བཀའ་ཁྲིའི་འོས་གཞི་གཅིག་གིས་དགོངས་པ་ཞུ་རོགས།

སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་ཀྱི་འགྲན་རྩོད་དང་བཀའ་ཁྲིའི་འགྲན་རྩོད་གཉིས་ལས་ཆེས་མངོན་གསལ་དོད་ཤོས་དེ་བཀའ་ཁྲིའི་འགྲན་རྩོད་རེད། ད་དུང་འགྲན་རྩོད་འདི་གང་ཟག་སྒེར་གྱི་རྒྱལ་ཕམ་ཙམ་མིན་པར་གཞུང་དམངས་ཀྱི་རྒྱལ་ཕམ་ལ་ཡང་རག་ལུས་དུས་ཡོད། དེ་བས་ད་ལྟའི་བཀའ་ཁྲིའི་འགྲན་རྩོད་འདི་ལ་དེ་འདྲའི་དོན་སྙིང་ཆེན་པོ་ཡོད་མིན་མི་ཤེས་ཀྱང། གལ་ཏེ་ཡོད་པའི་དབང་དུ་བཏང་ན་མི་དམངས་ཀྱི་ངོས་ནས་སམ་ཡང་ན་ལྟ་གྲུབ་མི་འདྲ་བའི་ཕྱོགས་གཏོགས་ཚོས་ཐབས་ཤེས་འདི་འདྲ་ཞིག་སྤྱོད་འོས་པར་མཐོང།

ད་ལྟ་ང་ཚོས་ཁ་གསལ་བོར་རྟོགས་སོང་བ་ནི། བཀའ་ཁྲིའི་འོས་གཞི་གསུམ་ལས་གཉིས་ཀྱི་ལྟ་བ་ནི་ཆབ་སྲིད་དང་ཤེས་ཡོན་གྱི་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་དང། ཅིག་ཤོས་ཀྱིས་འཕོ་འགྱུར་གཏོང་དགོས་པའི་ལྟ་བ་དེ་རེད། ཕྱོགས་གཞན་པ་ཞིག་ནས་བལྟས་ན་གཅིག་ནས་གཉིས་ཅུང་རྒན་པ་དང་གཅིག་ཅུང་གཞོན་པའི་ལོའི་བར་ཁྱད་ཙམ་དང། དེ་འབྲེལ་གཞོན་པ་དེ་ལ་ཉམས་མྱོང་ཅུང་ཞན་པ་དང་རྒན་པ་གཉིས་ལ་ཉམས་མྱོང་མང་བ་དེ་རེད། དེ་ལས་ཤེས་ཡོན་དང་ལྷག་བསམ། འཇོན་ཐང་སོགས་ནས་བར་ཁྱད་ཆེན་པོ་ཞིག་སུས་ཀྱང་འབྱེད་དཀའ་བ་རེད། ད་ལྟ་བོད་མི་ཕལ་མོ་ཆེས་བློ་སེང་ལགས་ལ་རྒྱལ་ཁ་ཐོབ་པའི་རྟགས་མཚན་འདྲ་བོ་མཐོང་ཡོད། གལ་ཏེ་བཀྲ་ཤིས་དབང་འདུས་ལགས་ཐོག་མ་ནས་མཉམ་ཞུགས་འགྲན་སྡུར་ཅིག་གནང་ཡོད་ཚེ། བློ་སེང་དང་བཀྲས་མཐོང་ལགས་ཀྱི་བརྒྱ་ཆའི་ཚད་ག་ཚོད་ཅིག་མར་ཆགས་ཡོད་མེད་ཚོད་དཔག་ཐུབ་བམ།

བློ་སེང་ལགས་ལ་རྒྱབ་སྐྱོར་མཁན་མང་ཆེ་བས། ཁོང་གི་ཆབ་སྲིད་ཀྱི་ལྟ་བ་རང་བཙན་དང་ལོ་གཞོན་པ། ཁྲིམས་ལུགས་ཆེད་མཁས་པ་ཡིན་པའི་ཐོག་ལ་གསུང་བཤད་གནང་སྟངས་ཀྱིས་ཀྱང་ཤུགས་རྐྱེན་བཞག་ཡོད་པར་མཐོང། བཀྲས་མཐོང་ལགས་ལ་རྒྱབ་སྐྱོར་མཁན་མང་ཆེ་བས་ཀྱང༌། ཁོང་གི་མི་རིགས་རང་ཐག་རང་གཅོད་ཀྱི་སྲིད་དོན་ལྟ་བ་དང་བྱ་བའི་ཉམས་མྱོང་གཉིས་ཐད་ནས་འོས་ཤོག་བླུགས་ཡོད།

བཀྲ་ཤིས་དབང་འདུས་ལགས་འགྲན་རྩོད་དུ་མ་ཞུགས་པར་ཡང་འོས་གཞི་གསུམ་པར་སླེབས་པ་རེད། དེ་ཡང་ཁོང་གི་ད་བར་གྱི་བྱ་བའི་ཉམས་མྱོང་དང་དབུ་མའི་ལམ་གྱི་ལྟ་བར་ཤུགས་བརྒྱབ་པས་ལོས་ཡིན། ད་དུང་ཁོང་གསུམ་པོར་ཆོལ་ཁའི་ཕྱོགས་ཞེན་ཅན་གྱི་རྒྱབ་སྐྱོར་བ་ཡང་ཡོད་ངེས། ངས་བལྟས་ན་གཅིག་ནས་ལོ་ཚོད་དང་འབྲེལ་བའི་ཉམས་མྱོང་ཆེ་ཆུང་དེ་དང། དེ་བས་ཀྱང་གལ་ཆེ་ཤོས་སྲིད་ཇུས་ཐད་ཀྱི་ལྟ་བ་མི་འདྲ་བ་འདི་གཉིས་ཐད་ནས་བཀའ་ཁྲིའི་འགྲན་རྩོད་པ་གསུམ་གྱི་དངོས་གཞིའི་འགྲན་རྩོད་ཁྲོད་དུ་གཅིག་གིས་དགོངས་པ་ཞུ་འོས་པ་དེ་རེད།

གལ་ཏེ་ལྟ་བ་གཅིག་པུའི་ཐོག་ནས་བཤད་ན་བློ་སེང་དང་བཀྲ་ཤིས་དབང་འདུས་གཉིས་གང་རུང་ཞིག་གིས་དགོངས་པ་ཞུ་འོས། གལ་ཏེ་འོས་ཤོག་གི་གདེང་ཚོད་ཐད་ནས་བལྟས་ན་བཀྲ་ཤིས་དབང་འདུས་ལགས་དང་བཀྲས་མཐོང་ལགས་གང་རུང་ཞིག་གིས་དགོངས་པ་ཞུ་འོས་ལ། ལྷག་པར་བཀྲས་མཐོང་ལགས་ཀྱིས་ཐུགས་བསམ་བཞེས་དགོས། རྒྱུ་མཚན་ནི་སྔོན་འགྲོའི་འོས་ཤོག་གི་གྲངས་ཚད་དེས་དངོས་གཞིའི་སྐབས་ཀྱང་ཇེ་མང་ལ་དེ་ཙམ་མི་འགྲོ་བ་ཚོད་དཔག་ཐུབ་པ་ཞིག་རེད། དེ་ཡང་བཙན་བྱོལ་བོད་མི་བརྒྱ་ཆའི་མང་ཆེ་བས་དབུ་མའི་ལྟ་བར་རྒྱབ་སྐྱོར་ཡོད། བློ་སེང་ལགས་ཀྱི་འོས་ཤོག་ཐད་ཅུང་ཚོད་དཔག་དཀའ་སྟེ། སྔོན་འགྲོའི་སྐབས་གཞོན་སྐྱེས་རང་བཙན་གྱི་ལྟ་བ་འཁུར་མཁན་མང་པོས་བླུགས་ཡོད་ཀྱང་ད་ཆ་ཁོང་གི་ལྟ་བ་དབུ་མའི་ལམ་དུ་སྐྱོད་རྒྱུ་དངོས་སུ་བསྒྲགས་པས་རྒྱབ་སྐྱོར་བ་ཁག་ཅིག་བཀྲས་མཐོང་གི་ཕྱོགས་སུ་འགྲོ་སྲིད།

འོན་ཀྱང་དབུ་མའི་ལམ་ལ་དགའ་མཁན་གང་མང་གིས་ཁོང་ལ་འོས་ཤོག་འཕེན་ཡང་སྲིད། གང་ལྟར་རྣམ་པ་གསུམ་པོ་མཉམ་ཞུགས་གནང་ཚེ་བཀའ་ཁྲི་སུ་ཞིག་ལ་ཐོབ་ཀྱང་དེའི་བརྒྱ་ཆའི་ཚད་གཞི་མཐོན་པོ་ཞིག་ཆགས་དཀའ། འོས་ཤོག་བརྒྱ་ཆའི་ཚད་གཞི་ཅི་ཙམ་གྱིས་མཐོ་ན་དེ་ཙམ་གྱིས་གཟི་བརྗིད་ཀྱང་ཆེ། དེ་བས་རྒྱབ་སྐྱོར་བ་རྣམས་དང་ལྷག་པར་འོས་གཞི་རྣམ་པ་གསུམ་པོས་ཐུགས་བསམ་ཞིག་བཞེས་ནས་ལྷ་རབ་བྱུང་ན་ནང་མོལ་རེ་ཡང་གནང་འཐུས། འདི་ནི་གཅིག་ནས་སྲིད་དོན་གྱི་ཐབས་ཇུས་ཤིག་ལ་བརྩི་ཆོག་ལ་གཉིས་ནས་བོད་ཀྱི་དམངས་གཙོའི་སྤྱོད་བཟང་ཞིག་ལའང་བརྩི་འོས་པར་སེམས་སོ།།

གནས་ལུགས་ཤིག་གམ་སྲིད་དོན་ཞིག  ཕྱོགས་ཞེན་ཞིག་གམ་སྤྱི་དོན་ཞིག གང་ལྟར་འགན་འཁྲིའི་བསམ་ཚུལ་འདིར། གླེང་སློང་ཆེ་ཙམ་གནང་རོགས་ཞུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
བལྟད་མོ་འདུག བོད་མི་མང་སྤྱི་འཐུས་ཀྱི་མིང་རྐུ་མས་འཁྱེར་ནས་སྤྱི་ཚོགས་ནང་རང་རྩོམ་དང་རང་འདོད་སྤེལ་བཞིན་འདུག ལྷག་པར་དུ་མི་མང་རྣམས་ནས་དགོངས་པ་བཞེས་དགོས་དོན་གཙོ་བོ་འདི་བཀའ་ཁྲི་མིན་པར་བོད་མི་མང་གི་སྤྱི་འཐུས་ཚོ་ཡིན་དུས་སྐབས་འདིར། རྐུ་མ་ཧམ་ཆེན་གྱིས་བོད་མི་མང་སྤྱི་འཐུས་ཀྱི་མིང་ཡང་རྐུ་བཞིན་འདུག སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ཀྱི་དཔྱོད་ཚུལ་གཙང་མ་དེ་ལ་མི་ངན་གྱིས་ངན་སེམས་བཅངས་པའི་རྣམ་པ་མངོན་བཞིན་འདུག ད་དུས་ཤེས་དགོས་པ་ཞིག་ལ་ལྷ་མོ་སྐྱབས་ནི་གྲོས་ཚོགས་ནང་བརྗོད་མི་དགོས་པའི་སྐད་ཆ་ཚིགས་གཅིག་ཀྱང་འདས་པའི་ལོ་ཟླ་དེ་དག་གི་ནང་བཤད་མྱོང་མེད་ལ། ད་དུང་ཁོང་ལྟ་བུའི་གང་ཟག་རླབས་ཆེན་དེ་ཚོ་མི་ངན་གྱིས་སྤྱི་ཚོགས་ནང་ནག་པོ་བཟོ་རྩིས་བྱེད་བཞིན་འདུག རྒན་ལྷ་མོ་ནི་དོན་མེད་སྨྱོ་པའི་རྣམ་འགྱུར་སྟོན་མཁན་གྱི་གང་ཟག་ཞིག་མིན་པ་ངེད་ཚོས་གསལ་བོ་ཤེས་ཀྱི་ཡོད། ལྷག་པར་དུ་དྲ་རྒྱའི་ནང་འགན་འཁུར་མེད་པའི་སྐད་ཆ་སྟོང་པ་བཤད་དགོས་དོན་མེད་ལ་མི་མང་དང་སྤྱི་ཚོགས་ཆེད་དུ་བཤད་ན་སྤྱི་འཐུས་གྲོགས་ཚོགས་ནང་བཤད་པའི་གདན་ཐོབ་ཡོད་པ་སྐྱེ་བུ་ཞིག་ཡང་རེད།
༆།། ལེགས་སོ།། ང་རང་གི་བསམ་ཚུལ་ལ་བཀའ་ཁྲི་འོས་གཞི་གཅིག་དགོང་པ་ཞུ་དགོས་ན་བསྟན་འཛིན་རྣམ་རྒྱལ་བབས་འདུག། ཁོང་གི་དགོངས་གཞི་སྔོན་མ་ནང་བཞིན་ཆོལ་ཁ་དང་ཆོས་ལུགས་གི་བསམ་ཚུལ་ཤུགས་ཆེན་པོ་འདུག། གང་ཡིན་ཟེར་ན་ཁོང་བཀའ་ཁྲི་འོས་གཞི་དང་པོ་ལུང་པའི་སྐབས་ལ་མི་དམངས་འདུན་དུ་འབྲེལ་བཤད་གནང་སྐབས་ཁོང་གི་མིང་སྟོན་མཁན་མདོ་སྟོད་ཆུ་བཞི་སྒང་དྲུག་ཁག་གཉིས་ཡོད་ཡོད་པ་རེད་ཟེར་ནས་གསུངས་འདུག། ཅིག་གི་ཁོང་གི་མིང་སྟོན་འདུག་ཟེར་།། མདོ་སྟོད་སྔོན་མ་རྒྱལ་ཡོངས་འོས་བསྡུས་གི་ལམ་ནས་ཅིག་སྒྲུལ་བྱུང་ཡོད་པ་དེ་དང་།། གོངས་༧་ས་མཆོག་གི་ས་ཡིག་ཡོད་པའི་ཡིག་ཆ་གྲངས་དགུ་བ་དེ་ཁོང་གི་ངོས་འཛིན་མེད་པ་ཡིན་པ་འདྲ། དེ་འདྲ་ཡིན་ན་སྔོན་མ་ནང་བཞིན་ཆགས་སྲིད་པ་།།
1 ༠༡༢༠༡༡༡༨༥༧
ཡག་པོ་ཞེ་དྲག་འདུག མུ་འཐུད་དུ་འབྲི་རོགས་ ཁྱེད་ཀྱི་བསམ་ཚུལ་འགྲུབ་སྲིད།



བརྗོད་གཞི་གཞན་ཁག་ལ་གཟིགས།