དོན་དམ་གྱི་ཆོས་དད་རང་མོས་འཚོལ་བ།

རྒྱ་གཞུང་གི་ཁྱད་ནོར་རིམ་བསྒྱུར་རྩད་རྫོགས་ཕྱིར་ཕྱུངས་ཏེ། ཆོས་དད་རང་མོས་ལ་མཛུབ་སྟོན་བྱེད་པ། ཤར་ཕྱོགས་ཁུག་རྟ།  ༼བོད་གཞུང་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས།༽ ཆོས་དད་རང་དབང་ཡིན་མིན་ནི་ཆོས་ཀྱི་བྱེད་སྒོར་རང་དབང་གིས་ཞུགས་ཆོག་མིན་ནས་ཐག་གཅོད་ཐུབ་ཀྱང༌། ཆོས་ཀྱི་བྱེད་སྒོར་ཞུགས་སྟངས་ལ་ཆབ་སྲིད་དང་ཆོས་མེད་རང་ལུགས་གང་གིས་ཀྱང་ སྟངས་འཛིན་བྱེད་ཐུབ་མེད་པ་ཞིག་ཡིན།

ཆོས་ལུགས་སྤྱི་དང་བོད་བརྒྱུད་ནང་བསྟན་གྱི་གཞི་ལམ་འབྲས་གསུམ་ལ་ཤེས་ཚད་ཞན་པའི་རྒྱ་ནག་གཞུང་གིས་རྟག་ཏུ་ཚོད་བགམ་དང་འོལ་ཚོད་ཀྱིས་བོད་བརྒྱུད་ནང་བསྟན་ལ་ ཁ་ལོ་བསྒྱུར་བསམ་གྱིན་ཡོད་ལ། དེ་ཡང་རྒྱ་ནག་གཞུང་གིས་འཇིག་རྟེན་གྱི་ཤེས་བྱ་ཡོད་དོ་ཅོག་མིའི་རིག་པའི་རྒྱ་ ལས་མི་བརྒལ་བར་བསམ་པས་ལན་ཞིང༌། ལྷག་ཏུ་སྲིད་དོན་གྱི་ཚོར་སྐྱེན་ཟབ་མོས་བློ་མིག་སྒྲིབ་དྲགས་ཏེ་རིག་པ་དང་གནས་ལུགས་ལ་གོམས་སྐལ་མ་བྱུང་བས། ནམ་ཡང་དངོས་དོན་དང་མཐུན་པའི་བགྲོ་གླེང་བྱེད་རོགས་ཡོང་རེ་བྲལ་ཡང༌། བོད་མི་རིགས་ཀྱི་ཚེ་སྲོག་གི་གྲུབ་ཆ་གཙོ་བོར་གྱུར་བའི་ནང་དོན་རིག་པ་འཛིན་སྐྱོང་གནང་རིམ་ནི་ཁོང་ཚོར་བཟང་སྤྱོད་དང་བཅས་གསལ་བཤད་བྱེད་དགོས་པ་ཞིག་ཏུ་ མཐོང་ལ། གཤམ་དུ་བཤད་རྒྱུའི་གནད་དོན་འདི་དག་ལ་བརྩི་བཀུར་དང་ལག་ལེན་ཚུལ་བཞིན་བྱས་ན་ད་ གཟོད་ང་ཚོས་ཆོས་དད་རང་དབང་ཞེས་པའི་མིང་ཚིག་འདིར་སྲོག་དབང་ཞུགས་ནུས་པ་རྟོགས་ ཐུབ།

༡ གཙུག་ལག་ཁང་ངམ་དགོན་པ་འདེབས་ཚུལ་ནི་རང་སྣང་གང་དྲན་ཞིག་མིན།

བོད་ལ་རབ་བྱུང་ངུར་སྨྲིག་གི་སྡེ་མ་དར་གོང་ནས་ཆོས་བྱེད་ལྷ་ཁང་དང༌། གཙུག་ལག་ཁང་གི་བཀོད་པ་རྣམ་པར་བསྐྲུན་ཡོད་ལ། དེ་ཡང་མི་གྲངས་མང་པོ་ཤོངས་ཐབས་གཙོ་འདོན་གྱི་དེང་གི་ཚོགས་ཁང་ལྟ་བུ་ཞིག་མིན། རྒྱ་ནག་གཞུང་གི་རིམ་བསྒྱུར་རྩད་རྫོགས་ཀྱི་སྲིད་བྱུས་ལྟར་གྱི་དགོན་པ་བཞེངས་ སྲོལ་དེ་ཡང་མིན། དེ་ནི་རྩིས་དང་ས་ཆོག ས་དཔྱད་ནས་འགོ་འཛུགས་དགོས་ཤིང༌། ས་དགྲ་ངོས་འཛིན་སྟངས་དང་མནོན་སྟངས་སོགས་དེང་སང་བོད་རིགས་ས་ཁུལ་ཁག་ཏུ་མར་མེ་ གཅིག་ལས་གཉིས་ཀྱི་ཚུལ་དུ་སོང་ཡོད། སྔོན་བལ་བཟའ་ཁྲི་བཙུན་གྱིས་ར་མོ་ཆེ་གཙུག་ལག་ཁང་བཞེངས་རྒྱུར་རྒྱ་མོ་ཀོང་ཇོས་ས་དཔྱད་ནང་དུ་ ༡ འཕགས་པའི་དགེ་འདུན་མང་པོ་འདུ་བ་གཙུག་ལག་ཁང་གི་ས་དང་གཉིས་ ཞེས་གསུངས་འདུག་པ་འདིས། མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པ་ཚང་ལ་མ་ནོར་བ་འཕགས་པའི་དགེ་འདུན་ལས་འཛིན་མཁན་གོང་ན་མེད་པ་དང༌། དེ་འདུ་ཞིང་གནས་བར་བྱེད་པའི་གཙུག་ལག་ཁང་གི་རྨང་གཞི་འདིང་ས་རྟེན་འབྲེལ་གྱི་གནད་མ་འཆུག་པ་ཞིག་དགོས་རྒྱུ་སྐབས་དེ་དུས་ནས་བཙན་པོས་ཐུགས་བསྐྱེད་རླབས་ཆེན་གནང་འདུག་པ་ནི་ཕྱིར་ལྟོས་ཀྱིས་ཤེས་ཐུབ་ལ། སྐབས་དེར་ཉང་བྲན་ཕ་བོང་ཁར་རྒྱལ་བོ་ཡབ་ཡུམ་སྐུ་མཚམས་ལ་བཞུགས་ཏེ་ཡི་དམ་ལྷར་ གསོལ་བ་བཏབ་པས་ལུང་ལྟར། ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ལྷ་ཁང་གིས་གཙོས་མཐའ་འདུལ། ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་སོགས་ཀྱིས ༢ ས་དགྲ་རྣམས་མཐའ་བཞིའི་གཙུག་ལག་ཁང་བཞེངས་པ་དེས་ལེགས་པར་མནན་ཏེ་ར་ས་འཕྲུལ་སྣང་གཙུག་ཁང་བཞེངས་པ་སོགས་ནི་བོད་ཀྱི་འབྱུང་བ་ས་ཆེན་པོར་གཙུག་ལག་ཁང་གི་རྨང་གཞི་བཏིང་ཚུལ་གྱི་ཁུངས་ལུང་ཡིན་པ་མ་ཟད། ༣ དགའ་བཞི་འཕྲུལ་སྣང་གི་གཙུག་ལག་ཁང་ཞེས་གྲགས་པ་དང༌། བསྟན་འཛིན་སྐྱེས་བུ་རྣམས་རིམ་པར་བརྒྱུད་དེ་ད་ལྟ་བོད་རིགས་ཚོའི་གྲོང་ཁྱིམ་ གྱི་སྡོད་ཁང་ཚུན་ཆད་ལའང་ཕྱག་ལེན་དེ་དག་གི་ཤན་ཧ་ཅང་ཆེན་པོ་ཐེབས་ཡོད། འོན་ཀྱང་དེང་སང་བོད་ཀྱི་ཆོས་པ་ཚོར་རང་ཡུལ་དུ་དགོན་པ་འདེབས་ཡུལ་རང་དབང་གིས་ བཙལ་འཚོལ་གཏན་འབེབས་བྱེད་དབང་མེད།

ང་ཚོས་བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རའི་སྐབས་སུ་ཡུམ་བུ་བླ་མཁར་ནང་དུ་ཆོས་ བྱེད་ལྷ་ཁང་བཙུགས་ཚུལ་གྱི་ཆེས་རིང་མོའི་དུས་ནས་མ་བཤད་ཀྱང༌། རྒྱ་མོ་ཀོང་ཇོ་བཙུན་མོར་སླེབས་དུས་ནས་མ་གྷ་ངྷའི་ཡུལ་གྱི་ཨོ་ཏནྟ་པུ་རིའི་ གཙུག་ལག་ཁང་ལ་དཔེ་བྱས་ཏེ་བོད་དུ་ར་ས་འཕྲུལ་སྣང་གཙུག་ལག་ཁང་སོགས་བཞེངས་ བསྐྲུན་བྱས་པ་ནི་ནང་པའི་ཆོས་ཀྱི་དགོངས་གཞི་དངོས་དང་མཐུན་པ་ཞིག་ཡིན། ཅི་ལྟར་ཞེ་ན། ཆོས་རྒྱལ་ཁྲི་སྲོང་སྐབས་ཕྱི་ལོ་ ༧༢༧ ནས་ ༧༣༩ བར་ལོ་བཅུ་གསུམ་ལ་བརྩིགས་པའི་བསམ་ཡས་གཙུག་ལག་ཁང་དེ། ཐོག་མ་ནས་གོང་དུ་བཤད་པའི་ས་ཆོག་ས་དཔྱད་སོགས་སྔོན་དུ་སོང་ཡོད་པ་ཙམ་དུ་མ་ཟད། མཁན་ཆེན་བོ་ངྷོས་ཏྭས་བཙན་པོའི་ཐུགས་དམ་གཙུག་ལག་ཁང་དེ་འདུལ་བ། མདོ་སྡེ། མངོན་པ་བཅས་སྡེ་སྣོད་ཐམས་ཅད་དང༌། གསང་སྔགས་རྒྱུད་སྡེ་དང་མཐུན་པ་ཞིག་བྱེད་དགོས་གསུངས་ནས་ཨོཏནྟ་པུ་རིའི་གཙུག་ ཁང་ལ་དཔེ་བྱས་ཏེ་ཞལ་བཀོད་ཞིབ་པར་གནང་ཡོད་པས། བློ་ལྡན་ཞིག་ཡིན་ཚེ་བོད་ཀྱི་གཙུག་ལག་ཁང་ངམ་དགོན་སྡེ་བཞེངས་ཚུལ་ནི་རང་སྣང་ གང་དྲན་ཞིག་མིན་པ་མི་འདོད་ཀྱང་ཁས་ལེན་དགོས་པ་ཡིན། བོད་དུ་ལྷའི་སྐུ་བཞེངས་པ་སྔ་བར་གྲགས་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དེའི་ རྒྱུ་ཆ་གནས་ཆེན་པོ་བརྒྱད་ཀྱི་ས་དང༌། ཆུ་བོ་ན་རན་ཛ་རའི་འགྲམ་དུ་བཅོམ་ལྡན་འདས་ཀྱིས་དཀའ་ཐུབ་མཛད་སྐབས་ལྷུངས་བཟེད་ བཞག་ཤུལ་གྱི་བྱེ་མ་སོགས་ཀྱིས་གྲུབ་པ་དེས་སངས་རྒྱས་བྱང་སེམས་སོགས་ཀྱི་སྣང་ བརྙན་བཞེངས་བསྐྲུན་ཐད་དབང་ལུང་ཡང་དག་ཡོད་པ་སྟོན་གྱི་ཡོད། ད་དུང་བྱ་བ་འདུལ་བ་དང་བསྟུན། ལྡེབས་རིས་མདོ་སྡེ་དང་བསྟུན། སྐུ་འདྲ་རྣམས་གསང་སྔགས་དང་བསྟུན་ཏེ་བཞེངས་པས་ལུགས་གསུམ་མི་འགྱུར་ལྷུན་གྱིས་ གྲུབ་པའི་གཙུག་ལག་ཁང་ཞེས་ས་ཆེན་པོར་ཡོངས་སུ་གྲགས་པ་སོགས་ཀྱི་བྱུང་རབས་རྒྱ་ ནག་གིས་གསན་ཀྱང་མ་གསན་ཚུལ་མཛད་པ་ནི། དཔལ་འབྱོར་རང་ལུགས་ཀྱི་སྨྱོ་ཧམ་ཆེན་པོས་ཅུང་ར་བཟི་བ་མིན་ན། སྔར་ཤིང་མོ་སྦྲུལ ༦༤༥ ལོར་སྲོང་བཙན་གྱིས་རི་བོ་རྩེ་ལྔར་ཝུ་ཐའི་ཤན་ཟེར་བའི་ལྷ་ཁང་བཞེངས་པ་དེས་ཀྱང་ གོང་བཀོད་གནས་ཚུལ་འདི་དག་མཁྱེན་ཆོག་པ་ཞིག་ལོས་ཡིན།

མཚམས་འདིར་ངས་སྤྲོས་བ་ཅུང་ཙམ་ཞུས་ན། སྔོན་ཨུ་ཡོན་ཀྲང་གཞོན་པ་ྋཔཎ་ཆེན་བཅུ་བ་ཆེན་པོས་བཀའ་བསྟན་གྱི་གསུང་རྟེན་ རྣམས་ལུད་རྫས་ཀྱི་རྒྱུ་ཆར་བེད་སྤྱོད་བྱས་ཤིང༌། རྐང་བཙུགས་ཏེ་ཐང་ཀ་དང་དཔེ་ཆ་མང་པོ་ལྷམ་མཐིལ་བཟོ་བའི་རྒྱུ་ཆ་བྱས་པའི་དངོས་ མཐོང་གི་གནས་ཚུལ་དབུ་ཁྲིད་གོང་མ་ཚོར་གསལ་བོར་གསུངས་ཡོད། གོང་གི་བྱ་སྤྱོད་དེ་མངོན་གསལ་ཅན་ཞིག་ཡིན་པས་སྐྱེས་བོ་ཀུན་ལ་དཀར་ནག་འབྱེད་ རྒྱུར་འགྲེལ་བཤད་མི་དགོས་པ་ཞིག་ཡིན་མོད། དེང་སང་དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ནི། བོད་ཀྱི་རིག་གནས་དང་ལེགས་བྱང་ཁྲོད་སིམ་འཛུལ་བྱེད་པ་དེ་རེད། དེ་ནི་རིམ་བསྒྱུར་རྩད་རྫོགས་ཀྱི་སྲིད་བྱུས་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལྷ་སྐུ་དང་དེའི་གཟུངས་བཞུགས། ཐང་ཀ་སོགས་བཞེངས་བསྐྲུན་སྐབས་རྩ་འཛིན་གང་ཡང་མི་དགོས་པ་བཟོ་ཐབས་བྱེད་ཀྱི་ ཡོད་ལ། སངས་རྒྱས་ཀྱི་སྣང་བརྙན་མགྲོན་ཁང་དང་ཆང་ཁང༌། ཟ་ཁང་གི་རྫིག་ཉམས་དོད་ཆས་སུ་འཇོག་པ་དང༌། རྩ་ཐིག་མེད་པའི་ཐང་ཀ་རྫུན་མ་སོགས་གང་སར་བཀྲམས་ཏེ་འདྲིས་ལོབས་དང་མིག་བྱང་གི་ ཐབས་ཤེས་བརྒྱུད་སྣང་མེད་དུ་འཇོག་ཐབས་དང༌། བག་ཆགས་ངོས་ཀྱི་བརྩི་བཀུར་རིམ་པར་རྩད་ནས་རྫོགས་ཐབས་བྱེད་པར་བོད་མི་ཙམ་མ་ཟད་ ནང་པ་ཚང་མས་ནམ་ཡང་དགའ་མོས་བྱེད་ཀྱི་མ་རེད། དོན་དངོས་ཆོས་ལུགས་ལ་འགན་སྲུང་བྱེད་འདོད་ན། དེའི་དགོངས་དོན་དང་འགལ་བའི་བྱེད་ཕྱོགས་ལ་སྟངས་འཛིན་བྱེད་དགོས་པ་ཞིག་ཡིན་ མོད། དེ་འདྲིའི་བཟང་སྤྱོད་རྒྱ་ནག་གཞུང་ལ་ད་བར་བྱུང་མེད་སྟབས། བསྟན་པ་འཛིན་མཁན་དང་དེ་ལ་དད་མཁན་ཡོངས་རྫོགས་ལ་གནད་དོན་དེ་དག་ཐད་ཐུགས་འཚབ་ བྱུང་དང་འབྱུང་བཞིན་པ་ཡིན།

༢ རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ནི་སངས་རྒྱས་བསྟན་པའི་སྲོག་ཤིང་ཡིན།

གོང་དུ་སོང་བ་ལྟར། དད་ལྡན་གྱི་མཆོད་གནས། སངས་རྒྱས་དང་ཆོས་དཀོན་མཆོག་གི་ཞིང་ཁམས། དགེ་འདུན་གྱི་བཞུགས་གནས་དཀོན་མཆོག་གསུམ་གྱི་ཕོ་བྲང་ངམ་དགོན་པའི་སྲོག་ཤིང དུ་གྱུར་བའི་རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་སོགས་ བོད་ཀྱི་ཆོས་པ་ཚང་མས། བོད་འདི་སྲིད་པར་གནས་འཆའ་དགོས་པའི་རྒྱུ་མཚན་ཡང་དག་གསལ་འདོན་བྱེད་རྒྱུའི་ལས་ རིམ་ནང་བྱས་རྗེས་གོང་ན་མེད་པ་བཞག་དང་འཇོག་བཞིན་པ་ཡིན།

ཆོས་སྲིད་ཟུང་འབྲེལ་དང༌། ཆོས་པས་མི་རིགས་ཀྱི་སྣེ་ཁྲིད་བྱེད་པར་རྒྱ་ནག་གཞུང་ལ་ཐུགས་དོགས་གཏན་ནས་བྱུང་ དགོས་དོན་མེད། ྋགོང་ས་ཏ྄་ལའི་བླ་མས་རིམ་པར་གསལ་བོར་ནན་ཏན་གྱིས་གསུངས་བ་བཞིན། སངས་རྒྱས་ཆོས་གཞུང་དུ་བསྟན་པའི་བཟང་བོའི་བསླབ་བྱ་མི་བུའི་ནང་སེམས་ཀྱི་བདེ་ སྐྱིད་ནས་ཁྱིམ་ཚང༌། སྤྱི་ཚོགས། རྒྱལ་ཁབ། འགྲོ་བ་མི། སྣོད་བཅུད་གཉིས་ཀ་བདེ་སྐྱིད་བག་ཕེབས་ཡོང་ཐབས་སུ་འདོམས་གནང་མཛད་པའི་རིག་པའི་ གཞུང་ལུགས་ལ་འཛམ་གླིང་ཧྲིལ་བོས་ཁས་ལེན་དང་དད་མོས། ཡིད་ཆེས་བྱེད་བཞིན་པ་དང༌། ཆོས་གཞུང་དུ་བསྟན་པའི་འཇིག་རྟེན་ཆགས་ལུགས་སོགས་དངོས་ཡོད་ཞིབ་འཇུག་གིས་ཁས་ ལེན་ཐབས་བྲལ་བར་དགག་གཞག་གིས་རིག་པའི་ལམ་སྟོན་འདོམས་གནང་མཛད་པ་སོགས་ནི་ངས་ ལྟོས་ན་ྋགོང་ས་ཏ྄་ལའི་བླ་མ་དང་བཙན་བྱོལ་གཞུང་གི་ཆོས་སྲིད་ཟུང་འབྲེལ་གྱི་གོ་ དོན་དངོས་མ་དེ་རེད། ལར་ནས་རྒྱ་ནག་གཞུང་གིས་སྔ་མོར་ཤར་ནུབ་རྒྱལ་ཁབ་ཚང་མས་བརྒྱུད་མྱོང་བའི་ཆོས་ སྲིད་ཟུང་འབྲེལ་དེ་འདྲ་ཨེ་ཡིན་བསམ་པས་ཐུགས་དོགས་གནང་དགོས་དོན་མེད་ལ། བོད་མི་རིགས་ཞེས་ས་ཆེན་པོར་གནས་དགོས་དོན་ཡང་མི་སྡེའི་སྤྱི་ཚོགས་སམ་ཡང་ན་ རྒྱལ་ཁབ་གྲངས་ཀ་ལྷག་མ་ཞིག་གི་ཆེད་དུ་མིན་ཞེས་ྋགོང་ས་མཆོག་དང་བཀའ་བློན་ཁྲི་ པས་ཡང་ཡང་གསུང་གནང་འདུག་པའང་དེ་ལ་དགོངས་བ་མིན་འགྲོ་བསམ་ལ། དོན་དངོས་འདི་དག་ནི་ཆོས་པས་ཆོས་སྲིད་གཉིས་ཀྱི་སྣེ་ཁྲིད་བྱས་པའི་དམིགས་བསལ་ གྱི་ཁྱད་ནོར་དག་ཡིན་པ་མ་ཟད། འདིས་གཞུང་སྒེར་སྒྲིག་འཛུགས་མང་པོའི་སྣེ་ཁྲིད་ནུས་པར་སློབ་སྟོན་བྱས་དང་ བྱེད་བཞིན་པ་ཡིན་པས། བོད་ཀྱི་གནས་བབ་ཤེས་རྟོགས་འཐུས་ཚང་ཡོད་མཁན་ཞིག་ཡིན་ན་ཐུགས་དོགས་གཏན་ནས་ཡོང་ མི་སྲིད་པ་ཞིག་ཡིན།

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གུ་རུ་པདྨ་སམ་བྷ་ཝ་གདན་དྲངས་ནས་ཐེག་པ་ རིམ་ དགུའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། རྗེ་འབངས་ཉེར་ལྔ་སོགས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སློབ་མ་མང་དུ་ བསྐྲུན་ཏེ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་བཙུགས། ྋསྟོན་པ་ཤ྄ཀྱ་ཐུབ་པ་ནས་སྡོམ་བརྒྱུན་(ཤ྄་རིའི་བུ། སྒྲ་གཅན་འཛིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་པོ་བོངྷིསཏྭ། ) བར་མ་ཆད་པར་ཡོང་བའི་མཁན་ཆེན་བོ་ངྷིསཏྭ་ལས་རབ་བྱུང་ངུར་སྨྲིག་གི་སྡེ་(སད་མི་ མི་བདུན)ཐོག་མར་དར་བ་ནས། རྒྱལ་ཁབ་ཀྱི་བཅའ་སྒྲིག་ཁག་མ་ཟད། ཁོང་ཚོ་འདུལ་ཁྲིམས་ཉིས་བརྒྱ་ལྔ་གསུམ་དང་བླངས་འདས་སོ་དྲུག་སོགས་སྲུང་བའི་ སྤྱི་ཚོགས་ཤིག་ཏུ་གྲུབ་ཡོད་ལ། སད་མི་མི་བདུན་ནས་ཉི་མ་དེ་རིང་བར་སྡོམ་རྒྱབ་ནས་ཞུས་ན། རབ་བྱུང་བས་བོད་མི་རིགས་དང་འགྲོ་བ་མི་ཡོངས་ལ་ཕན་བདེ་རླབས་ཆེན་བསྐྲུན་ཡོད་ པས། དམིགས་བསལ་སྡོམ་པར་ཚུལ་བཞིན་གནས་པའི་གང་ཟག་ཞིག་སྲིད་ཀྱི་སྣེ་མོར་སླེབས་ན་ དེ་ལ་ལེགས་ཚོགས་ལས་གནོད་རིགས་ཡོང་གཞི་གཏན་ནས་མེད། འོན་ཀྱང༌། རྒྱ་ནག་གཞུང་འཛིན་གུང་བྲན་ཏང་གིས་ཏང་མི་བྱེད་དགོས་ན་ཆོས་དད་བྱེད་མི་ཆོག་ པའི་ཆ་རྐྱེན་བཀོད་པ་དེ། མདོ་དོན་རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་པའི་ནང་བོད་རིགས་ལྟ་བུའི་གྲངས་ཉུང་མི་ རིགས་གཞན་རྣམས་གཏན་འགོག་བྱེད་ཐབས་མིན་ན། དུས་རབས་ཉེར་གཅིག་པ་འདིའི་ནང་གཞི་ནས་མར་ལེའི་རང་ལུགས་དགག་སྒྲུབ་བྱེད་པའི་ དུས་ཚོད་ཡིན་པ་གསལ་བོ་རེད། གལ་སྲིད་ཆོས་པས་སྲིད་ལ་ཐེ་བྱུས་བྱེད་མི་ཆོག་ཚུལ་དང༌། སྒོས་སུ་ནང་པའི་རབ་བྱུང་བ་སྲིད་ཀྱི་སྣེ་མོར་སླེབས་ན་རྒྱ་གཞུང་ལ་རིག་པ་དང་ ལྡན་པའི་རེ་དོགས་མཆིས་ཚེ། ང་ཚོས་ཤེས་ཡོན་དང་བགྲོ་གླེང་གི་དུས་རབས་འདིར་ཕྱི་གསལ་ནང་གསལ་དང་གུས་བརྩི་ཆེན་པོས་ཉན་ཞིབ་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡིན།

བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ་ཁྲི་ལ་འཁོད་མ་ཐག ཁོང་གིས་གཞིས་བྱེས་བོད་རིགས་ཡོངས་ལ་གསུང་འཕྲིན་ཞིག་གནང་བའི་ནང་གལ་སྲིད་རབ་ཏུ་བྱུང་བས་བྱ་མི་འོས་པའི་ལས་དོན་ཞིག་བཀའ་བློན་ཁྲི་པའི་འགན་ཁུར་དུ་ བབས་ན་རང་གི་སྡོམ་པ་དང༌། བཀའ་ཁྲིའི་གོ་གནས་གཉིས་གདམ་ཁ་བྱེད་རྒྱུའི་རང་དབང་དོར་མེད་ཞེས་གསུངས་ཡོད་པ་འདིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང༌། འཚེ་མེད་ཞི་བ། མང་གཙོའི་འཕེལ་རིམ་གྱི་ལམ་ལུགས་འོག་བོད་ལ་རབ་བྱུང་བས་སྣེ་ཁྲིད་མི་ཆོག་པའི་གཞུང་འཛིན་ཞིག་ཡོང་ཐབས་མེད་པ་འདོམས་གནང་མཛད་ཡོད། སྤྱིར་འདུལ་བའི་བསྟན་པ་ནི་རབ་བྱུང་བ་ཁོ་ནས་བཟུང་ཡོད་པ་ལས། རྒྱ་ཁྱབ་ཡོངས་གྲགས་ཀྱིས་བགྲོ་གླེང་གི་མདུན་ཅོག་སྟེང་བཞག་ཆོག་པ་ཞིག་མིན་ཡང༌། གལ་སྲིད་རྒྱ་ནག་གཞུང་གིས་བླ་མ་དང་གྲྭ་བ་སྲིད་ཀྱི་སྣེ་མོར་སླེབས་མི་ཆོག་པའི་ དགག་གཞི་འདུལ་ཁྲིམས་ལས་རྙེད་དེ་ཕྱིར་བཏོན་པ་ཡིན་ན། བསྟན་པའི་དགོས་དབང་གིས་ང་ཚོས་ཀྱང་ཡོངས་ཁྱབ་ཏུ་ལན་ཞུ་མི་ཆོག་པ་ཨེ་ཡོད་བསམ།

༣ བསླབ་པ་སློབ་གཉེར་གནང་རྒྱུར་བཀག་འགོག་བྱས་ན་རབ་བྱུང་བའི་རྩ་དོན་བརླག་ཟིན་པ་ལྟ་བུ་རེད།

ང་ཚོས་རབ་བྱུང་བར་ལྡན་པའི་དམ་སྡོམ་གླེང་བ་དེ་ཙམ་གྱིས་ཁོང་ཚོའི་རྒྱུན་གྱི་བྱེད་སྒོ་རྣམས་མངོན་མི་ཐུབ་པ་ལྟ་བུ་ཞིག་ཡིན་ཞིང༌། དེའི་ནང་ནས་ཀྱང་བསླབ་པ་སློབ་གཉེར་གྱི་མྱོང་བས་བརྒྱན་ཞིང་རབ་བྱུང་གི་བཅོས་ པར་ཚུལ་བཞིན་གནས་མཁན་ཞིག་ཡིན་ན་ང་ཚོས་ད་གཟོད་དགེ་འདུན་དཀོན་མཆོག་གི་གྲས་སུ་ འཇོག་གི་རེད།སློབ་གཉེར་ནི་བོད་ཀྱི་ནང་པའི་གྲུབ་མཐའ་ཚང་མས་དམིགས་བསལ་གལ་ཆེའི་ནང་གི་དོན་ ཆེར་ བརྩི་བཞིན་ཡོད་ལ། ྋགོང་ས་ྋཏ྄་ལའི་བླ་མ་ྋབཅུ་བཞི་པ་ཆེན་པོ་ྋབསྟན་འཛིན་རྒྱ་མཚོའི་སྐབས་ནང་ཆོས་ སློབ་གཉེར་གྱི་རིམ་པ་བོད་སྤྱི་ཚོགས་སུ་རྒྱ་ཁྱབ་ཀྱིས་སྤེལ་ཡོད་པས། ནང་དོན་རིག་གནས་ཀྱིས་མི་རིགས་ཤིག་འཛིན་སྐྱོང་ཐུབ་མིན་གྱི་ར་སྤྲོད་ལོ་རྒྱུས་ ཀྱིས་གསལ་བཤད་བྱེད་ཀྱི་རེད།

བོད་ཀྱི་ནང་དོན་རིག་གནས་ནི་འཛམ་གླིང་འདིར་འཐུས་ཚང་ཤོས་ཡིན་པ་དང༌། དེའང་བོད་རང་གི་སྐད་ཡིག་ཐོག་ལེགས་སྦྱར་གྱི་སྐད་དང་ཚད་མཉམ་པའི་སློབ་གཉེར་ ཡོངས་སུ་བྱེད་ཐུབ་ཀྱི་ཡོད་པ་དེས། སློབ་གཉེར་གྱི་སྔོན་འགྲོའི་ཆ་རྐྱེན་གལ་ཆེ་ཤོས་ནི་བོད་སྐད་ཡིག་ལ་བྱང་ཆུབ་པ་ བྱ་རྒྱུ་དེ་རང་བཞིན་གྱིས་ཆགས་ཡོད་པ་རེད། མིང་སྙན་པོའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲིད་བྱུས་ནང་ལ་གནད་དོན་དེ་དག་གི་ ཕྱོགས་ཙམ་ཡང་གླེང་མེད།

བཙན་བྱོལ་གཞུང་ནས་དགོན་སྡེ་ཙམ་མ་ཟད་སློབ་གྲྭ་ཁག་ཏུའང་ནང་ཆོས་སློབ་གཉེར་ གྱི་རིམ་ པ་གཏིང་ཟབ་ཚང་ལ་མ་ནོར་བ་བཙུགས་ཡོད་ཅིང༌། དེ་ལས་ཀྱང་ཐུན་མོང་གི་གཞི་རྟེན་ཞིག་གི་ཆེད་དུ་བཙན་བྱོལ་བའི་སློབ་གྲྭ་ཁག་ཏུ་ རྒྱའི་སྐད་ཡིག་སློབ་རྒྱུའི་ལས་རིམ་བཙུགས་དང་འཛུགས་པར་རྟིང་གནོན་བྱེད་བཞིན་ ཡོད་ནའང༌། རྒྱ་གཞུང་གིས་གཞུང་འབྲེལ་ནང་ཆོས་སློབ་གཉེར་གྱི་སློབ་ཚན་གཏན་འབེབས་བྱས་མེད་ པ་དེས་དོན་དམ་སངས་རྒྱས་ཆོས་ལུགས་ལ་སེམས་ཁྲལ་ཅི་ཙམ་བྱེད་བཞིན་པ་རྟོགས་ཐུབ།

རབ་བྱུང་བའི་སྡེ་ནི་སློབ་གྲྭ་བ་ལྟར་མཐར་ཕྱིན་མཚམས་ལོག་འགྲོ་རྒྱུ་ཞིག་མིན་པ་ དང༌། ཁྱིམ་ནས་ཁྱིམ་མེད་པར་རབ་བྱུང་བ་ཞེས་པའི་ནང་དོན་ལྟར་བོད་གཞུང་དང་དགོན་སྡེ་ ཁག་གིས་ཁོང་ཚོའི་སློབ་གཉེར་གྱི་དུས་ཡུན་དང་རིམ་པ་རྣམས། བསྟན་པ་དང་སྤྱི་དང་རབ་བྱུང་བ་མི་རེ་ངོ་རེར་གཞིགས་པའི་ལམ་སྲོལ་ཚད་ལྡན་གཏན་ འབེབས་གནང་ཡོད་ཀྱང༌། དེང་རྒྱ་གཞུང་གིས་རང་སྣང་གང་དྲན་གྱིས་དགེ་བཤེས་དང༌། མཁན་པོ། ཐ་ན་དགའ་ལྡན་ཁྲི་པའི་མཚན་གནས་ཚུན་ཆད་རང་བཟོ་བྱེད་ཀྱི་ཡོད་པ་ལས། སྔ་མོའི་ལུགས་ལྟར་གཙོ་བོ་སློབ་གཉེར་གྱི་གྲུབ་དོན་དང༌། འདུལ་བར་ཚུལ་བཞིན་གནས་མིན་དཔྱད་ཞིབ། ལྷ་དང་བླ་མར་ལུང་བརྟག འདུས་མང་ལ་གྲོས་འདྲི་བ་སོགས་ཀྱི་ལམ་སྲོལ་བརྩི་མེད་རྡོག་རུལ་གཏོང་བ་སོགས་ནི་ གཏན་ནས་མ་འོས་ཤིང༌། ཐ་ན་སེ་འབྲས་དགེ་གསུམ་གྱི་འཇང་དགུན་ཆོས་ཀྱང་སྔར་ལྟར་ཚོགས་རྒྱུ་ཁྱོན་ནས་ཡོང་ གི་མེད། དོན་དངོས་ཆོས་ཀྱི་བྱེད་སྒོར་འགན་སྲུང་བྱེད་འདོད་ན་ཆོས་ལུགས་ཀྱི་དགོངས་དོན་ དང་ཡུལ་དུས་གནས་བབ་གཞི་ལ་བཞག་པའི་སློབ་གཉེར་ལམ་སྲོལ་གྱིས་ཆོས་གཅེས་བྱས་ན་ རྒྱལ་གཅེས་རང་བཞིན་གྱིས་ཡོང་གི་རེད།

༤ ཆོ་ག་ཕྱག་ལེན་ནི་ཆོས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་དང་འབྲེལ་བ་དམ་ཟབ་ཡོད།

གོང་དུ་སོང་བའི་དགོན་སྡེ་འདེབས་ཚུལ་དང༌། བསྟན་འཛིན་གྱི་སྐྱེས་བུ་བྱུང་སྟངས། བསླབ་པ་སློབ་གཉེར་བྱེད་ཕྱོགས་བཅས་ཀྱི་འགྲོ་ལམ་ཚང་ལ་མ་ནོར་བ་ཞིག་ཡོད་ན། ཆོ་ག་ཕྱག་ལེན་གྱི་རིམ་པ་ཅི་ལྟར་བྱུང་མིན་བློས་དཔོག་ཐུབ་པ་ཞིག་ཡིན། སྤྱིར་བསྟན་པ་ལ་ལུང་རྟོགས་གཉིས་ཡོད་ཅིང༌། ཐང་ཀ་དང་དཀྱིལ་འཁོར་སྐུ་འདྲའི་རིགས་ནི་རྟོགས་པའི་བསྟན་པ་རི་མོའི་ལམ་ནས་ མཚོན་ཐུབ་ཀྱིས་གདུལ་བྱར་གོ་བ་བདེ་ལེགས་ཡོང་ཐབས་ཀྱིས་ཡིན་ལ། དེང་གི་ཚིག་གིས་བཤད་ན་སྒྱུ་རྩལ་གྱི་རྣམ་པས་གཞན་ལ་གོ་བརྡ་སྤྲོད་པ་དེ་ཡིན། ཆོ་ག་ཕྱག་ལེན་ནི་ལུང་གི་བསྟན་པའི་ཁོངས་སུ་གཏོགས་ཤིང༌། དེ་ཡང་མང་ཆེ་བ་སྔགས་ཕྱོགས་ཀྱི་སྒྲུབ་པ་ཉམས་ལེན་བྱེད་སྟངས་དང་འབྲེལ་ཆེ་ལ། ཕྱག་ལེན་ཞེས་པས་ཚིག་གིས་ཀྱང་ཁུངས་ལུང་དང་བརྒྱུད་པ་བར་མ་ཆད་པར་ཡོད་པ་ཞིག་ཐད་ ཀར་སྟོན་ཐུབ་པ་རེད།

བོད་ ཀྱི་གྲུབ་མཐའ་སོ་སོའི་དགོན་མ་ལག་ཚང་མར། རང་རང་གི་ཆོ་ག་ཕྱག་ལེན་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས། བྱིན་རླབས་དང་དབང་ལུང་གིས་བར་མ་ཆད་པར་ཡོད་ཁར། བླ་མའི་བཀས་གནང་བ་ཐོབ་དགོས་པ་སོགས་ནི་དགེ་སློང་བགྲེས་བོ་རྣམས་ལ་སྐད་ཆ་དྲིས་ བས་ཀྱང་ཞིབ་ཏུ་མཁྱེན་ཐུབ་པ་ཞིག་རེད། ཡིན་ནའང་རྒྱ་གཞུང་གིས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ནང་ཆོ་ག་ཕྱག་ལེན། དབང་ལུང་མན་ངག་དཀོན་རིགས་སླར་གསོ་བྱེད་རྒྱུའི་ཚིག་ཙམ་ཡང་ཐོན་མེད་པ་དེས་བོད་ ཀྱི་ཆོས་ལ་འགན་ཁུར་ག་ཚོད་བྱས་ཡོད་མེད་ཤེས་ལ། ད་དུང་དེ་ལས་ཀྱང་གསལ་བོར་ཤེས་དགོས་པ་ཞིག་ནི་བོད་ཀྱི་ཆོས་པ་ཚོའི་ཕྱོགས་ནས་ རྒྱ་གཞུང་གིས་བརྩེ་དུང་དང་ཡིད་ཆེས་ཅི་ཙམ་རེག་ཡོད་མེད་ཀྱང་འཛམ་གླིང་ཀུན་གསལ་ རེད།

མིག་ལྡན་ཡོངས་ཀྱིས་ཤེས་གསལ་ལྟར། བོད་ཀྱི་ཆོས་པ་ཚོར་རང་གི་རྩ་བའི་བླ་མའི་སྐུ་པར་མཆོད་ཁྲིར་འཇོག་དབང་མེད་ལ། དེ་ནི་གཞི་རྩའི་ཆ་ནས་བཤད་ན་ཆོས་པ་ཚོའི་དད་པ་བྱེད་སྟངས་ལ་ཚད་བཀག་བྱས་པ་ཡིན་ ཞིང༌། རྩ་བའི་བླ་མ་བླ་མར་བརྩི་མི་ཆོག་པའི་བཙན་བཀའ་བཏང་བ་དེས་ཁོང་ཚོས་ནང་པའི་ སྐྱབས་གནས་དཀོན་མཆོག་གསུམ་ལ་བསམ་བཞིན་ཁྱད་གསོད་བྱས་པ་གསལ་བོར་བསྟན་པ་རེད། ལྟ་གྲུབ་སོགས་གཞི་རྩའི་ཆོས་ལུགས་མི་གཅིག་པ་ཞིག་ཡིན་ཀྱང་བོད་ཀྱི་ཆོས་པ་ཚོས་ བརྩི་བཀུར་དང༌། བསམ་ཚུལ་བརྗེ་རེས་བྱེད་དགོས་པ་བོད་ཀྱི་རྩ་བའི་བླ་མ་ྋཏ྄་ལའི་བླ་མས་ཡང་ཡང་ འདོམས་བཞིན་ཡོད་པས། ཆོས་མི་ཤེས་མཁན་གྱིས་ཆོས་ལུགས་ལས་དོན་ལ་སྟངས་འཛིན་བྱེད་མི་ཐུབ་པ་སྔོན་ནས་ཤེས་ཐུབ་པ་ཞིག་རེད།

༥ ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང་དོལ་རྒྱལ་སྐོར་རྒྱ་ནག་གིས་ཅི་ལྟར་མཁྱེན་ཐུབ་བམ།

ཡང་སྲིད་ལམ་ལུགས་ནི་བོད་ཀྱི་ནང་པའི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་ཡིན། ལོ་རྒྱུས་ཀྱི་བརྩེགས་རིམ་ངོས་ཀྱི་ཡང་སྲིད་ལྟ་སྟངས་ཐད་སོར་སྐྱེས་ཕལ་བར་བསམ་ཚུལ་སྣ་ཚོགས་ཡོད་པ་བཞིན། ང་ཚོས་ཀྱང་དེ་མཚུངས་ལྟར་གྲོས་ལ་དབང་བ་འདྲ་བྱུང་ན་བགྲོ་གླེང་བྱེད་རྒྱུར་འཇིགས་ཞུམ་ཡོང་དོན་མེད་པས་སྙིང་གསོན་པོ་རྙེད་ཡོད།

ཀརྨ་པ་དུས་གསུམ་མཁྱེན་པས་རང་གི་སྐུ་ཚེ་ཕྱི་མ་གང་དུ་འཕོ་བའི་ལུང་བསྟན་ སྐྱེ་བོ་ཕལ་བ་སྒྲུང་གཏམ་གྱི་དཔེར་ཟླར་སོང་བ་བཞག་ནས་བཟུང་ཡང་སྲིད་ལམ་ལུགས་ ཀྱི་ཤིང་རྟའི་སྲོལ་ཕྱེས་ཤིང༌། ཀརྨ་པ་བཅུ་དྲུག་པའི་ཞལ་ཆེམས་ལྟར་ངོས་འཛིན་གནང་བའི་ཀརྨ་པ་བཅུ་བདུན་པར་རྒྱ་ ནག་གཞུང་གིས་བརྩི་བཀུར་གོང་ན་མེད་པ་ཞུས་ཡོད་པ་དེ། ང་ཚོས་བོད་དུ་དར་བའི་ཡང་སྲིད་ལམ་ལུགས་ལའང་བརྩི་བཀུར་བྱས་པར་ངོས་འཛིན་བྱེད་ ཀྱི་ཡོད། དེ་མ་གཏོགས་རྒྱ་ནག་གཞུང་ལ་ཞལ་ཆེམས་དེ་ལས་ལྷག་གི་ངོས་འཛིན་གནང་སྟངས་ཀྱི་བློ་ མིག་ཅི་གང་ཡང་མེད་པ་གསལ་བོ་གསལ་རྐྱང་རེད།

འདས་པའི་ནང་གི་རྒྱ་ནག་གཞུང་གི་གསེར་བུམ་དཀྲུགས་འདོན་གྱི་བཙན་འཛུལ་བྱེད་ སྟངས་སམ་ དཔོན་པོ་འཁྲབ་སྟངས་དེ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཟིན་པ་དང༌། ད་ལྟ་རྒྱལ་སྤྱིའི་ལོ་རྒྱུས་སྨྲ་བ་ཚང་མའི་མིག་ལམ་དུ་གསལ་བོ་གྱུར་ཟིན་ཡང༌། རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་ཞེས་པའི་བྱིས་པ་ཞིག་ལ་བཙན་དབང་གིས་ྋཔཎ་ཆེན་ རིན་པོ་ཆེའི་ཡང་སྲིད་ཡིན་ཁུལ་བྱེད་དུ་བཅུག་ཡོད། འཛམ་གླིང་ནང་ལོ་ན་ཆུང་ཤོས་ཀྱི་ཆབ་སྲིད་བཙོན་པར་གྲགས་པྋཔཎ་ཆེན་སྐུ་ཕྲེང་བཅུ་ གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་བཙོན་འོག་ནས་ཅི་ཙམ་གནས་པ་དེ་སྲིད་དུ། རྒྱལ་མཚན་ནོར་བུས་ཀྱང་འགྲོ་བ་མིའི་ཐོབ་ཐང་མ་རེག་པར་རྒྱ་གཞུང་གི་བཙན་དབང་ འོག་བླ་མ་འཁྲབ་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས། བཙོན་ཁང་མ་འདྲ་བར་བཀག་པའི་བོད་ཀྱི་ཁྱེའུ་གཉིས་བེད་སྤྱོད་ཀྱིས་བོད་ཀྱི་ཡང་ སྲིད་ལམ་ལུགས་བསམ་བཞིན་ཆབ་སྲིད་ནང་བེད་སྤྱོད་གཏོང་གི་ཡོད།

མན་ཇུའི་གོང་མ་ཆན་ལུང་གིས་ ༡༧༩༣ ལོར་རང་གི་རྩ་བའི་བླ་མར་རྩ་ཚིག་དོན་ཚན་ཉེར་དགུ་ཡོད་པའི་བསམ་འཆར་ཕུལ་བར་བོད་ གཞུང་གིས་སྙིགས་དོར་བཅུད་ལེན་བྱས་ཡོད་ཅིང༌། དེའི་ནང་གསེར་བུམ་དཀྲུགས་འདོན་གྱིས་ཡང་སྲིད་ངོས་འཛིན་ཐད། མཐའ་གཅིག་ཏུ་དེ་བརྒྱུད་ངོས་འཛིན་བྱེད་དགོས་པར་ངོས་ལེན་བྱས་མེད་པ་བྱུང་རབས་ སུ་གསལ་ཞིང༌། དེའི་ནང་གི་དཔེ་མཚོན་གཅིག་ནི་ྋགོང་ས་བཅུ་བཞི་པ་ཆེན་པོ་མཆོག་ཡིན། ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ནི་སྐྱེས་བོ་ཕལ་བས་རང་དགར་བཀོད་ཁྱབ་བཏང་ཆོག་པ་ ཞིག་མིན་ལ། དེ་ནི་སྤྲུལ་སྐུ་རང་ཉིད་ཀྱིས་སྔོན་གནས་རྗེས་དྲན་དང༌། མངོན་ཤེས་ཅན་གྱི་བླ་མ་དང་ལྷ་སྲུང་ལ་ལུང་ཞུ་བ། ཡང་ན་མཚོ་གཟིགས་གནང་བ། ཟན་རིལ་བསྒྲིལ་རྒྱུ་སོགས་ཆོས་ཀྱི་རྟོགས་པ་མཐོན་པོར་སླེབས་པའི་གང་ཟག་ཞིག་ གིས་ཐག་གཅོད་བྱེད་རྒྱུ་ལས་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་བཏང་མི་ཆོག་པ་ གསལ་ཡང༌། རྒྱ་གཞུང་གིས་ས་ལམ་རྟོགས་པ་སོགས་ཁས་ལེན་འདོད་རྩ་ནས་ཡོད་པ་མ་རེད་ལ། ཐ་ན་ཁོང་ཚོས་ཡང་སྲིད་ལམ་ལུགས་འདི་རྩ་བ་ནས་རྫུན་མ་ཞིག་ཏུ་བརྩི་གྱིན་ཡོད།

ཡང་ཡ་མཚན་པ་གཞན་ཞིག་ནི་དོལ་རྒྱལ་གྱི་སྐོར་རེད། ྋགོང་ས་མཆོག་གིས་དོལ་རྒྱལ་བཀག་པ་འདི་ནང་པ་ནང་ཁུལ་གྱི་དམ་ཚིག་གི་གནས་ཚུལ་ ཞིག་ལས་རྒྱ་ནག་གཞུང་གི་སྲུང་མ་ཡིན་པས་མིན་ཀྱང༌། ཆོས་ཞེས་པ་རྨོངས་དད་ཁོ་ནར་བརྩི་བའི་གུང་བྲན་ཏང་གིས་ད་ལྟ་དོལ་རྒྱལ་ཟེར་བའི་ མི་མ་ཡིན་པ་ཞིག་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད། ཁོང་ཚོས་དོལ་རྒྱལ་སྲུང་སྐྱོབ་བྱེད་སྟངས་ནི་ནང་པའི་ཆོས་ཀྱི་གཞན་ཕན། སྙིང་རྗེ་སོགས་དང་རྒྱབ་འགལ་དུ་གྱུར་བའི་དྲག་སྤྱོད་པའི་ལས་ཀ་གཞིས་བྱེས་གཉིས་ སུ་སིམ་འཛུལ་བྱེད་པར་བཀོད་སྒྲིག་གང་ཐུབ་བྱེད་ཀྱི་ཡོད་ལ། དགེ་བཤེས་བློ་བཟང་རྒྱ་མཚོ་དང་ཁོང་གི་དགེ་ཕྲུག་གཉིས་བཅས་གསོད་མཁན་ལ་རྒྱ་ གཞུང་གིས་གདན་འདྲེན་ཞུས་པ་ནི་རྒྱ་ གཞུང་རང་གིས་བཞེད་པའི་ཆོས་དད་རང་མོས་སྲུང་སྐྱོབ་ཀྱི་ལས་རིམ་ནང་གི་བྱས་ རྗེས་་ཆེ་ཤོས་དེ་རེད།

ང་ཚོས་བརྩི་བཀུར་ཆེན་པོས་འཛམ་གླིང་གི་བོད་དོན་ཞིབ་འཇུག་པ་ཚོར་དགའ་མོས་ ངང་བཙན་བྱོལ་སྤྱི་ཚོགས་སུ་ཕེབས་བསུ་ཞུས་ཡོད་ལ། བོད་ནང་གི་དངོས་ཡོད་རྟོགས་པར་བྱེད་རྒྱུ་སྐུལ་མ་ཡང་ཡང་བྱེད་ཀྱི་ཡོད། དེའི་བློ་གཟུ་བོར་གནས་པ་མང་པོས་བོད་མིའི་གཞི་རྩའི་ཁྱད་ཆོས་ལ་བསྟོད་བསྔགས་ བྱེད་ཀྱི་ཡོད། བསྟོད་བསྔགས་གཏོང་སའི་དཔེ་མཚོན་ཆུང་ཤོས་གཅིག་ནི་དོལ་རྒྱལ་རྗེས་འབྲངས་པས་ རྒྱ་ནག་གཞུང་གི་བཀའ་ལྟར་གཞིས་བྱེས་གཉིས་སུ་སྤྱི་ཚོགས་བདེ་འཇགས་དང༌། ཆོས་ཀྱི་བྱེད་སྒོར་བརྡབ་གསིག་ཚབས་ཆེན་བཟོས་ཀྱང༌། བོད་པ་ཚོས་འཚེ་བའི་ལན་ལ་བཟོད་པ་བསྟེན་པ་དེ་རེད།

༦ མཐའ་བསྡོམས།

གོང་དུ་བཤད་པའི་ཆོས་ཀྱི་བྱེད་སྒོ་རང་དབང་གིས་སྤེལ་མ་ཆོག་པའི་གནས་ཚུལ་འདི་ དག་ལ། རྒྱ་ནག་གཞུང་གིས་བཟང་སྤྱོད་དང་ལྡན་པའི་ངོས་ལེན་དང་བརྩི་བཀུར་བྱས་ན། ཆོས་དད་རང་མོས་ཞེས་པའི་ནང་དོན་ཡོངས་རྫོགས་ཞིབ་ཚགས་པོས་ཉམས་ལེན་བྱེད་རྒྱུར་ མི་མང་གིས་དགའ་བཞིན་སྤྲོ་བཞིན་འདོད་མོས་བྱེད་རྒྱུ་རེད། འོན་ཀྱང་ད་དུང་མུ་མཐུད་ནང་དོན་མེད་པའི་ཆོས་དད་རང་མོས་ཞེས་པ་ཡིག་འབྲུ་བཞི་ བོའི་རྣམ་པ་ནས་བསྒྱུར་རྒྱུ་རེ་དོགས་དང་འཇིགས་ཞུམ་མུ་མཐུད་གནང་ན། བོད་རིགས་ཚོའི་སེམས་ལ་ཅི་ཙམ་གྱི་ཁ་བྲལ་གྱི་ས་བོན་འདེབས་བཞིན་པ་ངེས་པར་དུ་ མཁྱེན་དགོས་པ་ཞིག་རེད།

༢༠༡༠ཟླ༡༠ ཚེས་ ༢༦ ཉིན་རྡ་རམ་ས་ལ་ནས།
ལན་འདེབས་ཨང༌། ༠༠༡༡
དཔྱད་ཡིག།
༡ བཀའ་ཆེམས་ཀ་ཁོལ་མའི་ཤོག་ངོས་ ༢༡༢ སུ་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་པར་མ།
༢ བཀའ་ཆེམས་ཀ་ཁོལ་མའི་ཤོག་ངོས་༡༣༦དང༌། སྲིན་དོན་རྒྱལ་རབས་ ༡༥༠། བུ་སྟོན་ཆོས་འབྱུང༌། བསམ་ཡས་ཆོས་འབྱུང་སོགས་སུ་གསལ།
༣ སྲིད་དོན་རྒྱལ་རབས་ཤོག་ངོས་ ༡༥༡ དུ་དགའ་བཞི་ཞེས་པ་ནི་སྒོ་བཞི་གཞལ་ཡས་ཁང་གི་ལུགས་སུ་བྱས་པས་ཆོས་པ་རྣམས་དགའ། རྩིག་པ་གཡང་དྲུང་གི་རིས་སུ་བྱས་པས་བོན་པོ་རྣམས་དགའ། ཀ་བ་ཕུར་བུའི་དབྱིབས་སུ་བྱས་པས་སྔགས་པ་རྣམས་དགའ། ཕྱམ་དང་དྲལ་མ་མིག་མང་གི་རིས་སུ་བཀོད་པས་འབངས་རྣམས་དགའ་བས་དགའ་བཞི་ཟེར།

ཡང་ ཀ་ཆེམས་ཀ་ཁོལ་མའི ༢༢༡ ནས ༢༢༢་བར། སྐྱེ་བོ་ཕལ་བ་དང་མཐུན་པར་གཟིངས་འབྲིང་པོའི་ཚད་དང་མཉམ་པར་རྨང་གྲུ་བཞིར་ བཏིང༌། འཇིག་རྟེན་པ་དང་མཐུན་པར་མིག་མངས་རིས་སུ་བཏིང༌། བོད་པོ་དང་མཐུན་པར་ནང་གི་ས་གཞི་གཡང་དྲུང་རིས་སུ་བཏིང༌། རབ་བྱུང་བཙུན་པ་དང་མཐུན་པར་དྲིའི་གཙང་ཁང་དུ་བྱས། སྔགས་པ་རྣམས་དང་མཐུན་པར་ཁྲོ་བོ་བཅུའི་དཀྱིལ་འཁོར་རིས་སུ་བྲིས། ཀ་བ་ཐམས་ཅད་ཕུར་བའི་གཟུགས་སུ་བྱས། མཐོངས་ཀ་དྲ་བ་དྲ་ཕྱེད་བྱས། ཕྱི་ནི་དུར་ཁྲོད་ཆེན་པོའི་ཚུལ་དུ་ཡོད་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་བརྡར་བྱས་རྒྱ་གར་གྱི་ལྷ་ཁང་ གང་ལེགས་པ་དཔེ་བྱས་ནས་བརྩིགས་པས། སོགས་ཤིན་ཏུ་མང་ཡང་ཚིག་ལ་འཇིགས་ནས་མ་བྲིས།

༤ ཟམ་གདོང་རིན་པོ་ཆེའི་གསུང་འཕྲིན་ནང་གསལ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་པར་མ་དེའི་ཤོག་ངོས་ ༡༥ རུ་གསལ།

༥ ཡིག་འབྲུ་ཁྲི་བདུན་སྙན་ཞུ། ཤོག་ངོས་ ༧༣ དུ་གསལ།

ཟུར་ཞུ། བསམ་ ཡས་གཙུག་ལག་ཁང་བཞེངས་ཡུན་ནི་ཞལ་མི་མཐུན་པ་ཞིག་འདུག་ཅིང༌། གཅིག་མེ་མོ་ཡོས་བུའི་ལོ་ནས་ས་མོ་ཡོས་ཡིན་པ་བུ་སྟོན་ཆོས་འབྱུང་ཤོག་ངོས་ ༡༨༦ ཏུ་གསལ་ཡང༌། བོད་ནས་པར་བཏབ་པ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ ལོང་གི་ཤོག་ངོས་ ༡༤༧ དུ། རེབ་གོང་རྩེ་གཞུང་ལྷ་མོ་སྐྱབས་ཀྱིས་མཛད་པའི་རྙིང་མའི་གྲུབ་མཐའི་རྣམ་བཞག་ནང༌། སློབ་དཔོན་བོད་དུ་ཕེབས་ པའི་ལོ་དེ་ཉིད་ལ་བསམ་ཡས་ཀྱི་རྨང་བཏིང༌། རྨང་བཏིང་བ་དེ་ནས་བཞི་འདས་པའི་མེ་རྟ་ལ་བསམ་ཡས་ཀྱི་རབ་གནས་དང༌། དེའི་ཕྱི་ལོ་མེ་ལུག་ལ་སད་མི་མི་བདུན་རབ་ཏུ་བྱུང༌། རྦ་བཞེད་ན་བསམ་ཡས་བཅུ་གསུམ་ལ་འབྱོངས་ཟེར་ཀྱང་སད་མི་མི་བདུན་རབ་ཏུ་བྱུང་བ་དང་འགབ་མི་འགྲིག་པས་ཐང་ཡིག་དང་འགོས་ལོ་ཆེན་པོའི་དགོངས་པ་བཞིན་ལོ་ལྔ་ལ་འབྱོངས་པ་འདི་འཐད་དོ་ཞེས་གསུངས་འདུག་པ་དང༌། ཡང་དེའི་རྒྱབ་ངོས་སུ་བསམ་ཡས་ཀྱི་རྨང་བཏིང་ནས་བཞེངས་པས་ལྷ་འདྲེ་རྣམས་ཀྱིས་ཀྱང་གྲོགས་དན་བྱས་ཏེ་ལོ་ལྔ་ ལ་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་དང་བཅས་པའི་ཚུལ་དུ་ཡོད་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང༌། བཙུན་མོ་གསུམ་གྱི་གླིང་དང་བཅས་པ་གྲུབ་ཅེས་གསུངས་བབ་ལ་གཞིགས་ན། དངོས་གནས་དག་པའི་སྣང་ངོར་ལྷ་འདྲེ་སྡོང་གྲོགས་སུ་བྱོན་རྒྱུ་ཐེ་མི་ཚོམ་ཡང༌། མ་དག་པ་མི་དང་ལྷག་པར་རྒྱ་གཞུང་གི་ལོ་རྒྱུས་དཔྱད་ཞིབ་པ་ཚོའི་ངོར་དེ་ཡང་འགྲིག་མིན་དོགས་པ་དང༌། རི་རབ་གླིང་བཞི་གླིང་ཕྲན་ཞེས་བགྲང་བ་ཙམ་གྱིས་ཀྱང་ཡིད་ལ་ལོ་ལྔ་ལས་བཅུ་གསུམ་ཞེས་ན་ཅུང་དོན་ལ་མི་མཐུན་ནམ་བསམ་པའི་འོལ་ཚོལ་གྱིས་ཁོ་བོས་ལོ་བཅུ་གསུམ་ཞེས་བྲིས་ཡོད་པ་ལས། མཁས་བ་གོང་མ་ཚོའི་གསུང་ལ་དཔྱད་ཞིབ་ཀྱིས་མྱོང་བ་ཐོན་ཏེ་མིན། སྐུ་ངོ་ཞྭ་སྒབ་པས་ཐེ་ཚོམ་དང་ནེམ་ནུར་གང་ཡང་མེད་པར་ལོ་བཅུ་གསུམ་ཅན་དེ་མར་ལུང་དྲངས་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
གདོང་སྨན་ཅན་གྱིས་དྲི་བ་འདི་ལ་ལན་རྒྱབ་མ་ཐུབ་པ་ག་རེ་གནོངས་བ་ཡིན་ན་དང་ཐོག་རྩོམ་ཡིག་འབྲི་འདོད་ཡོད་བའི་སྐབས་སྔ་ས་ནས་བསམ་བློ་གཏོང་ན་ད་ཟད་ངོ་གནོངས་མ་དགོས་ཆག་གི་རེད། མ་འོངས་པ་དྲི་བ་ནག་པོ་རིགས་འདི་ཚོར་མ་གཏོང་རོགས་། དེང་སང་མི་འབུ་ཚོས་རྩོམ་ཡག་དགའ་ཞེན་ཆེར་བརྗོད་གཞིའི་དོན་ག་བ་བྱོན་སང་ཧ་གོ་ཡག་ཡོད་མ་རེད་ལགས།།
རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་ལགས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ། སྐུ་ཉིད་ཀྱིས་ཆོས་ཀྱི་བྱེད་སྒོ་རང་དབང་དུ་སྤེལ་ཆོག་པར་ཆོས་སྡེ་རང་དབང་དུ་འདོད་གིན་ཡོད་པ་འདྲ། དྲི་བ་དང་པོ། ཆོས་ལུགས་བྱེད་སྒོ་རང་དབང་དུ་སྤེལ་མཁན་དེ་མི་སྒེར་སོ་སོ་ཡིན་ནམ་ཡང་ན་ཚོགས་སྡེ་དེ་འདྲ་ཡིན་ནམ།
དྲི་བ་གཉིས་པ། ཚོགས་པའང་མི་སྒེར་ཞིག་གིས་སོ་སོའི་ཆོས་ལུགས་གཞན་ལ་དར་སྤེལ་གཏོང་རྒྱུའི་བྱེད་སྒོར་རང་དབང་ཡོད་དམ།



བརྗོད་གཞི་གཞན་ཁག་ལ་གཟིགས།