཚུལ་དེས་རང་སྲོག་དོར་བ། ཕྱིས་ཀྱི་མཁས་གྲུབ་ཡོངས་ཀྱིས་བསྔགས་བརྗོད་ཀྱི་ཡུལ་ལས་མ་འདས་ན་ཁྱོད་ཀྱིས་དེ་འཚེ་བར་ཅི་འདྲ་ཞིག་གི་བསྒྲུབ།
(༣)རྗེ་བདག་ཉིད་ཆེན་པོའི་གསུངས་ལས། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་བསད་པར་བསོད་ནམས་ཀྱང་འཕེལ་བའི་ཕྱིར་ཞིས་གསུངས་འདུག་ན། ཀྱང་སྒྲས་སྡིག་པ་མི་དགེ་བ་མི་འབྱུང་བ་མ་ཟད་བསོད་ནམས་འཕེལ་བའི་ཕྱིར་ཞེས་གོ་དགོས་རྒྱུ་ལ། ཁྱོད་ལ་ལོག་འགྲེལ་ཅི་འདྲ་ཡོད།
(༤)མདོར་ན་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ རྟེན་འབྲེལ་བསྟོད་པར། བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ།། ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ།། ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ།། སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག། ཅེས་གསུངས་འདུག་ན།རྟོག་པའི་བསྟན་པ་བསླབ་གསུམ་ཉམས་ལེན་བྱེད་པ་དང།ལུང་ཆོས་སྡེ་སྣོད་གསུམ་པོ་འཆད་ཉན་བྱེད་པར་རང་དབང་དགོས་ཞེས། ཆོས་དོན་དུ་སྲོག་ཕུལ་བ་འཚེ་བ་མ་ཡིན་ཏེ་་་དེ་འཚེ་བ་མིན་པ་གོང་གི་ལུང་དག་གིས་གྲུབ་པའི་ཕྱིར་རོ།།
20 ༢༥༢༠༡༡༢༡༤༨
དྲ་གྲོགས་གདོང་སྨེ་ཅན་ལགས་ནས་གུས་པའི་བསམ་ཚུལ་རྣམས་ཐུགས་སྣང་ཆེན་པོས་ལྗགས་ཀློག་གནང་བ་ཐུགས་རྗེ་ཆེ་ཞུས་པ་དང་ཆབ་གཅིག་ཤ་ཟིན་སྤུ་ཟིན་གྱིས་སྒོ་ནས་དྲི་ལན་འབུལ་ཆོག་པ་ཞུ།
ཆོས་དང་འཇིག་རྟེན་གཉིས་མཉམ་གསེས་མ་བྱེད་ཅེས་པ་དང་། ཆོས་དང་འཇིག་རྟེན་གཉིས་འགལ་བ་འོ་ཞེས་པ་གཉིས་ལ་ཁྱད་པར་ཡོད་དམ་ཞེས་དྲིས་པའི་ལན་དུ། དེ་གཉིས་ལ་ཁྱད་པར་གང་ཡང་མེད་འགལ་བ་ཡིན་ཙང་མཉམ་གསེས་མ་བྱེད་ཅེས་དང་མཉམ་གསེས་བྱེད་མི་རུང་པའི་རྒྱུ་མཚན་ནི་འགལ་བ་ཡིན་པས་རེད། གཞིས་སྡོད་བོད་མི་རྣམས་ཀྱི་འབོད་ཚིག་ལ་ཆོས་དང་འཇིག་རྟེན་གཉིས་ཀ་འདུག་ཅེས་ལབ་པའི་ཐད་ཆོས་དང་འཇིག་རྟེན་གཉིས་ལ་འབྲེལ་བ་ཡོད་ཙང་བཟོས་པ་ཡིན་སྲིད། འབྲེལ་བ་ཡོད་ན་འགལ་བ་མ་ཡིན་པའི་མ་ཁྱབ་པ་ནི་མེ་དང་དུ་བ་ལྟ་བུ། ཕ་དང་བུ་ལྟ་བུ་སོགས་མང་ངོ། གསལ་བཤད་ཞུ་རྒྱུ་ཞིག་ལ་ངེད་ཀྱི་ཆོས་དང་འཇིག་རྟེན་མ་གསེས་ན་མཛེས་ཞེས་ཞུས་སར་ནི་མངོན་རྟོགས་རྒྱན་གྱི་དགོས་སོགས་ཆོས་བཞིའི་སྐད་ཆ་བཤད་མཁན་དེ་ལ་ཞུས་པ་ལས། གཞིས་སྡོད་སྤུན་ཟླ་ཚོར་ཞུས་པ་མིན། མི་འཁྱམ་བདག་ལྟ་བུ་ལ་ཁོང་རྣམས་པར་དེ་ལྟ་ཞུས་པའི་ཐོབ་ཐང་དང་། སྤོབས་པ། འཇོན་ཐང་། དབང་ཚད་སོགས་རྩ་བ་ནས་མེད་པ་ཤེས་ཀྱིན་ཡོད།
དགྲ་ལྷ་ལགས་ཁྱེད་ཀྱིས་དགོངས་ཚུལ་བང་རིམ་༡༣ པའི་ནང་དུ་ཆོས་དང་འཇིག་རྟེན་མཉམ་བསྲེས་མ་བྱེད་ན་མཛེས་པ་མཐོང་ཚུལ་བཀོད་འདུག ། ཡང་དགོངས་ཚུལ་བང་རིམ་༡༧ པའི་ནང་དུ་ཆོས་དང་འཇིག་རྟེན་འགལ་བའི་ཚུལ་དུ་བཀོད་འདུག་པར་དྲི་བ་འདི་ལྟར་། ༡༽ མཉམ་བསྲེས་དང་འགལ་བ་གཉིས་ལ་ཁྱད་པར་ཡོད་དམ། ཁྱད་པར་ཡོད་ན་ཁྱད་པར་ཅན་གཉིས་བཀོད་དོན་གང་ཡིན་ནམ། ༢༽ བོད་དུ་སྐུ་ལུས་མེ་ལ་སྒྲོན་མཁན་ཚང་མའི་འབོད་ཚིག་ཏུ་ཆོས་བདེ་རང་དབང་དགོས། གོང་ས་མཆོག་བོད་དུ་ཕེབས་དགོས། བོད་ལ་རང་དབང་དགོས། བོད་ལ་རང་དབང་རང་བཙན་དགོས་ཞེས་གསལ་འདུག་ན་འབོད་ཚིག་དེ་ཚོའི་ནང་དུའང་ཆོས་སྲིད་གཉིས་ཀ་གསལ་པོ་འདུག་པས་ཁོང་ཚོས་ཆོས་སྲིད་གཉིས་མཉམ་དུ་བརྗོད་པ་དེ་ནོར་བ་རེད་དམ། ༣༽ ང་ཚོས་འདིར་ཁོང་ཚོའི་སྐོར་རྗོད་བཞིན་འདུག་ན་ཁོང་ཚོའི་འབོད་ཚིག་གཞིར་བཞག་ཐོག་གླེང་མི་དགོས་སམ།༤༽ཁྱེད་ཀྱིས་དྲང་པོར་ཤོད་དང་ཁོང་ཚོའི་འབོད་ཚིག་ནང་དུ་ཆོས་སྲིད་གཉིས་ཀ་འདུག་གམ་མི་འདུག །

གོང་གསལ་གྱི་དྲི་བ་རྣམས་ལ་ལན་ཁ་གསལ་དང་དོན་ལ་གནས་པ་གདབ་རོགས་གནང་། བཀྲིས་བདེ་ལེགས།
18 ༢༥༢༠༡༡༡༩༤༡
སེམས་པ་ཆེན་པོ་གྷན་དེ་ཇིས་འདི་འདྲ་ཞིག་གསུངས་འདུག ༼ ད་རིང་ཁ་རྩང་ལ་ཆོས་སྲིད་གཉིས་ཐ་དད་དགོས་རེད་ཅེས་རྗོད་མཁན་མང་པོ་འདུག་མོད། ཆོས་ལུགས་མེད་པའི་ཆབ་སྲིད་དེ་ནི་དོན་གྱིས་སྟོང་བའི་ཆབ་སྲིད་ཅིག་རེད། འདི་ནི་ངའི་བསམ་ཚུལ་ཡིན་༽ཞེས་གསུངས་འདུག
ཆོས་དང་འཇིག་རྟེན་ནི་འགལ་བའོ། རང་གི་སྟོན་པ་དང་བསྟན་པ་ལ་ཆགས་པའང་འདོད་ཆགས་སོ། དེ་གཉིས་ལ་ཆགས་པའི་དབང་གིས་སྲོག་བཅད་པའང་འཚེ་བའོ། ཕ་དང་མ་ལ་ཆགས་པའང་འདོད་ཆགས་སོ། དེའི་དབང་གིས་སྲོག་བཅད་པའང་འཚེ་བའོ། རང་གི་རྒྱལ་ཁབ་ལ་ཆགས་པའང་འདོད་ཆགས་སོ། དེའི་དོན་དུ་སྲོག་བཅད་པའང་འཚེ་བའོ། འདས་པའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ལུས་སྲོག་སྟོངས་པ་ནི་སྟོན་པ་དང་བསྟན་པའི་དོན་དུ་མ་ཡིན་ནོ། དེ་ལ་ཆགས་པའང་མ་ཡིན་ནོ། འོ་ན་གང་ཡིན་ཞེས་ན་འགྲོ་བ་སེམས་ཅན་ཐབས་ཅད་ཀྱི་ཆེད་དུ་འོ། འོ་ན་དེ་འགྲོ་བ་སེམས་ཅན་ལ་ཆགས་པའི་འདོད་ཆགས་མ་ཡིན་ནམ་ཞེས་ན་དེ་ནི་འདོད་ཆགས་མ་ཡིན་ནོ། དེ་ནི་བརྩེ་བ་སྙིང་རྗེ་ཆེན་པོ་འོ། དེ་ནི་བླངས་བྱའོ། དེ་ནི་དོར་བྱ་མ་ཡིན་ནོ། འོ་ན་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་ཕུལ་བའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་བྱས་པ་དེ་གང་ཡིན་ནམ་ཞེས་ན་དེ་ནི་བདག་གིས་ཆོས་ཕྱོགས་ནས་འདི་དང་དེ་རེད་ཅེས་ནམ་ཡང་ཞུ་བ་མེད་དོ། ཁོང་རྣམ་པའི་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་རྣམས་བདག་གིས་མ་ཤེས་སོ། འཇིག་རྟེན་གྱི་བལྟ་ཕྱོགས་ནས་བཤད་པ་བྱའོ། ཁོང་རྣམས་ནི་དཔའ་བོ་དང་དཔའ་མོ་འོ། རྒྱལ་ཞེན་ཅན་ནོ། ལྷག་བསམ་ཅན་ནོ། བློ་ཁོག་ཆེན་པོ་འོ། སྙིང་སྟོབས་ཅན་ནོ། གྲུབ་འབྲས་མཐར་ཐུག་ནི་ཐོན་པ་དཀའོ། གྲུབ་འབྲས་གཞན་དག་ནི་བདག་གི་གྲུབ་འབྲས་སུ་ངོས་འཛིན་མེད་དོ། དེ་ནི་ཁོང་རྣམས་ཀྱི་མ་འགྲིགས་པ་ནི་མིན་ནོ། རྒྱལ་དམར་ལ་རགས་ལས་པ་འོ། ང་ཚོ་བོད་རིགས་ལྷག་ལུས་རྣམས་ཀྱི་སྙིང་སྟོབས་དང་སེམས་ཤུགས་ལ་རགས་ལས་པའོ། ཡིག་ནོར་སོགས་ཡོད་ན་དགོངས་པ་དངས་པ་འཚལ་ལོ། བདག་ནི་གང་ཡང་མི་ཤེས་པའི་རྨོངས་པའོ། རྨོངས་པའི་ཡང་རྨོངས་པའོ། བདག་ནི་བླུན་པོ་འོ། བླུན་པོའི་ཡང་བླུན་པོ་འོ།
བོད་མིའི་ཆབ་སྲིད་དང་ཆོས་གཉིས་འབྲེལ་བ་མེད་པ་ཁྱོད་ཀྱིས་ཇི་ལྟར་བསྒྲུབ། སྐུ་སྲོག་བཏང་བ་ཆོས་སྲིད་གཉིས་ཀའི་ཆེད་དུ་མིན་པ་ཁྱོད་ལ་སྒྲུབ་བྱེད་གང་ཡོད་དགྲ་ལྷ།། །།
གཞིས་ལུལ་རྒྱལ་གཅེས་རྣམས་ནས་གཅེས་པའི་ལུས་སྲོག་དོང་བ་རྒྱལ་སྲས་སེམས་པ་ཆེན་པོའི་སྙིང་སྟོབས་མིན་པ་ཁྱེ་ཀྱིས་བཤད་ནུས་སམ། བོད་མིའི་མཐར་ཐུག་གི་ཐོབ་བྱ་ད་རང་དབང་ཆེད་སྐུ་སྲོག་དོར་བ་ཤེས་བཞིན་དུ། མཐར་ཐུག་གི་ཐོབ་བྱ་རང་དབང་གི་རྒྱུ་བོད་མིའི་ཆིག་སྒྲིལ་ནུས་པ་དང། རྒྱལ་སྤྱིའི་མི་མང་གིས་རྒྱབ་སྐྱོར་ངེས་པར་དགོས་པ་མི་ཤེས་པའི་རྒྱུ་མཚན་ཅི་ཡིན་ནམ། རང་དབང་དོན་གཉེར་བ་སོ་སོའི་འབད་བརྩོན་དང་རྒྱལ་སྤྱིའི་རྒྱབ་སྐྱོར་འོག་རྒྱལ་ཁབ་མང་པོར་རང་དབང་ཐོབ་པ་བཞིན་དུ་བོད་མིར་ཡང་དེ་ལྟ་བུ་མི་ཡོང་བ་ཁྱོད་ཀྱིས་བཤད་ཐུབ་བམ།འབྲས་བུ་ཕུན་སུམ་ཚོགས་པ་གྲུབ་པར། རྒྱུ་མ་ཚང་བ་མེད་པ་ཚང་དགོས་པ་མ་ཤེས་པ་ནི། གདན་སར་ཟས་གོས་ཙམ་གྱི་ཆེད་ལོ་ངོ་ཉི་ཤུ་བསྡད་པའི་མངོན་བརྟགས་ཞིག་ཏུ་མཐོང་ངོ།། །།
14 ༢༥༢༠༡༡༠༩༣༣
དགོང་ཚུལ་འགོད་མཁན་གཅིག་གིས་ཆོས་བཤད་ས་ཆོས་བཤད་འཇིག་རྟེན་བཤད་ས་འཇིག་རྟེན་བཤད་པ་མ་གཏོགས། ར་མགོ་ལུག་ལུག་མགོ་བཞིན་ཚང་མ་མཉམ་བསྲེས་བྱས་ན་ལེགས་པར་མ་མཐོང་ཞེས་བཀོད་འདུག་པར་དྲི་བ་ཞིག་འཕེན་འདོད་པ་འདི་ལྟར། ༡༽སྐྱེས་བོ་གང་ཞིག་གི་རྒྱུད་ལ་ཉོན་མོངས་དུག་གསུམ་གྱིས་ཁེངས་སྡོད་པ་ལས་འགོ་བརྩམས་ཏེ་རྣམ་བྱང་གི་ས་ལ་འགྲོ་དགོས་ན་ཆོས་དང་འཇིག་རྟེན་གཉིས་རྦད་དེ་ཐ་དད་དུ་དབྱེ་ན་རྣམ་བྱང་གི་ས་ལ་ཇི་ལྟར་རེག་ཐུབ་བམ། ༢༽རྣམ་བྱང་གི་ས་ལ་འབྱོར་ཟིན་པའི་སངས་འཕགས་གང་ཞིག་གིས་འཕྲིན་ལས་དེའང་དུག་གསུམ་གྱིས་ཁེངས་སྡོད་པའི་ཁོར་ཡུག་གཅིག་ནས་འགོ་འཛུགས་དགོས་ན་ཆོས་དང་འཇིག་རྟེན་རྦད་དེ་ཐ་དད་དུ་འཛིན་ན་སངས་འཕགས་རྣམས་ཀྱི་འཕྲིན་ལས་ཀྱི་གྲུབ་འབྲས་ཇི་ལྟར་སོན་ཐུབ་བམ། ༣༽ སངས་རྒྱས་ཀྱིས་ཀྱང་ཀུན་རྫོབ་དང་དོན་དམ་གཉིས་ཀ་གསུམ་ཡོད། དེ་གཉིས་གཅིག་སྤང་བྱ་ཡིན་ངེས་སོ།
སྤྱིར་ན་དགོས་པ་ལ་གནས་སྐབས་དང་མཐར་ཐུག་ཡོད་ཀྱང་གཞིས་བཞུགས་དཔའ་བོ་དཔའ་མོ་རྣམས་ཀྱི་ལུས་སྲོག་མེར་བསྲེགས་པ་དེ་མཐར་ཐུག་གི་དམིགས་ཡུལ་བོད་ལ་རང་དབང་འཐོབ་པའི་ཆེད་དུ་ལས་གནས་སྐབས་ཀྱི་རྒྱབ་སྐྱོར་ཐོབ་ཆེད་དུ་རེད་བསམ་གྱི་མེད། མངོན་རྟོགས་རྒྱན་ནས་བཤད་པ་ལྟར་བྱས་ན་ལུས་སྲོག་བོད་དོན་ཆེད་དུ་བཏང་བ་དེའང་གནས་སྐབས་ཀྱི་དགོས་པའི་དོན་དུ་ཕུལ་བ་མ་གཏོགས་མཐར་ཐུག་གི་དགོས་པ་ཞིག་གི་ཆེད་དུ་ཕུལ་བར་མི་འགྱུར་ཏེ། མི་ལུས་རིན་པོ་ཆེ་ཡིན་པའི་ཕྱིར་རོ། ཆོས་བཤད་ས་ཆོས་བཤད་འཇིག་རྟེན་བཤད་ས་འཇིག་རྟེན་བཤད་པ་མ་གཏོགས། ར་མགོ་ལུག་མགོ་བཞིན་ཚང་མ་མཉམ་བསྲེས་བྱས་པ་ལེགས་པར་མ་མཐོང་།
12 ༢༥༢༠༡༡༠༡༣༤
སྨྱོས་(སྨྲོས་)ལ་བཅོས།
དགོས་པ་ལ་གནས་སྐབས་ཀྱི་དགོས་པ་དང་མཐར་ཐུག་གི་དགོས་པ་གཉིས་ཡོད་པ་ལྟར། གྲུབ་འབྲས་ལ་ཡང་གནས་སྐབས་ཀྱི་གྲུབ་འབྲས་དང་མཐར་ཐུག་གི་གྲུབ་འབྲས་གཉིས་མི་འདོད་བཞིན་དུ་ཁས་ལེན་དགོས། གལ་ཏེ་གནས་སྐབས་ཀྱི་གྲུབ་འབྲས་གྲུབ་འབྲས་མ་ཡིན་ན། གནས་སྐབས་ཀྱི་ཉིང་དགོས་ཉིང་དགོས་མ་ཡིན་དགོས་ལ། དེས་ན་བསྟན་བཅོས་མངོན་རྟོགས་རྒྱན་ལ་གནས་སྐབས་ཀྱི་ཉིང་དགོས་དང་མཐར་ཐུག་གི་ཉིང་དགོས་གཉིས་མེད་པར་ཐལ་བར་འགྱུར་བས་ཁྱེད་ཀྱི་ལེགས་པར་སྨྱོས་ཤིག། །།
བོད་དོན་ཆེད་རང་གི་གཅེས་པའི་སྲོག་ཚུན་ཆད་འབུལ་བའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་རེ་བ་དང་། ད་ལྟ་རྒྱ་འོག་ཏུ་དཀའ་སྡུག་སྣ་ཚོགས་མྱངས་དང་མྱོང་བཞིན་པའི་གཞིས་སྡོད་བོད་རིགས་ཡོངས་ལ་ཡང་དག་པའི་མང་གཙོ་ལྡན་པའི་རང་དབང་འདོད་བློ་ཁེངས་བ་ཞིག་མ་བྱུང་བར་གྲུབ་འབྲས་ཐོན་པ་དང་ཡག་པོ་བྱུང་པར་ངོས་འཛིན་ནམ་ཡང་བྱེད་ཐབས་མེད། དེ་ཙམ་གྱི་འདོད་པ་ཚིམ་པ་དང་ཡག་པོ་བྱུང་བར་ངོས་འཛིན་པ་ཡིན་ན་རང་སྲོག་འབུལ་མཁན་གྱི་དཔའ་དཔའ་མོ་ཚོའི་ཚེ་སྲོག་དེ་རིན་ཐང་ཆུང་ཆུང་ཞི་པོ་ཞིག་ཆགས་ཕྱིན་པ་རེད་སྙམ། བོད་ཚང་ལ་ཡང་དག་པའི་མང་གཙོ་ལྡན་པའི་རང་དབང་ཆ་ཚང་འདོད་བློ་ཁེངས་པ་ཞིག་མ་བྱུང་བར་གྲུབ་འབྲས་སོན་པ་དང་ཡག་པོ་བྱུང་བར་ངོས་འཛིན་བྱེད་ཐབས་མེད། ཆབ་སྲིད་པ་ཚོས་རྒྱབ་སྐྱོར་ནི་སྒྱུ་མ་མཁན་གྱི་འཁྲབ་སྟོན་བྱེད་པ་ལྟར་རྟག་བརྟན་མེད་པ་མཁྱེན་གསལ་ལྟར་རེད། བོད་དོན་རྒྱབ་སྐྱོར་བ་དེ་ཚོ་རྒྱ་དང་ཐུག་ན་རྒྱ་ཡིན་པའི་བཟོ་འདྲ་པོ་བོད་དང་ཐུག་ན་བོད་ཡིན་པའི་བཟོ་འདྲ་པོ་མ་རེད་དམ།
9 ༢༤༢༠༡༡༠༡༤༤
རྒྱལ་ཞེན་ཅན་གྱིས་སྐུ་ལུས་བོད་མིའི་རང་དབང་ཆེད་ཕུལ་བར། ཉེ་ལམ་ཨ་རི་གཞུང་དང་་་འཇར་མན་གཞུང་འབྲས་མང་བཅས་གཞུང་གསུམ་ནས་བོད་ནང་ཆོས་དད་རང་དབང་སྤྲོད་དགོས་པ་དང། གུང་ཁྲན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་འཇུས་ངན་པ་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་འཆར་གྱི་སྲིད་ངན་ཁག་བསྒྱུར་བཅོས་བྱ་དགོས་ཞེས། གསལ་བསྒྲགས་ཤུགས་ཆེ་གནང་བ་རྒྱལ་ཞེན་ཅན་རྣམས་ཀྱིས་སྐུ་སྲོག་དོར་བའི་གྲུབ་འབྲས་ཞིག་ཏུ་མངོན།
བདག་ལ་མཚོན་ན་རང་ལུས་མེར་སྲེག་གཏོང་ཐུབ་པའི་སྙིང་སྟོབས་དེ་འདྲ་གང་ཡང་མེད། ཡིན་ནའང་གསལ་པོར་ཞུ་འདོད་པ་ཞིག་ནི་བོད་མི་རིགས་ཀྱི་ལས་དབང་ཕྲག་ཏུ་བཏེགས་ཏེ་རང་ཉིད་ཀྱི་སྐུ་ལུས་ཡན་མེར་མཆོད་སྒྲོན་མཁན་གྱི་དཔའ་བོ་དཔའ་མོ་དམ་པ་ཁོང་རྣམས་ཀྱི་མཛད་སྤྱོད་ལ་འཚེ་བ་ཅན་ཡིན་རབས། རྣམ་དཔྱོད་མེད་པའི་བློ་སྟོབས་ཡིན་རབས། གྲུབ་འབྲས་མེད་ཚུལ། ནང་ཆོས་དང་འགལ་རབས། གོང་ས་མཆོག་གི་དགོངས་པ་དང་འགལ་རབས་སོགས་སུ་རྩ་བ་ཉིད་ནས་བརྗོད་ཕོད་པ་མི་འདུག་ལ། དེ་ལྟར་རྗོད་མཁན་སུ་ལའང་མཐའ་ཅིག་ཏུ་ལུང་རིགས་བརྒྱ་ཕྲག་དང་ལོ་རྒྱུས་སྟོང་ཕྲག་གི་ལམ་ནས་དགག་རྒྱུ་ཡིན། རྒྱུ་མཚན་ཅིའི་ཕྱིར་ཟེར་ན། དཔའ་བོ་དཔའ་མོ་དམ་པ་ཁོང་རྣམས་ཀྱིས་སྐུ་ལུས་མེར་མཆོད་བཏང་ཟིན་པའི་ཕྱིར་རོ།།
གཞིས་བྱེས་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་དང་ལྷ་བསམ་ལ་རྗེས་སུ་ཡི་རང་ཡོད།ཡིན་ན་ཡང་བོད་མི་རིགས་དང་ཆོས་དང་རིགས་གཞུང་གི་ཆེད་དུ།སྐུ་ལུས་མེ་ལ་བསྲེགས་ཐུབ་པའི་སྙིང་སྟོབས་ཡོད་དུས་བསྲེགས་སྟངས་དེ་དོན་དང་ལྡན་པ་ཞིག་རེད་མ་སོང་བསམ་པས་བློ་ཕམ་ཆེ་པོ་ཡོད།།
ད་བར་དུ་རང་ལུས་མེར་སྲེག་མཁན་གྱི་དཔའ་བོ་མང་པོ་བྱུང་ཡོད་མོད། ཁོང་ཚོའི་ལུས་པོ་མེར་སྲེག་པ་ལྟ་བུའི་འབྲས་བུ་འཐོབ་མེད།
དེ་བས་རང་ལ་གནང་བའི་མི་ལུས་རིན་པོ་ཆེ་འདི་མེད་པར་མ་བཏང་བར་རང་རིགས་ཀྱི་མ་འོངས་པར་བརྩོན་པ་བྱེད་ན་འགྲིག་བསམ།
5 ༠༨༢༠༡༡༢༢༠༠
བསྟན་སྲིད་ཀྱི་དོན་ལ་སྐུ་སྲོག་བསྟོངས་བ་འདི་རྣམས་ལ་ནམ་རྒྱུན་བསྔོ་སྨོན་རེ་འདོན་རྒྱུ་ལས་ང་རང་གིས་ཐབས་གཞན་མ་སྙེད་
གུང་ཁྲན་བཙན་རྒྱལ་རིང་ལུགས་པའི་དྲག་མཚོན་འོག་ཏུ་བོད་ཆོས་ལྡན་མི་རིགས་གྲངས་མེད་པ་ཞིག་འདས་གྲོངས་སུ་གྱུར་ཡོད་ལ། དུས་རབས་ཉེར་གཅིག་པའི་སྐྱ་རེངས་གསེབ་ནའང་བོད་རིགས་སྤུན་ཟླ་གྲངས་མེད་པ་ཞིག་གི་ཟུང་ཁྲག་དྲོན་མོ་སར་འཐིམ་བཞིན་པ་རང་རོགས་ཀུན་གྱི་མཐོང་ཐོས་སུ་ཟིན་དང་ཟིན་བཞིན་པ་ཡིན་ལ། ལྷག་པར་དུ་གཞིས་ལུས་བོད་མི་ཚོ་ཨུ་ཐུག་ཐབས་ཟད་ནས་ཐ་ན་རང་གི་གཅེས་པའི་ལུས་ལའང་མེ་སྤར་ཏེ་རང་ཤི་རྒྱག་པའི་གནས་སུ་ལྷུང་ཡོད་པ་རེད། ཐབས་ལམ་འདི་ནི་ཆེས་འཚེ་བ་ཞིག་དང་མི་ཞིག་གི་མི་ཚེའི་ཆེས་མཐའ་མའི་གདམ་ག་དེ་རེད།
སྤུན་ཟླ་ཚོ། འདི་ནི་རང་སྲོག་དམར་པོ་དབེན་དུ་བཞག་ནས་རེ་འདོད་དྲག་པོ་མེ་རུ་སྒྲོན་པ་ཞིག་ལས། རེ་འདོད་དྲག་པོ་ཞིག་གི་མེ་ལྕེ་ཡིས་ཉེས་མེད་མི་སེར་གྲངས་མེད་ཀྱི་ཚེ་སྲོག་ས་ལ་འགྱེལ་དུ་བཅུག་པ་ཞིག་གཏན་ནས་མ་རེད། དེ་བས་འབྲོག་མོ་ངས་སེམས་གཏིང་ནས་རྒྱལ་གཅེས་དཔའ་བོ་ཁོང་ཚོར་རྗེས་སུ་ཡི་རངས་དང་མྱ་ངན་ཞུ།།
གཞིས་སྡོད་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད། ཡིན་ནའང་རང་ཉིད་འཆི་ཐུབ་པའི་ལྷག་བསམ་དང་སེམས་ཤུགས་ཞིག་ཡོད་ན་ཤི་སྟངས་དེ་འདྲ་མ་རེད་སྙམ། ཁ་ཆེའི་མི་རིགས་ཚོས་བྱེད་སྟངས་བཞིན་རྒྱ་དམར་པོ་ལ་གྱོང་ཆེན་པོ་ཞིག་སྤྲོད་དེ་ཤི་བ་ཡིན་ན་ད་གཟོད་རྒྱ་རྒན་ཚོས་བསམ་བློ་གཏོང་ངེས། དེ་མིན་རང་ལུས་མེར་བསད་བཏང་བ་ལ་དཔོག་པའི་གྲུབ་འབྲས་ཅིག་ཐོབ་རྒྱུ་མེད་ཁར་དེ་འདྲ་བྱེད་མཁན་ད་དུང་མང་དུ་མང་དུ་ཕྱིན་པ་ཡིན་ན་བོད་ཚང་ལ་གྱོང་ཆེན་པོ་ཞིག་རག་རྒྱུ་རེད་སྙམ། མདོར་ན་རང་ལུས་མེར་བསད་གཏོང་བར་ཁེ་མེད་གྱོང་གུད་རེ་སྙམ།
གཞིས་སྡོད་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད། ཡིན་ནའང་རང་ཉིད་འཆི་ཐུབ་པའི་ལྷག་བསམ་དང་སེམས་ཤུགས་ཞིག་ཡོད་ན་ཤི་སྟངས་དེ་འདྲ་མ་རེད་སྙམ། ཁ་ཆེའི་མི་རིགས་ཚོས་བྱེད་སྟངས་བཞིན་རྒྱ་དམར་པོ་ལ་གྱོང་ཆེན་པོ་ཞིག་སྤྲོད་དེ་ཤི་བ་ཡིན་ན་ད་གཟོད་རྒྱ་རྒན་ཚོས་བསམ་བློ་གཏོང་ངེས། དེ་མིན་རང་ལུས་མེར་བསད་བཏང་བ་ལ་དཔོག་པའི་གྲུབ་འབྲས་ཅིག་ཐོབ་རྒྱུ་མེད་ཁར་དེ་འདྲ་བྱེད་མཁན་ད་དུང་མང་དུ་མང་དུ་ཕྱིན་པ་ཡིན་ན་བོད་ཚང་ལ་གྱོང་ཆེན་པོ་ཞིག་རག་རྒྱུ་རེད་སྙམ། མདོར་ན་རང་ལུས་མེར་བསད་གཏོང་བར་ཁེ་མེད་གྱོང་གུད་རེ་སྙམ།
1 ༠༦༢༠༡༡༢༢༠༩
རང་ལུས་མེ་སྲེག་དོན་ལྡན་ཨེ་ཡིན་ན། ཞེས་པའི་སྐད་ཆ་དེ་སེམས་སུ་དྲན་ནའང་ངག་ནས་དབྱུང་མི་རུང་བ་ཞིག་རེད་སྙམས། སོ་སོའི་གཏམ་ངན་དེ་བདེན་པར་གྱུར་ཆེད་གོང་ས་མཆོག་གི་ཆབ་སྲིད་ལམ་སྟོན་དང་། ནང་ཆོས་ཀྱི་ལྟ་གྲུབ་དང་འགལ་བ་ཡོད་ཚུལ་དང་། རྣམ་དཔྱོད་མེད་པའི་བློ་སྟོབས་རེད་ཅེས་པའི་གཏམ་ངན་རྗོད་མཁན་ལ་དྲི་རྒྱུ་ནི། ༡༽སངས་རྒྱས་ཀྱི་མཛད་པ་སྟག་མོ་ལུས་སྦྱིན་བྱས་པ་ཁྱེད་ཀྱིས་ཨེ་ཤེས། འཕགས་པ་ཀླུ་སྒྲུབ་སྐུ་ཇི་ལྟར་བཀྲོངས་ཚུལ་མ་ཤེས་སམ། ༢ ༽བོད་ཀྱི་བསྟན་སྲིད་གཉིས་ཀྱི་སླད་དུ་སྐུ་ལུས་མེར་མཆོད་སྒྲོན་མཁན་གྱི་དགེ་འདུན་ཁོང་རྣམས་སེམས་དཔའ་ཆེན་པོའི་སྤྱོད་པ་རླབས་པོ་ཆེན་མངའ་མཁན་དེ་འདྲ་མིན་པར་སྒྲུབ་ནུས་སམ། དེ་ལས་ལྡོག་སྟེ་སྐྱེ་བོ་ཐ་མལ་པ་དེ་འདྲ་ཡིན་པར་སྒྲུབ་ཨེ་ཐུབ། ༣ ༽སྐུ་ཉིད་ཀྱིས་ཕན་ཐོགས་ཆེན་པོ་དང་། རྣམ་དཔྱོད་ལྡན་པ། སྡུག་གྱོང་མེད་པའི་བོད་དོན་ཅི་ཞིག་སྒྲུབ་བཞིན་ཡོད་དམ།



བརྗོད་གཞི་གཞན་ཁག་ལ་གཟིགས།