ཁྱེད་ཉིད་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ།

དེ་རིང་ནི་གངས་ཅན་བོད་མི་ཡོད་ཚད་ཀྱིས་མ་འོངས་བོད་མི་ས་ཡ་དྲུག་གི་མདུན་ལམ་གྱི་ཆེད་ཆེས་ཞིབ་ཕྲ་ཞིང་བརྟག་པའི་སྒོ་ནས་རང་དབང་མང་གཙོའི་ལམ་བུའི་དགོངས་དོན་ལས་མི་འགལ་བའི་ཐོག་ནས་འདེམས་ཐོན་བྱུང་བའི་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྐབས་བཅུ་གསུམ་དང་མི་མང་རང་ངོས་ནས་ཐད་ཀར་གདམས་པའི་བཀའ་ཁྲི་སྐབས་གསུམ་པ་སྲིད་སྐྱོང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྲི་ཞུ་བསྒྲུབ་པའི་དུས་སྟོན་མཛད་སྒོ་དང་མཆོག་གསུམ་བསླུ་མེད་ཀྱི་དཔང་བོའི་ཐོག་ནས་དམ་འབུལ་མཛད་སྒོ་ཐོག་མ་དེ་ཡང་ལེགས་གྲུབ་བྱུང་བའི་ཉོན་མོ་རེད།

ཁྱད་འཕགས་ལྡན་པའི་ཉིན་བཟང་འདི་ནི་ཆོས་དུག་ཏུ་སྣང་བའི་ཕྱི་དགྲ་རྒྱ་དམར་གཞུང་གིས་སླར་ཡང་སྡུག་གི་ངུ་ངག་གྱེར་འདོན་བྱེད་དགོས་བྱུང་བའི་ཉི་མ་གསར་པ་ཞིག་དང་གུང་ཁྲན་གཞུང་གིས་བསམ་བཞིན་རྩ་མེད་ཤུལ་སྟོང་བྱེད་པར་དམིགས་པའི་ཡུལ། མགོ་ནག་བོད་པ་ཚང་འཇིག་རྟེན་གོ་ལའི་ཐོག་ཏུ་རང་སྐྱ་འཕེལ་ཞིང་རང་ཚུགས་ཐུབ་ངེས་པའི་རླབས་ཆེ་ཞིང་རྩ་བ་བརྟན་པའི་ཡར་ལངས་ཐོག་མ་དེ་ཡང་དེ་རིང་བྱས་པ་རེད།

ད་དུང་ཁྱོད་ལ་དགའ་འོས་བའི་བྱ་གཞག་འགྲན་ཟླ་བྲལ་བ་ཞིག་དང་ཚེ་རབས་དུ་མར་བརྗེད་པར་མི་འགྱུར་བའི་གཟེངས་བསྟོད་ངོན་སུམ་དུ་བྱུང་བ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཆོག་གིས་གངས་ཅན་བོད་མི་སྤྱི་དང་ཕྱི་ནང་མི་རིགས་སྟོང་ཕྲག་དུ་མའི་ཚོགས་མགོན་ནས་ཁྱོད་ཉིད་ལ་བསྔགས་བརྗོད་གསུང་གི་མེ་ཏོག་འཐོར་བཞིན་པ་ནི་(དེ་རིང་གི་ཉིན་མོ་འདི་ང་རང་གི་མི་ཚེའི་ནང་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞེས་ལབ་པ་བཞིན། དེ་ཡང་རིང་ནས་སྙིང་དུ་བརྣག་པ་གཅིག་འགྲུབ་པ་རེད།)ཅེས་ཁྱོད་ཉིད་ལ་ཐུགས་དགྱེས་ཤིང་བརྩེ་བ་ཟབ་པའི་སྒོ་ནས་ཐུགས་རེ་ཆེན་པོས་སྐུ་དབང་ཡོད་ཚད་གནང་བ་དེ་རེད་ལ། ཕྱི་ནང་མི་རིགས་ཁྲི་སྟོང་མང་པོ་ཉིན་འདི་ནི་ཡིད་ལ་གསལ་ཞིང་བརྗེད་པར་འགྱུར་མི་སྲིད་མོད། དོན་དངོས་ཐོག་ནས་ཀྱང་རྒྱ་གུང་ཁྲན་དམར་པོ་ཚོགས་པ་དེ་མ་གཏོགས། འགྲོ་བ་མི་ཡི་ཐོབ་ཐང་ལ་གུས་བརྩི་དང་ཆེ་མཐོང་ཡོད་པ། དེ་བཞིན་རང་དབང་མང་གཙོ་ལམ་བཟང་ལ་བསྐྱོད་པར་སྤྲོ་བའི་ནོར་འཛིན་ས་ཡི་ཐོག་ནས་འགྲོ་བ་རིགས་ཡོངས་ཀྱིས་ཆེ་བསྟོད་བྱེད་པ་དང༌། རྟེན་འབྲེལ་གྱི་ད་དུང་མཁས་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་བཤད་མཐའ་མའི་སྐབས་སུ་ཁྱོད་ཉིད་ལ་ཆེད་དུ་གདམས་པ་ཞིག་ནི་(གལ་སྲིད་མ་འོངས་པའི་བཀའ་ཁྲི་ཉིད་ཀྱིས་ྋགོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་དོན་ཐོག་ལ་ཤར་བསྐྱོད་གནང་ན། བོད་གཞིས་བྱེས་གཉིས་ཀྱི་མ་འོངས་རེ་འབྲས་མངོན་འགྱུར་ཡོང་བར་ཐེ་ཚོམ་མི་དགོས་པ་ཞིག་རེད། དེ་ལས་ལོག་ལམ་དུ་ཕྱིན་ན་བོད་མིའི་མདུན་ལམ་གང་ཆགས་བརྗོད་དཀའ་བ་ཞིག་རེད་ཅེས་གསུངས་པ་ནི་ཁྱེད་ཀྱིས་ཆེས་བརྗེད་པར་དཀའ་བའི་ནང་གཏམ་ཡང་རེད།

གང་ལྟར་དེ་རིང་གི་ཉིན་མོ་འདི་ནི་འཚེ་མེད་ཞི་བའི་འབྱུང་གནས་གངས་ཅན་སྐྱེ་འགྲོ་གཞིས་བྱེས་མཆོག་དམན་ཡོངས་ཀྱི་རེ་བའི་ཉི་མ་གསར་པ་དེ་རེད་ལ་རྒྱལ་སྤྱིའི་ཁྲོད་ནས། མི་རིགས་རླབས་ཆེན་ཞིག་གི་ཆོས་སྲིད་རིག་གཞུང་དང་བཅས་པ་ཆགས་འཇིག་གང་དུ་ཕྱོགས་མིན་ཀྱི་ཐད་ལ། དཔྱད་གླེང་སྦྱང་བཤད་བྱེད་བཞིན་པའི་དུས་སྐབས་འདིར་ཁྱོད་ཉིད་ནི་ཕྱི་ནང་རིག་གནས་ལ་བྱང་ཆུབ་པའི། བློ་གསར་རྒྱུད་དྲང་གི་དུས་རབས་ཉེར་གཅིག་པའི་བོད་པ་ཚང་མི་རབས་གསར་རྙིང་ཟུང་གིས་ཆེས་ཡིད་ཆེས་དང་བློ་འགེལ་བྱེད་ཡུལ་གྱི་བོད་འབངས་ཁྱིམ་ཚང་དཀྱུས་མའི་བུད་རྒྱུད་ཅིག་བོད་ཀྱི་རྒྱལ་འབངས་མགོན་དུ་སླེབས་པ་ནི་ངོ་མཚར་ཡིད་སྤྲོ་བའི་ལྡན་པའི་དམིགས་བསལ་གྱི་ཉི་མ་ཞིག་ཀྱང་རེད།

མདོར་ན་ཁྱོད་ཉིད་ནི་བོད་ཀྱི་དཔལ་ལྡན་སྲིད་སྐྱོང་བཀའ་བློན་ཁྲི་པ་མཆོག་ཅེས་མཚན་སྙན་བསྒྲགས་པའི་ཉི་མ་དང་པོ་དང་ལོ་ངོ་སུམ་བརྒྱ་དྲུག་བཅུ་ཧྲིལ་བོ་འདས་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཕོ་འགྱུར་བྱུང་བའི་སོ་མཚམས་འདིའི་ཆོས་སྲིད་གཉིས་ཀྱི་རྦ་རླབས་དྲག་ཏུ་འཕྱིར་བཞིན་པའི་དུས་སྐབས་ཀྱི་འགན་འཁྲི་ལྕི་བའི་མི་སྣ་ཞིག་ཀྱང་ཡིན་ནའང༌། ང་ཚོ་ཕྱི་ནང་བོད་མི་ཁྲི་ཕྲག་པས་ཐོབ་སྐལ་འོས་ཤོག་ཁྱོད་ཉིད་ལ་བླུགས་པ་ཡིན་ལ། རྩེ་གཅིག་ཡིད་ཀྱིས་རྒྱབ་སྐྱོར་རྣམ་དག་ཀྱང་ཁྱོད་ཉིད་ལ་བྱས་པ་ཡིན། ད་དུང་ཁྱོད་ཉིད་ཀྱིས་བཤད་ཕོད་པ་དང་སྒྲུབ་ཕོད་པའི་དམ་བཅའ་དང་རེ་འདོན་ལ་དེ་བས་ཀྱང་རྒྱབ་སྐྱོར་སྔར་བྱེད་མྱོང་ལ་ཁྱད་པར་དུ་ཁྱོད་ཉིད་ཀྱིས་གསུངས་པའི། རང་མགོ་རང་ཐོན་དང༌། རྡོག་རྩ་གཅིག་སྒྲིལ། མདུན་མཆོང་གསར་བཏོད་ཀྱི་ལས་དོན་གཞི་ལ་བཞག་ཏེ་རྒྱལ་སྤྱི་དང་རྒྱ་ནག་གི་འགྱུར་འགྲོས་དམ་འཛིན་བྱེད་རྒྱུའི་ཆོད་སེམས་ལ་ལྷག་བསམ་དག་པའི་རྒྱབ་སྐྱོར་བྱེད་ངེས་ཡིན།

ད་དུང་ཆེས་ཁྱོད་ཀྱིས་གཟི་བརྗིད་དང་སྤོབས་པའི་ཐོག་ནས་དེ་རིང་གསལ་ཁ་ཞིག་བཏོད་ཡོད་པ་ནི། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཚོས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱིར་བོད་ནང་གདན་ཞུ་གནང་རྒྱུ་དང༌། བོད་གཞིས་བྱེས་གཉིས་ལྷན་འཛོམས་ཡོང་ཐབས་སུ་རང་ནུས་ཡོད་དགུ་འདོན་རྒྱུ་ཡིན། ཞེས་གསུངས་པ་ནི་ང་ཚོས་བོད་མི་ཡོངས་ཀྱི་འབྱུང་འགྱུར་གྱི་ལོ་ངོ་ལྔའི་རིང་གི་རེ་བའི་བློ་ཁ་ཕྱོགས་སའི་གནད་དོན་གཅིག་ཡིན་ལ་ཁྱོད་ཉིད་ལ་ཡིད་ཆེས་ཀྱང་བྱེད་བཞིན་ཡོད། མ་འོངས་པར་གངས་ལྗོངས་ཆོས་ལྡན་ཞིང་དུ་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་རྒྱུ་དང༌། ྋགོང་ས་མཆོག་ལྷ་ལྡན་གྲོང་ཁྱེར་དུ་ཆིབས་ཞབས་བསྒྱུར་རྒྱུའི་ལོ་རྒྱུས་རང་བཞིན་ལྡན་པའི་འགྲུལ་བཞུད་དེ་འགོ་འཛུགས་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད། གསུངས་པ་ནི་བོད་མི་ས་ཡ་དྲུག་གི་ཆེས་རེ་བ་དང་པོ་དེ་ཡིན་ལ་ཁྱོད་ཉིད་ཀྱིས་བསྒྲུབ་དགོས་པའི་བྱ་བ་དང་པོའང་རེད། མདོར་ན་འདི་ནི་འཛམས་གླིང་ཞི་བདེ་དང་བོད་མིའི་རེ་འདོན། ཕ་ཡུལ་གངས་ཅན་ལྗོངས་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོངས་ཀྱི་ཚེ་སྲོག་གི་རྒྱུ་ལམ་བསྐྲུན་པ་ཞིག་ཀྱང་རེད།

ཁྱོད་ཉིད་ཆོལ་གསུམ་བོད་མི་ཡོངས་ཀྱིས་འདེམས་ཐོན་བྱུང་བའི་ཉི་མ་དང་པོ་ནས་ད་བར་ཁྱོད་ཉིད་སྤྱི་ཚོགས་རྙིང་པའི་ཆོས་བརྒྱུད་གྲུབ་མཐའ་དང་ཆོལ་ཁོངས་ལུང་ཚན་འཐེན་འཁྱེར་ཕྱོགས་ལྷུང་གི་ན་ཚ་དང་གཅིག སྐུ་དྲག་མི་དཔོན་གྱིས་ཟུར་གནོན་ངོ་སྲུང་སོགས་ལ་བསྟུན་མཁས་དང་མགོ་བོ་རྒུར་མ་མྱོང་བའི་ནག་ནོག་དྲི་མེད་ཀྱི་ལྷ་དར་ཡུག་ཅིག་ལྟར་རེད་ལ་མི་རབས་གསར་བའི་ངས་དོན་མཁས་དབང་ཡང་དག་གཅིག་ཀྱང་རེད། དེའི་ཕྱིར་ན། བཀའ་ཁྲིའི་འོས་ཞུགས་འགྲན་ཡུལ་དཔུང་ཚོགས་ཀུན་ལས་འོས་གྲངས་ཁྲི་སྟོང་མིང་པོའི་རྒྱང་ཐག་བཅད་དེ་རྣམ་པར་རྒྱལ་ཏེ་དེ་རིང་གི་ཉིན་བཟང་འདི་དོན་སྨོན་བྱུང་བ་ཡིན་མོད།

དེ་ལྟར་ན་ཁྱོད་ཉིད་ཀྱིས་འབྱུང་འགྱུར་གྱི་ཕྱག་སྦྲེལ་བཀའ་བློན་རྣམས་ཀྱང་ཁྱོད་ཉིད་ཀྱིས་བཀའ་ཁྲིའི་ལས་དོན་འགོ་འཛུགས་མཇུག་སྐྱོང་གི་དུས་ཚད་མ་ཚང་བར་རང་ཉིད་ཀྱིས་ལྟ་བ་དང་ལངས་ཕྱོགས་ལ་ཅི་ནས་ཀྱང་རྒྱབ་སྐྱོར་དང་དཔུང་མཉམ་གཤིབ་དང་བློ་རྩེ་གཅིག་བསྒྲིལ་བྱེད་པའི་ནུས་པ་ཡོད་མཁན་ཤ་སྟག་དྲག་འདེབས་བྱེད་ཐུབ་པ་དང་དགོས་པ་ནི་ཉིད་ཀྱི་སྤྱི་བྱེ་བྲག་གི་ལས་དོན་མཐའ་དག་ལ་དགག་བྱ་མེད་པར་རྒྱབ་སྐྱོར་གྱི་རྩ་བ་བརྟན་པོ་ཡོང་བར་བོད་མི་སྤུན་ཟླ་ཁྲི་སྟོང་མང་པོའི་མིག་ཟུང་ཅེར་ཏེ་བལྟས་ནས་ཡོད།

མཐར་བཙན་བྱོལ་བོད་མིའི་སྲོད་སྐྱོང་མཁས་དབང་བློ་བཟང་སེང་གེ་ཉིད་འགྲོ་བ་ལྷ་མི་ཡོངས་མདུན་ནས་གངས་ཅན་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཁས་བླངས་དམ་བཅའི་ལས་དོན་བསྒྲུབ་རྒྱུ་ལྷ་མི་འབངས་གསུམ་དུས་གཅིག་ཏུ་འཕགས་ཡུལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་འཛོམས་ས་རྒྱལ་སྤྱིའི་ཐད་གཏོང་དྲྭ་བའི་རྒྱུད་ལམ་གྱི་མཉམ་ཞུགས་ཁྲི་ཕྲག་དུ་མའི་མདུན་ས་ནས་དམ་འབུལ་མཛད་སྒོ་རྒྱས་ཤིང་ཞིབ་པ་ཞིག་གནང་ཞིང་ལེགས་གྲུབ་བྱུང་བར་ངས་ཁྱོད་ཉིད་ལ་ལྷག་བསམ་དག་པའི་འཚམས་འདྲི་གྲངས་མེད་ཞུ།

བརྒྱད་བརྒྱད་གཉིས་འགྲོས་བཅུ་དྲུག་ལངས་ཚོའི་ཁོ་ལག་རྫོགས་པའི་བོད་གཞུང་གསར་པ་རྒྱས་གྱུར་ཅིག
དགུ་གསུམ་ལྷན་འཛོམས་ཉེར་བདུན་རྟག་སྐྱིད་བོད་ལ་ཤར་ནས་གངས་ཅན་ལྷ་མི་འཕྲད་པར་སྨོན།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།