བོད་ཀྱི་རྩ་དོན་ལ་བསམ་ན་སེང་གེ་ལ་འགྲིག་རྟགས་རྒྱོབས།

ཤམ་བྷ་ལའི་ཕོ་ཉ། ༢༠༡༡ལོའི་ཟླ་༠༢ཚེས་༡༨ཉིན། བཙན་བྱོལ་བོད་གཞུང་དབུས་འོས་ བསྡུ་ལས་ཁུངས་ནས་གཏན་འབེབས་གསལ་བསྒྲགས་བྱས་པའི་བཀའ་བློན་ཁྲི་པའི་དངོས་ གཞིའི་འོས་མི་གསུམ་ཡོད་པ་ནས་བློ་བཟང་སེང་གེའི་རྟགས་སེང་གེ་དང༌། བསྟན་འཛིན་རྣམ་རྒྱལ་གྱི་རྟགས་ནོར་བུ། བཀྲིས་དབང་འདུས་ཀྱི་རྟགས་ཉི་མ་བཅས་རེད། དེ་གསུམ་གྱི་ནང་ནས་གང་ལ་འགྲིག་རྟགས་སྐྱོན་ཡང་རང་དབང་ཡིན་མོིད། བོད་ཀྱི་རྩ་དོན་ལ་བསམ་ན་སེང་གེ་ལ་འགྲིག་རྟགས་སྐྱོན། བོད་ཀྱི་མ་འོངས་པ་ལ་བསམ་ན་སེང་གི་ལ་འགྲིག་རྟགས་སྐྱོན། བོད་ཀྱི་གནས་སྟངས་འགྱུར་ལྡོག་དགོས་ན་སེང་གེ་ལ་འགྲིག་རྟགས་སྐྱོན།

བཀའ་བློན་ཁྲི་པ་མ་ནོར་བ་ཞིག་གདམ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སྟངས་ཞིག་ཆགས་ཡོད། སྤྱིར་བཏང་ད་ལྟའི་བཀའ་བློན་འོས་མི་གསུམ་གྱི་ནང་ནས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང༌། བཀའ་ཟུར་བཀྲ་ཤིས་དབང་འདུས་གཉིས་ཀ་ལ་ཉམས་མྱོང་དང་ཤེས་ཡོན་ཡོད་ལ། རྒན་རབས་བྱས་པ་ཅན་ཡིན་པའི་ཆ་ནས་གུས་བཀུར་དང་དགའ་མོས་ཆེན་པོ་ཡོད་ཀྱང༌། ད་རེས་ངའི་ངོས་ནས་འབུམ་རམས་པ་བློ་བཟང་སེང་གེ་བཀའ་ཁྲི་བདམ་རྒྱུ་ཐག་བཅད་པ་ཡིན། དེའི་རྒྱུ་མཚན་བཤད་པ་ལ་ཕྱོགས་ཡོངས་ནས་ཏོག་ཙམ་བཤད་དགོས་བྱུང༌།

མི་ཁ་ཤས་ཀྱིས་བློ་བཟང་སེང་གེ་ལ་ཉམས་མྱོང་མེད་རབས་དང་ཉམས་མྱོང་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཟེར། ཡིན་དང་ཡིན། ཡིན་ན་ཡང་ཉམས་མྱོང་ཟེར་བ་ནི་བཤད་སྟངས་གཞན་ཞིག་བྱས་ན་གནད་དོན་དེ་ཤེས་རྟོགས་ཡོད་མེད་ཀྱི་དོན་རེད། གནད་དོན་དེའི་ཐོག་ལ་ཉམས་མྱོང་ཡོད་རེད་ཟེར་ན་གནད་དོན་དེའི་སྐོར་ཡག་པོ་ཤེས་ཀྱི་ཡོད་པའི་དོན་རེད། དེས་ན་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ནང་ལས་ཀ་བྱས་ཏེ་ལོ་བཅོ་ལྔ་ཉི་ཤུ་བསྡད་པ་ཙམ་གྱིས། གཞུང་གི་ལས་བྱེད་པ་དང་གངས་སྐྱིད་ཀྱི་སྲང་ལམ་དང་ཚོང་ཁང༌། ཙོང་དང་ཨ་ལོག་སོགས་ཀྱི་རིན་གོང་ག་ཚོད་ཡིན་མིན་ལ་ཆ་རྒྱུས་དང་ཤེས་རྟོགས་ཆེ་བ་ཡོད་སྲིད་ཀྱང༌། དེ་ཚོ་བཀའ་བློན་ཁྲི་པ་གཅིག་ལ་གལ་ཆེན་པོ་ཆགས་ཀྱི་མེད།

བཀའ་བློན་ཁྲི་པས་ཤེས་དགོས་པའི་དོན་དག་གལ་ཆེ་ཤོས་ནི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དེ་ཡིན་ལ། བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དེ་ནི་དྷ་རམ་ས་ལ་གཅིག་པུར་གནས་བསྡད་པ་ཞིག་མ་ཡིན་པར། ཆེ་ས་ནས་འཛམ་གླིང་གི་འགྱུར་འགྲོས་དང་ཐད་ཀར་རྒྱ་ནག་དང་བོད་ནང་ལོག་གི་གནས་བབ་སོགས་ཕྱོགས་མང་པོར་ལྟོས་ནས་གནས་ཡོད། དེ་ཚོ་མགོ་འཚོས་ཀྱི་མེད་ན་གངས་སྐྱིད་དུ་ལོ་བཅོ་ལྔ་བཅུ་དྲུག་བསྡད་ཀྱང༌། ཆུ་ནང་ལོ་སྟོང་གནས་པ་ཡི། །རྡོ་ཡི་རང་བཞིན་སྐམ་པོར་གནས། །ཞེས་པ་དང་ཁྱད་པར་ཅི་ཡང་མེད།

ཡང་ཁ་ཤས་ཀྱིས་འཛིན་སྐྱོང་དང་འབྲེལ་བ་ཡོད་པའི་ཆ་ནས་ལྷན་ཁང་ཁག་གི་ལས་བྱེད་ངོ་མ་ཤེས་པའི་དཀའ་ངལ་འཕྲད་རྒྱུ་རེད་ཟེར། ཡིན་ན་ཡང་ཁོང་གིས་ལོ་ལྟར་གཞུང་ཞབས་ལས་བྱེད་ཕལ་མོ་ཆེར་ཟབ་སྦྱོང་ཕུལ་བཞིན་ཡོད་པས། བློ་བཟང་སེང་གེས་ཕར་ངོ་ཚུར་ངོ་མི་ཤེས་མཁན་གྱི་གཞུང་ཞབས་ཞེ་དྲགས་ཡོད་རྒྱུ་མ་རེད་སྙམ། གཅིག་བྱས་ན་དགེ་སློབ་ལྟ་བུའི་འབྲེལ་བ་དེ་ཅི་བས་ཡག་བ་ཡོད་སྲིད། ཡང་སྐབས་རེ་ངོ་ཤེས་པ་དང་མ་ཤེས་པ་གཉིས་ལས་མ་ཤེས་པ་ཡག་བ་ཡོང་གི་ཡོད། མགོ་ཁྲིད་དང་ལས་བྱེད་གོང་འོག་ཚང་མ་ལོ་མང་པོ་མཉམ་དུ་བསྡད་ནས་ངོ་ཤེས་གྲོགས་པོ་ཆགས་ན་གཅིག་གིས་གཅིག་ལ་ལབ་མ་ཤེས་པའི་དབང་གིས་གཞུང་གི་ལས་ཀ་འཐུས་ཤོར་འགྲོ་གི་ཡོད། མཚམས་རེར་མགོ་ཁྲིད་གསར་པ་གཏོང་ན་གཞུང་གི་ལས་ཀ་ཚགས་ཚུད་དུ་འགྲོ་བའི་དཔེ་མཚོན་རྒྱལ་ཁབ་མང་པོའི་ནང་ཡོད་རེད།

ཡང་གཅིག་བཤད་ན་གཞུང་ཞབས་ལས་བྱེད་རྣམས་ནི་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ཞིག་གི་འོག་འགྲོ་གི་ཡོད་དུས་བཀའ་བློན་དང་གཞུང་ཞབས་ལས་བྱེད་པའི་བར་ལ་དཀའ་ངལ་ཆེན་པོ་ཡོང་གི་མ་རེད་འདོད། དེ་ལས་སྔར་དང་མི་འདྲ་བ་དེང་སང་དཀའ་ངལ་ཆེ་ཤོས་ཅིག་ནི་བཀའ་ཤག་དང་སྤྱི་འཐུས་གྲོས་ཚོགས་བར་གྱི་འགལ་ཟླ་དེ་ཆགས་ཡོད། སྤྱི་འཐུས་གྲོས་ཚོགས་ནང་ལ་བཀྲས་མཐོང་དང་བློ་སེང་གཉིས་ལས་བློ་སེང་ལ་སྤྱི་འཐུས་ཚོས་ལྟ་སྟངས་ཡག་བ་ཡོད་པ་རེད། བཀའ་ཤག་དང་སྤྱི་འཐུས་གྲོས་ཚོགས་གཉིས་མ་འཆམ་པ་ཡིན་ན་དམངས་གཙོ་ན་མ་སོན་པའི་བོད་གཞིས་བྱེས་གཉིས་ཀྱི་མི་མང་ལ་དགྲ་དགའ་གཉེན་སྡུག་གི་བློ་ཕམ་འགྲོ་གཞི་དེ་ལས་ཆེ་བ་མེད་ངེས་རེད།

སྔོན་མ་བཀའ་བློན་བྱས་པའི་ཉམས་མྱོང་ཡོད་ཅེས་སྔོན་མ་ལྟར་བྱས་པ་ཡིན་ན་སྤྱི་འཐུས་གྲོས་ཚོགས་དང་གདོང་ཐུག་འབྱུང་ངེས་རེད། བཀའ་ཤག་གིས་སྤྱི་འཐུས་གྲོས་ཚོགས་ལ་འགན་ཁུར་དགོས་པ་འདི་ནི་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་པ་དམངས་གཙོའི་འཕེལ་རིམ་དང་འབྲེལ་བ་ཆེན་པོ་ཡོད་ལ། བཀའ་ཤག་དང་སྤྱི་འཐུས་གྲོས་ཚོགས་གཉིས་པོ་འཆམ་མཐུན་དང་ཕན་ཚུན་འགན་ཁུར་བའི་ཐོག་ནས་གསལ་བཤད་དང་དྲི་བ་དྲི་ལན་གྱིས་མཚོན་པའི་ཕྱི་གསལ་ནང་གསལ་བཟོ་དགོས་པ་ནི་ཧ་ཅང་་གལ་ཆེན་པོ་རེད། དེ་གཉིས་གདོང་ཐུག་དང་རྩོད་པ་ཁོ་ན་བྱས་པ་ཡིན་ན་ད་སྐབས་སྤྱི་འཐུས་ནང་ཁུལ་ཁ་རྩོད་ཤོར་བ་ལས་གནོད་ཚབས་ཆེ་བ་ཡིན།

ཡང་འགའ་ཤས་ཀྱིས་བློ་སེང་ཉམས་མྱོང་མེད་ལ་ལོ་ན་ཡང་ཆུང་དྲགས་འདུག་ཟེར། དེ་ལ་འདི་བརྗོད་འདོད་བྱུང༌། དེ་སྔོན་གྱི་གཞུང་དགའ་ལྡན་ཕོ་བྲང་ལ་མཚོན་ན་སྐུ་དྲག་མང་ཆེ་བ་མ་ཤི་བར་དབང་ཆ་འཛིན་པ་ཡིན་ལ། རང་གི་ལག་འོག་ཏུ་བུ་རྒྱུད་ཚོར་ཉམས་མྱོང་སྤྲད་དེ་ཕ་རྒྱུད་བུ་འཛིན་བྱས་ནས་ལོ་སུམ་བརྒྱ་ལྷག་བསྡད་ཀྱང་མཐར་བོད་དེ་རྒྱ་ལག་ཏུ་ཤོར་བ་རེད། དེ་བཞིན་མན་ཇུ་སོགས་རྒྱལ་རབས་མང་པོས་ཕ་བརྒྱུད་བུ་འཛིན་གྱིས་ཕའི་ཉམས་མྱོང་ཁག་རྡོ་རིམ་པ་ལག་བརྒྱུད་བྱས་ཡོད་ན་ཡང་མཐར་རྒྱལ་རབས་རྩ་མེད་ཕྱིན་ཡོད། དེ་འདྲ་བའི་དཔེ་མང་པོ་ཡོད་རེད།

ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་དགེ་འདུན་ཆོས་འཕེལ་གྱིས་བཤད་པ་ལྟར་ན་དགུང་ལོ་སུམ་ཅུ་སོ་གྲངས་མ་གཏོགས་བཞུགས་མེད། འོན་ཀྱང་བོད་ཆེན་པོ་ཟེར་བ་ཆབ་དཔལ་རིག་གསུམ་དམག་དོན་མངའ་ཁོངས་དང་བཅས་པ་འཛམ་གླིང་ནང་སྐད་གྲགས་ཡོད་པའི་རྒྱལ་ཁབ་ཅིག་བསྐྲུན་གནང་ཡོད། དེ་བཞིན་འཛམ་གླིང་ན་སྐད་གྲགས་ཡོད་པའི་རྒྱལ་པོ་ཨེ་ལེག་ཛེན་སྒྲ་ཞེས་རྒྱ་གར་ཚུན་ཆད་དབང་དུ་འདུ་མཁན་དེ་ཡང་ལོ་༣༢ ལ་གྲོངས་ཡོད། དེ་བཤད་དུས་ག་རེ་བཤད་ཀྱི་ཡོད་ཟེར་ན། རྒྱལ་ཁབ་གཅིག་གི་མགོ་ཁྲིད་པ་ལ་ཉམས་མྱོང་དང་ལོ་ན་ཆེན་པོ་ཡིན་མི་དགོས་པར། གཙོ་བོ་དེ་རྣམ་དཔྱོད་ཀྱི་རིག་པ་དང། ལས་དང་དབང་ཐང༌། སྐྱེ་བ་སྔོན་མའི་སྨོན་ལམ་ལ་སོགས་པ་མང་པོ་ཞིག་ལ་འབྲེལ་བ་ཡོད་པ་ཤེས་ཐུབ་དགོས་པ་ཡིན།

རྒྱུས་དང་ཉམས་མྱོང་མེད་པའི་དབང་དུ་བཏང་ཡང་མགོ་ལོག་ཆེན་པོ་གང་ཡང་བཙལ་མི་སྲིད། གང་ཡིན་ན་གོང་ན་ྋསྐྱབས་མགོན་རིན་པོ་ཆེས་བོད་གཞུང་གི་འཛིན་སྐྱོང་དང་འབྲེལ་བའི་སྐུ་དབང་མ་བཞེས་ན་ཡང༌། རྒྱལ་ཁབ་ཀྱི་ཆེས་མཐོ་བའི་དབུ་ཁྲིད་དང་ཏཱ་ལའི་བླ་མའི་མཚན་གནས་དེ་མུ་མཐུད་འཛིན་གནང་རྒྱུ་ཡིན་ལ། ཁོང་གིས་ནམ་ཡང་བོད་ཀྱི་གནས་སྟངས་ཡ་བར་དོར་མི་གནང་བས་གནད་འགག་ལ་བཀའ་སློབ་གནང་ངེས་རེད། བར་ན་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ཀྱིས་ཀྱང་ཉིན་མཚན་དུས་དྲུག་ཏུ་བཏང་འཛིན་བྱེད་རྒྱུ་དང༌། ད་དུང་སྡེ་སྲིད་ལྷན་ཚོགས་ཀྱང་ཡོང་སྲིད། གཞན་ཡང་མི་མང་རྣམས་དེང་སང་རྨོངས་གཉིད་ལས་སད་ཡོད་པ་དང༌། གསར་ལམ་ཁག་གིས་ཀྱང་བཀའ་ཁྲི་སུ་ཞིག་ཀྱང་ལམ་ནོར་ཆེན་པོ་དེ་འདྲ་འགྲོ་བཅུག་གི་མ་རེད། དེ་ང་ཚོའི་དམངས་གཙོའི་ཁྱད་ཆོས་གཅིག་རེད།

བོད་གཞུང་གི་དཀྱིལ་འཁོར་ནང་སྡོད་པའི་ཉམས་མྱོང་གཅིག་པུ་ཆ་ནས་བཤད་ན་ཁོང་རྣམ་པ་གསུམ་ཀྱི་ནང་ནས་ཉམས་མྱོང་ཆེ་ཤོས་དེ་བཀྲས་དབང་ལགས་རེད། བཀྲས་མཐོང་ལགས་ཡིན་ན་གཞུང་གི་ལས་ཀ་མཚམས་བཞག་ནས་ལོ་བཅོ་ལྔ་ལྷག་ཕྱིན་འདུག དེང་སང་གི་སྐད་ཆ་ལོ་ལྔའི་ནང་གི་ཉམས་མྱོང་སོས་པ་ཟེར་བ་དེ་མེད་པ་རེད། ད་དུང་ལོ་བཅོ་ལྔ་དེའི་རིང་བོད་གཞུང་གི་འཛིན་སྐྱོང་དང་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་སོགས་མང་པོ་འགྱུར་བ་ཐེབས་ཡོད་རེད། འོན་ཀྱང་གོང་དུ་བཤད་པ་ལྟར་ཉམས་མྱོང་ཟེར་བ་ནི་གནས་སྟངས་དེ་ཡག་པོ་ཤེས་པའི་དོན་ཡིན་ལ། དེ་ནི་གཙོ་བོ་དོ་སྣང་ཆེ་ཆུང་ལ་རག་ལས་པ་རེད། དཔེར་ན་རྒྱལ་ཁམས་འགྲིམ་པའི་སྤྲང་པོ་དང་གྲོང་འདབས་ཀྱི་རྒན་མོས་ཀྱང་བློ་གྲོས་དང་ཐབས་ཇུས་བཏོན་ནས་རྒྱལ་སྲིད་བསྐྱངས་པའི་ལོ་རྒྱུས་མང་པོ་ཡོད། སྤྲང་པོ་དང་རྨོ་རྨོ་དེ་ཚོས་ཉིན་གཅིག་ཀྱང་གཞུང་ནང་ལས་ཀ་བྱེད་མྱོང་མེད་ཀྱང་གནད་འགག་ཚང་མ་ཤེས་ཀྱི་ཡོད་པ་དང༌དགོས་པའི་དུས་སུ་ཐབས་ཇུས་འདོན་ཐུབ་ཀྱི་ཡོད་པ་རེད།

ཡང་འགའ་ཞིག་གིས་བློ་སེང་གིས་རྒྱ་ནག་གི་ཨོ་སྦག་མ་བྱེད་འདོད་ཡོད་ཅེས་བཤད་པ་དེ་ཧང་སང་ཡ་རེད་ཟེར། དེའི་སྐོར་གྱི་དཔྱད་རྩོམ་ཟེར་བ་རིང་པོ་ཞིག་ཁ་བརྡ་དྲ་རྒྱ་ནང་ཐེངས་གཉིས་ཙམ་སྤེལ་ཡོད། དཔྱད་རྩོམ་དེའི་དོན་ཚན་༢༥ ནང་དུ་བློ་སེང་གིས་བཤད་པ་དྲངས་པ་ནི། ཅང་ཙེ་མིན་གྱིས་བཤད་པ་ལྟར་ན། ཨ་རིས་ཨ་རིའི་མི་ནག་པོ་ཚོར་ལྟ་སྐྱོང་བྱས་པ་ལས་རྒྱ་མིས་བོད་པར་ལྟ་སྐྱོང་བྱས་པ་དེ་ལྷག་པ་ཡོད་ཚུལ་བཤད་ཡོད། དེ་དོན་དངོས་འབྲེལ་ཡིན་ན་ངས་རང་ཉིད་དུས་རིམ་རྗེས་མའི་རྒྱ་ནག་གི་སྲིད་འཛིན་འོས་མིར་ལངས་རྩིས་ཡོད། ངས་དེ་ལྟར་བྱེད་པར་མ་མཐར་ཡང་ང་ལ་ཆ་རྐྱེན་ཚང་ཡོད། ཨོ་བྷ་མ་ཧཝཱཊ་ཁྲིམས་ཀྱི་སློབ་གྲྭ་ནས་ཐོན་པ་དང༌། ང་ཡང་ཧཝཱཊ་ཁྲིམས་ཀྱི་སློབ་གྲྭ་ནས་ཐོན་པ་ཡིན། ཁྱེད་རང་གིས་མཁྱེན་གསལ་ལྟར་ང་གཉིས་ལ་འདྲ་མཚུངས་ཀྱི་ཆ་མང་པོ་མི་འདུག་གམ། ཞེས་སེང་གེ་ལགས་ཀྱིས་བཤད། ཅེས་བྲིས་འདུག

དེ་ལ་འགལ་འདུ་དང་མ་འགྲིག་པ་གཅིག་ཀྱང་མི་འདུག དྲི་བ་ལྡོག་ཕྱོགས་ནས་དྲིས་པ་དང་ཟུར་ཟ་བྱས་ཏེ་དྲིས་པ་ཙམ་རེད། ཅང་ཙེ་མན་གྱིས་བཤད་པ་ལྟར་ཡིན་ན་དེ་ལྟར་ཡོང་དགོས་པ་ལ་བྱུང་མེད། དེས་ན་ཅང་ཙེ་མན་གྱིས་བཤད་པ་དེ་བདེན་པ་མིན་པ་རྫུན་མ་རེད་ཅེས་པའི་དོན་རེད། ཕལ་ཆེར་དཔྱད་གཏམ་འབྲི་མཁན་དེ་ལ་ཨིན་ཡིག་ཡག་པོ་མེད་པའམ་སྐད་ཅའི་གནད་དོན་གོ་བའི་རྣམ་དཔྱོད་དེ་ཙམ་མེད་པ་འདྲ། དེ་སྔོན་གྱི་ལོ་ཁ་ཤས་སྔོན་གྱི་བློ་སེང་གི་གཏམ་བཤད་ཁག་དང༌། བཀའ་ཁྲི་འོས་མི་ནང་ཞུགས་རྗེས་ཁྱོད་རང་བཀའ་ཁྲིར་གྱུར་ན་ག་རེ་བྱེད་ཀྱི་ཡིན་ཅེས་པའི་དྲིས་ལན་གཉིས་ཀྱང་འགལ་འདུ་ལ་ངོས་འཛིན་བྱས་འདུག སྐད་ཅ་དེ་ཐོག་མར་བཤད་མཁན་འཇམ་དབྱངས་ནོར་བུས་ཀྱང་དེ་ནི་ཕྱེད་ཆོབ་དང་སྦྲགས་ཏེ་བཤད་པ་ཞིག་རེད་ཅེས་བྲིས་ཡོད།

དཔྱད་རྩོམ་དེ་འབྲི་སྐབས་དཀའ་ངལ་ཆེན་པོ་བརྒྱབ་ནས་འཚོལ་བསྡུ་བྱས་འདུག་ཀྱང་གོ་དོན་ཡག་པོ་ལོན་མི་འདུག དཔྱད་རྩོམ་དེས་ག་རེ་བསྟན་གྱི་འདུག་ཟེར་ན། བློ་སེང་བཀའ་ཁྲིར་ཁེལ་ཡོང་སྙམ་པའི་ཞེད་སྣང་ཆེན་པོ་ཞིག་ཡོད་པ་ཤེས་ཐུབ་ཀྱི་འདུག ཞེད་སྣང་དེ་འདྲ་ཡོང་དགོས་དོན་ག་རེ་ཡིན་ནམ། དངོས་གནས་བོད་ཀྱི་རྩ་དོན་འཐུས་ཤོར་འགྲོ་དོགས་ཀྱིས་ཡིན་ནམ། ཡང་ན་ཕྲག་དོག་གིས་ཡིན་ནམ། གཞོན་སྐྱེས་མི་རབས་གསར་པ་ཞིག་སླེབས་པར་མ་དགའ་བ་ཡིན་ནམ། རྒྱུ་མཚན་གང་ཡིན་རྟོགས་དཀའ་བ་ཞིག་རེད། འཇམ་དབྱངས་ནོར་བུའི་སྐྱོན་བརྗོད་ནི་གསལ་པོ་རེད། བློ་སེང་གིས་དབུ་མའི་ལམ་མམ་རྒྱ་ནག་གི་འོག་ཏུ་སྡོད་རྒྱུ་ཞིག་ལས་རང་བཙན་རྩོད་རྒྱུ་མིན་པས་ཆོ་གང་ཡང་ཡོད་མ་རེད་ཟེར་བ་དེ་རེད། དེ་ཁོང་གི་བསམ་ཚུལ་དང་ལྟ་བ་རེད།

ད་དུང་དཔྱད་རྩོམ་དེར་བོད་མི་དབུ་མའི་ལམ་དང་རང་ཐག་རང་གཅོད་འདོད་མཁན་ཚོ་སྙིང་དབུས་ནས་གཞོན་ནུའི་ལས་འགུལ་ལ་མི་དགའ་བར་ངོས་འཛིན་བྱས་འདུག ྋསྐྱབས་མགོན་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེས་ཀྱང་དེ་ནི་སོ་སོའི་ཐོབ་ཐང་ཡིན་པ་གསུངས་མྱོང་ཡོད་ལ། བོད་མི་སུས་ཀྱང་རང་བཙན་དང་དབུ་མའི་ལམ་བརྩོད་མཁན་གཉིས་དབར་གཅིག་གིས་གཅིག་བློས་གཏོང་པ་ཞིག་བརྩི་བཞིན་མེད། བཀྲས་མཐོང་དང་བསོད་ནམས་སྟོབས་རྒྱལ་སོགས་དེ་སྔོན་བཀའ་ཁྲི་མང་པོ་གཞོན་ནུ་ཚོགས་པའི་མི་ཡིན། ད་ཕན་དེ་འདྲའི་བཀའ་འདྲི་ཞུས་མྱོང་མེད་ལ་ཁོང་རྣམ་པས་གསལ་བཤད་ཀྱང་བྱེད་མྱོང་མེད། གསལ་བཤད་བྱེད་དགོས་དོན་ཡང་མེད་དེ་གནད་དོན་དེ་བོད་མི་བསམ་ཡོད་ཚང་མས་བསམ་ཤེས་ཐུབ་ཀྱི་ཡོད།

ཡང་ཁ་ཤས་ཀྱིས་ལི་ཐང་བརྟན་བཞུགས་ལ་དཔུང་བསྒྲིག་པ་བསླེབས་པ་ཡིན་ཟེར་བ་དེ་ཕྱོགས་གཞེན་ཆེན་པོ་ཡོད་པའི་རྟགས་རེད་ཟེར། དེ་སྨད་མ་ཤེས་པའི་སྨད་ར་རང་རེད། ལི་ཐང་བ་ལ་དོ་རྒྱལ་བསྟེན་གསོལ་བྱེད་མཁན་དང་མི་བྱེད་མཁན་གཉིས་ཡོད་ལ། དེ་གཉིས་དབར་གྱི་འགལ་བ་གཙོ་བོ་ནི་ྋསྐྱབས་མགོན་རིན་པོ་ཆེ་ལ་དད་པ་ཡོད་མེད་དང༌། བོད་དོན་ལ་འགན་ཁུར་དང་མི་ཁུར་ལ་ཐུག་གི་ཡོད་རེད། དེར་བརྟེན་ལི་ཐང་བ་ཞིག་གིས་ྋསྐྱབས་མགོན་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་མཁན་གྱི་གྲལ་དུ་དཔུང་བསྒྲིག་པ་དེ་ནི་དགའ་བསུ་བྱེད་འོས་པ་ཞིག་རེད། དེས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་དང་བོད་དོན་ལ་གོ་མེད་ཚོར་མེད་དང་བཏང་སྙོམ་མ་བསྡད་པར་འགན་ཁུར་གྱི་ཡོད་པ་དེ་མཚོན་པ་རེད།

ཡང་འགའ་ཞིག་གིས་བློ་སེང་ལ་སྐྱོན་བརྗོད་བྱེད་པར་རློམས་ཏེ། ཁོང་ལ་འོས་དེ་འདྲ་མང་པོ་ཐོབ་པའི་རྒྱུ་མཚན་ནི་གཙོ་བོ་རྣམ་པ་གསུམ་དུ་མཐོང་སྟེ། ༡ ཁོང་གི་ཤེས་ཡོན་ལག་ཁྱེར་དང་འབྲེལ་བ།༼ཧར་ཝར་ཌིའི་འབུམ་རམས་པ།Harvard, Ph D.༽ ༢ འོས་ཤོག་འཐོབ་ཐབས་སུ་ལས་འགུལ་སྣ་ཚོགས་སྤེལ་ཕྱོགས། ༣ “བོད་ཀྱི་ཨོ་བྷ་མ།”དང་”རྒྱ་ནག་གི་ཨོ་བྷ་མ་”ཞེས་པའི་འབོད་ཚིག་བསྒྲགས་ཏེ་གྲགས་ཅན་ཆབ་སྲིད་མི་སྣ་གཞན་དང་མཚུངས་བསྡུར་བྱས་པ་བཅས་གསུམ་རེད་ཟེར། དེ་ཚོ་སྨད་མ་ཤེས་པས་བསྟོད་པ་རང་དུ་སོང་འདུག་སྟེ་དེ་གསུམ་གྱི་སྐོར་ལ་འགྲེལ་བཤད་ག་འདྲ་ཞིག་བརྒྱབ་ན་ཡང༌། ༡ ཤེས་ཡོན་ཡོད་པ། ༢ བྱེད་འདོད་ཡོད་པ། ༣ འཇོན་སྟངས་ཡོད་པ་བཅས་བསྟན་འདུག་པས་སོ། །

ཡང་འགའ་ཞིག་གིས་བློ་སེང་གིས་ཆོས་ཀྱི་ནང་དོན་ཡག་པོ་ཤེས་མི་འདུག་ཅེས་ལྷ་རམས་ཨང་དང་པོ་གདམ་གྱི་ཡོད་པའི་བཟོ་འདྲ་པོ་བྱབ་མེད་པའི་སྐྱོན་བརྗོད་མང་པོ་འདུག་ཀྱང་ཚང་མ་ལ་གསལ་བཤད་ལན་འདེབས་ཀྱི་ངལ་བ་བསྟེན་དགོས་དོན་མི་འདུག་པས། དེ་ལས་བློ་སེང་ལགས་གདམ་དགོས་པའི་རྒྱུ་མཚན་གཙོ་བོ་གལ་ཆེ་བ་ཁག་འགའ་ཞིག་བཤད་ན་འདོད། དྲང་པོ་བཤད་ན་སྤྱིར་བཏང་ཁོང་གསུམ་སུ་ཞིག་བཀའ་ཁྲིར་བསླེབ་པ་ཡིན་ཡང་ད་ལྟའི་གནས་སྐབས་འདིར་ཞེ་པོ་ཞིག་སུས་ཀྱང་བྱེད་ཐུབ་ཡ་མེད་པ་རེད། འོན་ཀྱང་ད་རེས་ཀྱི་འོས་བསྡུ་དེ་ལ་བརྟེན་ནས་བོད་རྒྱ་ཆེ་མི་མང་གི་སེམས་ཤུགས་དང་སྙིང་སྟོབས་ལ་འགྱུར་ལྡོག་ཆེན་པོ་ཐེབས་རྒྱུ་ཡིན་པ་སོང་ཙང༌། མི་སུ་ཞིག་འདེམས་དགོས་མིན་གྱི་ཚད་དེ་ཡང་གནད་དོན་དེ་འདྲ་ཞིག་ལ་གཞི་བཞག་གི་ཡོད།

བཀྲས་མཐོང་ལ་མཚོན་ན་ཁོང་སྐུ་དྲག་ཡིན་པ་དང༌། ཁྱིམ་ཚང་ཆེན་པོ་རེད་ཟེར་བའི་སྐད་ཆ་དེ་ཚོ་ནི་བྱབ་ཆུང་ཞེ་དྲག་རེད། དེང་སང་གི་དམངས་གཙོའི་རྒྱལ་ཁབ་མང་པོའི་ནང་སྐུ་དྲག་དང་རྒྱལ་པོ་རྒྱལ་སྲས་སོགས་ལ་ཧ་ཅང་གི་མཐོང་ཆེན་པོ་བཞག་གི་ཡོད་རེད། དེ་འདྲ་ཡིན་དུས་ཁོང་ལ་འོས་མི་བླུག་པ་དེ་སྐུ་དྲག་ཡིན་པའི་རྒྱུ་མཚན་གྱིས་མ་ཡིན། ག་རེ་ཡིན་ཟེར་ན་ཁོང་དེ་སྔ་བཀའ་བློན་ཁྲི་པ་ཐེངས་གཅིག་གནང་མྱོང་བས་ཡིན། དེ་སྔོན་ཐེངས་གཅིག་གནང་ཟིན་ཏེ་ཡང་བསྐྱར་ཐེངས་གཉིས་པ་དང་གསུམ་པ་གནང་བ་ཡིན་ན། བོད་ནང་ལོག་གི་རྒྱ་ཆེའི་མི་མང་གིས་ངོས་འཛིན་ག་འདྲ་ཞིག་བཟོ་ཡི་རེད་ཟེར་ན། བཙན་བྱོལ་ནང་ལ་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ཐུབ་པའི་གཞོན་སྐྱེས་གསོ་སྐྱོང་བྱེད་ཐུབ་ཀྱི་མེད་པ་དང། རྟག་པར་མི་ཁ་ཤས་ཞིག་བརྗེ་མོ་རྒྱག་རྒྱུ་ལས་མེད་པའི་གནས་སྟངས་ཐབས་སྐྱོ་བོ་ཞིག་ཏུ་མཐོང་ནས་བཙན་འབྱོལ་གཞུང་ལ་ཡིད་ཆེས་དང་རེ་བ་མེད་པ་ཆགས་ཏེ་ཁོང་ཚོའི་སྤོབས་པ་དང་སེམས་ཤུགས་རིམ་བཞིན་ཉམས་ཆག་འགྲོ་གི་རེད། བཀྲས་དབང་ཡང་དེ་མཚུངས་རེད།

བློ་སེང་ལགས་གདམ་པ་ཡིན་ན་མི་རབས་གསར་པ་ཞིག་ཐེངས་དང་པོ་བཀའ་བློན་ཁྲི་པར་སླེབས་ཙང་འཛམ་གླིང་ནང་བོད་དོན་སྐོར་དོ་སྣང་གསར་པ་ཞིག་སླེབས་རྒྱུ་ཡིན་པ་དང༌། བོད་ནང་ལོག་གི་མི་ཚོས་ཀྱང་བཙན་བྱོལ་ནང་ཕུལ་བྱུང་གི་མི་རབས་གསར་པ་མཚར་ལོང་ཡོང་གིན་ཡོད་པ་མཐོང་ནས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་ལ་ཡིད་ཆེས་དང་རེ་བ་ཆེ་རུ་འགྲོ་རྒྱུ་ཡིན་ལ། ཁོང་ཚོས་བཙན་བྱོལ་གཞུང་ལ་བཅངས་པའི་ཡིད་ཆེས་དེ་བོད་ཀྱི་རྩ་དོན་སྒྲུབ་པ་ལ་གསེར་དང་མཚུངས་པའི་རིན་ཐང་ལྡན་ཡོད། ལྷག་པར་དུ་བོད་ནང་ལོག་གི་མི་རབས་གསར་པའི་གཞོན་སྐྱེས་ཚོ་ཡང་སློབ་སྦྱོང་ཡོད་ན་མདུན་ལམ་ཡོད་པ་དང༌། རང་ལ་རྒྱལ་ཁབ་ཡོད་ན་སྲིད་འཛིན་དང་སྲིད་བློན་ཆགས་རྒྱུའི་གོ་སྐབས་ཡོད་པ་སོགས་སེམས་ཤུགས་འཕར་བ་དང་ངར་ཤུགས་བསྐྱེད་ཀྱི་རེད། ང་ཚོ་ཙམ་མ་ཡིན་པར་འཛམ་གླིང་གང་དུ་བལྟས་ཀྱང་མ་འོངས་པའི་ཁ་ཕྱོགས་དེ་མི་རབས་གསར་པ་ལ་རག་ལས་ཡོད་པ་མཁྱེན་གསལ་རེད།

དེ་མིན་བློ་སེང་བཀའ་ཁྲིར་སླེབས་པ་ཡིན་ན་རྒྱ་ནག་གཞུང་ལ་བརྡ་ལན་ཆེན་པོ་ཞིག་སྤྲད་པ་རེད། བཀྲས་མཐོང་དང་བཀྲས་དབང་གཉིས་པོ་སུ་ཞིག་སླེབས་ཀྱང་རྒྱ་ནག་གཞུང་ལ་དམིགས་བསལ་བརྡ་ལན་གང་ཡང་སྤྲད་མི་ཐུབ་ལ། དེ་ལས་ལྡོག་སྟེ་ཁོང་ཚོས་བཙན་བྱོལ་གཞུང་ནི་འཁོར་ཉུང་ཤས་ཤིག་གིས་ཡིན་པ་དང༌། ྋསྐྱབས་མགོན་རིན་པོ་ཆེ་མ་བཞུགས་ན་བོད་གཞུང་དང་བོད་ཀྱི་རྩ་དོན་ཟེར་བ་ཡང་མེད་པ་ཆགས་འགྲོ་བའི་འདོད་ཚུལ་དེ་ཇེ་བརྟན་འགྲོ་ཞིང༌། དེས་རྐྱེན་པས་བོད་རྒྱ་གྲོས་མོལ་ཡང་ཉིན་འགྱངས་ཞགས་འབུད་ཀྱིས་གཡོལ་ཐབས་ཁོ་ནས་དོན་འབྲས་གང་ཡང་མི་སོན་པ་ཡོང་སྲིད།

དེས་ན་ང་ཚོས་ད་རེས་མི་རབས་གསར་པ་ཞིག་བོད་ཀྱི་བཀའ་ཁྲིར་བདམས་པ་དང༌། བདམས་པ་ཙམ་མ་ཡིན་པར་ཚང་མས་ཕྱག་གྲུ་མཉམ་འདེགས་ཀྱིས་བཙན་བྱོལ་བོད་གཞུང་འདི་སྔ་ལས་ཚགས་ཚུད་དང་ནུས་ལྡན་ཞིག་ཡོང་བར་བྱེད་དགོས། དེ་ལྟར་བྱུང་ན་རྒྱ་ནག་གཞུང་གིས་ཚོད་དཔག་ཚང་མ་ནོར་བ་ཤེས་ནས་དོན་དམ་གྱི་གྲོས་མོལ་ཞིག་བྱེད་སྲིད་ལ། ྋསྐྱབས་མགོན་རིན་པོ་ཆེས་ཀྱང་ང་ཚོའི་མི་ཐོག་རྫོགས་འགྲོ་བཞིན་ཡོད་ཀྱང་བོད་ཀྱི་འཐབ་རྩོད་དེ་མུ་མཐུད་གནས་ཀྱི་རེད་ཅེས་གསུང་བཞིན་པ་དེ་རྒྱལ་སྤྱིའི་ཐོིག་ཏུ་སྤོབས་དང་བཅས་མངོན་དུ་གྱུར་པ་རེད། དེ་འདྲའི་གནས་བབ་ཞིག་བསྐྲུན་པར་ང་ཚོ་བོད་པ་ཚང་མ་ལ་འགན་ཡོད་ཅིང༌། ྋསྐྱབས་མགོན་རིན་པོ་ཆེ་བཞུགས་ཐོག་འདིར་ངེས་པར་དུ་ཚང་མས་ཤུགས་བརྒྱབ་དགོས།  ཁོང་བཞུགས་ཐོག་དེར་མི་རབས་གསར་རྙིང་བར་མཐུད་ཀ་བརྒྱབ་ཐུབ་དགོས་པ་གལ་ཆེན་པོ་རེད།

སྤྱིར་བཏང་བཀའ་ཁྲི་འོས་མི་བཀྲས་མཐོང་དང་བཀྲས་དབང་གཉིས་ལ་སྐྱོན་བརྗོད་ཆོ་ཡོད་ལ་མེད་ལ་མང་པོ་མཐོང་རྒྱུ་འདུག་ཀྱང་གནད་དོན་གཉིས་ལ་དོ་སྣང་བྱས་མི་འདུག བཀྲས་མཐོང་ལགས་བཀའ་ཁྲི་ཆགས་ན་དེ་སྔོན་བོད་པའི་སྤྱི་ཚོགས་ནང་གི་ན་ཚ་རྙིང་པ་མང་པོ་ཞིག་ལངས་ཉེན་ཡོད་པ་དང༌། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གནང་བའི་ལམ་དང་ལུགས་སྲོལ་སྒྲིག་གཞི་མང་པོ་ཞིག་ལ་གཏོར་བཤིག་ཐེབས་ཏེ། བཀའ་ཁྲི་གཅིག་གིས་དཀའ་ལས་སྐྱོན་ཏེ་ཡར་བཞེངས་པ་དེ་གཅིག་གིས་མར་གཏོར་ནས་མཐར་གྲུབ་འབྲས་གཏད་སོ་གང་ཡང་མེད་པ་ཆགས་རྒྱུ་ཡིན་པ་དང༌། བཀྲིས་དབང་འདུས་ལགས་བཀའ་ཁྲི་ཆགས་ན་ཐག་གཅོད་བྱེད་ཐུབ་པའི་བློ་སྤོབས་མེད་པས་སྔ་མ་དེ་ག་རང་ལས་བཟང་ངན་གྱི་འགྱུར་བ་གང་ཡང་ཐེབས་མི་ཐུབ་པས་དུས་ཚོད་འཕྲོ་བརླག་འགྲོ་ངེས་རེད།

ལྷག་པར་དུ་ཡང་སེམས་འཚབ་ཆེ་ཤོས་ཞིག་ལ། ད་ལྟའི་བཀའ་ཁྲི་ཟམ་གདོང་བླ་མས་བཀའ་མོལ་གནང་ཕྱོགས་ཞིག་གིས་དེ་སྔོན་གྱི་བཀའ་ཁྲི་མང་པོ་ཞིག་ལ་དགོངས་ཕྱོགས་བྱུང་ཡོད་པ་དང༌། བཀྲས་མཐོང་དང་རྒྱལ་དོན་འཇུ་ཆེན་བསོད་སྟོབས་སོགས་མང་པོ་ཞིག་བཀའ་བློན་དུའང་མ་བསྐོས། བོད་རྒྱ་འབྲེལ་མོལ་སྐུ་ཚབ་ལའང་མ་བསྐོས་པ་དེར་སེམས་འཛིན་ཆེན་པོས་རྒྱུན་དུ་ནས་ཟམ་གདོང་པར་སྐྱོན་བརྗོད་སྣ་ཚོགས་ཞིག་བྱེད་བཞིན་པ་མཐོང་རྒྱུ་ཡོད་ལ། ད་རེས་ཀྱང་ཁོང་ཚོ་ཤོག་ཁ་བསྒྲིག་ལུགས་ལ་དཔྱད་ན། གལ་སྲིད་བཀྲས་མཐོང་བཀའ་ཁྲི་ལ་འཁོད་ཚེ་དེ་སྔོན་ཟམ་གདོང་གི་གནང་ཕྱོགས་ལ་ཡ་ལན་གཅོག་པའི་བྱེད་སྟངས་སྐྱོ་བྲོ་བ་དེ་འདྲ་བྱེད་སྲིད་པ་དེ་རེད། ཁོང་རྣམ་པས་དགོས་པའི་རྒྱ་ནག་ལ་ཡ་ལན་ཞིག་མ་བྱས་པར་ནང་ཁུལ་མིང་དོན་ཆེད་ཕན་ཚུན་ཁ་གཏད་ཡ་ལན་གཅོག་རེས་བྱས་བསྡད་པ་ཡིན་ཚེ་བོད་སྤྱིའི་རྩ་དོན་ལ་གནོད་སྐྱོན་ཆེན་པོ་ཐེབས་ངེས་ཡིན། བློ་སེང་ལ་དེ་ལྟའི་སྙིང་ནད་རྩོད་དགོས་པ་ཞིག་མེད་པ་རེད།

བློ་སེང་ལགས་བཀའ་ཁྲི་འཁོད་པ་ཡིན་ནའང་ལོ་ལྔ་དང་ཡང་ན་ལོ་གཅིག་གཉིས་མཚམས་ནས་བཤད་རྒྱུ་ལུང་པ་གང་ཆགས་མི་སྲིད་པ་མ་རེད། འོན་ཀྱང་ང་ཚོར་ཕྱིར་གཤེགས་བརྒྱབ་ས་ཞིག་བསྡད་མི་འདུག ད་དུང་ལོ་ལྔ་དང་བཅུ་ལ་བསྒུག་པ་ཡིན་ན་ཡང་བློ་སེང་ལས་ལྷག་པའི་འོས་ཤོག་མང་པོ་ཐོབ་མཁན་གྱི་མི་རབས་གསར་པ་ཞིག་ཐོན་ཡོང་བ་མཐོང་རྒྱུ་མི་འདུག དེ་དུས་བློ་སེང་བཀའ་ཁྲི་འཁོད་པ་ཡིན་ན་ད་ལྟ་ལས་ཀྱང་ཉེན་ཁ་ཆེ་བ་ཆགས་ཀྱི་རེད། ད་ལྟ་ྋསྐྱབས་མགོན་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་སྐུ་འཚོ་ཞུགས་ཡོད་མུས་རེད། སྣ་ཁུག་བརྡབ་པ་དང་འགྱེལ་བ་གང་བྱུང་ཡང་ད་ལྟ་ནས་མགོ་བཙུགས་ཏེ་འགྱེལ་ས་ལངས་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་རེད།

ད་དུང་གལ་ཆེའི་གནད་དོན་འདི་ལ་ཡང་དོ་སྣང་བྱེད་མཁན་བྱུང་མི་འདུག དོ་རྒྱལ་ཚོགས་པ་འདི་ཆོས་ཕྱོགས་ནས་སྲིད་ཕྱོགས་ལ་འཕོས་པ་དང༌། སྲིད་ཕྱོགས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་འཐབ་གྲོགས་སུ་གྱུར་པ་བརྟེན་བོད་ཀྱི་རྩ་དོན་ལ་གནོད་ཆེན་པོ་བསྐྱལ་བཞིན་ཡོད། འདི་ལ་ཡན་པོར་མ་སོང་བའི་བཏང་འཛིན་བྱེད་ཐུབ་མཁན་བཀའ་ཁྲི་ནི་བློ་སེང་ལས་ལྷག་པ་སུ་ཡང་ཡོང་མི་ཐུབ། ད་ལྟའི་འོས་མི་བགྲེས་པོ་གཉིས་ནི་དོ་རྒྱལ་ཚོགས་པའི་སྟེང་ལ་ཟམ་གདོང་ནང་བཞིན་མདུན་དུ་ཐོན་མི་ཕོད་པ་ཤེས་གསལ་རེད། རྙོག་དྲ་ཚང་མ་ྋསྐྱབས་མགོན་རིན་པོ་ཆེའི་མདུན་དུ་སྤུངས་ནས་སྐུ་ངལ་བཟོ་ངེས་རེད། འོན་ཀྱང་བློ་སེང་ལ་དོ་རྒྱལ་ཚོགས་པ་ལ་ཁ་གཏད་གཅག་ཕོད་པའི་བློ་ཁོག་ཡོད་ལ་ཁྲིམས་ལུགས་ཀྱི་ཤེས་བྱ་ཡང་གྱ་ནོམས་པ་ཡོད།

ད་དུང་དེ་འབྲེལ་གྱི་གནད་དོན་ཁ་ཤས་བཤད་འདོད་བྱུང༌། སྤྱིར་ད་རེས་ཀྱི་བཀའ་ཁྲི་འོས་མི་གསུམ་ཆར་ནས་ཆེས་གུས་བཀུར་འོས་པའི་ཕྱག་ལས་གནང་སོང་སྙམ། དམངས་གཙོའི་རྒྱལ་ཁབ་རྒྱ་གར་དང་ཨ་རི་དེ་ཚོ་ཡིན་ན་ཡང་འོས་མི་ཕན་ཚུན་སྐྱོན་བརྗོད་རྣོ་ངར་ཆེན་པོ་བྱེད་དེ། སྐྱག་རྫུན་བཤད་ཀྱི་འདུག་ཟེར་བ་དང༌། རྐུན་མ་བརྐུས་པ་རེད་ཟེར་བ་དང༌། ཅི་ཡང་ཤེས་ཀྱི་མ་རེད་ཟེར་བ་སོགས་ཚིག་སྡུག་ཅག་ལབ་རེས་རྩེ་ཡང༌། ཁོང་གསུམ་ནས་དེ་འདྲ་མ་ཡིན་པར་བོད་མིའི་ཡ་རབས་བཟང་སྤྱོད་དེ་ངོམས་བཞིན་ད་ལྟའི་བར་དྺངས་བ་འདྲེན་པ་ཞེ་དྲག་གནང་སོང་སྙམ། འོན་ཀྱང་རྒྱབ་སྐྱོར་བྱེད་མཁན་ཁ་ཤས་ཀྱིས་གཅིག་ལ་ཚད་ལས་བརྒལ་བ་བསྟོད་པ་དང༌གཞན་ལ་དམའ་འབེབས་བྱེད་བཞིན་འདུག་པ་ཡག་པོ་མ་རེད།

ཡང་འགའ་ཞིག་གིས་གང་ཟག་སྒེར་ལ་སྐྱོན་བརྗོད་བྱེད་པ་མི་གཞིའམ་མི་གཤིས་ལ་སྐྱོན་བརྗོད་བྱེད་པ་དཔེ་མ་སྲིད་པའི་སྡུག་ཅག་རེད་ཟེར། འོན་ཀྱང་སྐྱོན་ཡོད་ན་བརྗོད་དགོས་པ་དང་བགྲོ་གླེང་བྱེད་དགོས་པ་གལ་ཆེན་པོ་རེད། དེ་མིན་མི་དམངས་ཀྱིས་མི་དེ་ཡག་སྡུག་ཤེས་མི་ཐུབ་པས། བཀའ་ཁྲི་ཚད་ལྡན་ཞིག་དང༌ཡག་པོ་ཞིག་གདམ་མི་ཐུབ། འོན་ཀྱང་གཞི་མེད་སྐྱོན་བརྗོད་དང་ཚད་ལས་བརྒལ་བའི་བསྟོད་སྨད་བྱེད་པ་ཡག་པོ་མི་འདུག

སྐུ་ངོ་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཤས་ཀྱིས་༡༩༨༦ ནས་༡༩༩༤ ལོའི་བར་ཀྱི་བཀྲས་མཐོང་བཀའ་བློན་དང་བཀའ་ཁྲི་སྐུ་ཚབ་བཅས་གནང་རིང་ལ་བོད་ལ་ལེགས་པ་བྱུང་ཚད་ཚང་མ་ཁོང་གི་རེད་ཟེར། ཁོང་གིས་དུས་ཚོད་དེ་དག་རིང་ཕྱག་ལས་ཧུར་ཐག་གནང་བདེན་པ་ཡིན་ཀྱང་བྱས་རྗེས་ཚང་མ་ཁོང་གི་རེད་ཅེ་ན་ཐལ་དྲག་པ་རེད།  དེའི་བར་དུ་བཀའ་ཁྲི་རིམ་པ་གསུམ་དང་བཀའ་བློན་མང་པོ་བྱུང་ཡོད་རེད། འོ་ན་དེང་སང་མི་མང་པོ་ཞིག་གིས་སྐབས་དེར་ཧུ་ཡོ་པང་དང་ཏིང་ཞོ་ཕིང་ཡོད་ཐོག་ལ་བོད་དོན་ཐག་གཅོད་ཡག་པོ་ཞིག་མ་བྱུང་བ་དེ་ནི་ལོ་ལྔ་བཅུའི་ནང་གི་འཐུས་ཤོར་ཆེ་ཤོས་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང༌། བོད་རྒྱ་འབྲེལ་བ་ཡང་དེ་སྐབས་ཆད་པ་རེད། འོ་ན་སྐབས་དེའི་བྱས་རྗེས་ཚང་མ་སྐུ་ངོ་བཀྲས་མཐོང་ལ་ཕུལ་ན་སྐབས་དེའི་བྱས་ཉེས་དེ་ཚོ་སུ་ལ་འཁེལ་དགོས་སམ།

དེ་བཞིན་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བ་ཁ་ཤས་ཀྱིས་བློ་སེང་ལ་བསྟོད་པའི་ཞོར་དུ་རྒྱ་རི་སྒྲོལ་མ་ལ་མཚན་སྨད་ཚད་ལས་བརྒལ་བ་ཞུས་སོང༌། རྒྱ་སྒྲོལ་བཀའ་ཁྲིར་ལངས་པ་དེ་བློ་སེང་བཀའ་ཁྲི་མ་ཐོབ་པའི་ཆེད་དུ་རེད་ཟེར། སྐད་ཅ་དེ་རྒྱ་རི་སྒྲོལ་མས་ཚུར་ལྡོག་སྟེ་བཤད་ན་གཅིག་མཚུངས་རེད། རྒྱ་རི་སྒྲོལ་མས་གནང་སྟངས་དེ་ཧ་ཅང་གིས་གུས་བཀུར་འོས་པ་ཞིག་རེད། ཁོང་གིས་གསལ་བཤད་གནང་བ་དེ་ཚོ་བལྟ་སྐབས་བདེན་པ་བདེན་ཐུབ་དང་དྲང་པོ་དྲང་བཞག་ཡིན་པར་ཤེས་སོང༌། སེམས་ནང་གང་བསམ་པ་དེ་སྔོན་རྗེས་སྦས་གསང་གཡོ་སྒྱུ་མེད་པ་བཤད་འདུག དགོངས་ཞུ་གནང་སྐབས་ཀྱང་ང་ལ་མི་མང་གིས་འོས་བླུགས་མི་འདུག་ཅེས་ངོས་ལེན་བྱེད་ཐུབ་པའི་བློ་སྤོབས་འདུག  ཟར་དང་ཟུར་ནས་ཡ་ལ་གཡོག་ས་ཞིག་ཨི་རག་བལྟས་མ་བྱུང༌།

ད་དུང་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཤས་ཀྱིས་བཀྲས་མཐོང་གི་ཁྱབ་བསྒྲགས་ཧྲལ་བ་དང་ཁྲམ་བརྒྱབ་པ། བློ་སེང་ལ་འོས་མ་ཐོབ་ན་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར་བ་ལྟ་བུ་བསམ་ཤེས་མེད་ཅིང་སྐྱུག་བྲོ་བའི་ལས་ཀ་མང་པོ་བྱེད་བཞིན་ཡོད་པ་དང༌། བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཤས་ཀྱིས་བཀྲས་དབང་གིས་བཀྲས་མཐོང་གི་འོས་ཤོག་ལ་བར་ཆད་བྱེད་དོགས་པས་སྐྱོན་བརྗོད་སྣ་ཚོགས་བྱེད་པ། དཔེར་ན་སྐུ་ངོ་ལ་འོས་ཐོབ་རེ་མེད་ན་ཡང་གཞན་གཉིས་པོ་བརྒྱ་ཆ་ཉུང་དུ་གཏོང་སྟེ་བཀའ་ཁྲི་ལ་མཐོང་མེད་པ་བཟོ་ཆེད་རེད་ཟེར་བ་ལྟ་བུ་བཀྲས་དབང་ནི་བོད་ཀྱི་རྩ་དོན་ལ་གནོད་སྐྱེལ་མཁན་ཡིན་པ་འདྲ་པོ་ཚབས་ཆེ་བའི་སྐྱོན་བརྗོད་བྱེད་པ་དང༌། སྐུ་ངོས་ཐད་གཏོང་བརྙན་འཕྲིན་ཐོག་གཏམ་བཤད་གནང་སྐབས་ཁ་པར་ཐོག་ཁམས་སྐད་རྫུན་མ་བརྒྱབ་ནས་གཞི་མེད་པའི་དམའ་འབེབས་བྱེད་པ་ལྟ་བུ་དེ་ཚོ་སྐྱུག་བྲོ་བའི་བྱ་སྤྱོད་རང་རེད།

འོན་ཀྱང་རྒྱབ་སྐྱོར་བར་སྙད་པའི་བསམ་མེད་འགའ་ཞིག་གི་བྱེད་སྟངས་དེ་དོ་བདག་བཀའ་ཁྲི་འོས་མི་སོ་སོའི་གནང་སྟངས་ཤིག་ལ་ངོས་འཛིན་བྱེད་རྒྱུ་མེད་ལ། སྔོན་གྱི་བྱས་རྗེས་ལ་བལྟས་ནས་ཐུགས་རྗེ་ལེགས་འབུལ་ལྟ་བུ་བཀའ་ཁྲི་གདམ་རྒྱུ་ཡང་མིན་པར། མ་འོངས་པར་བོད་དོན་ཐག་གཅོད་བྱེད་པའི་བློ་ཁོག་དང༌འཆར་གཞི། འཇོན་ཐང་གང་འདྲ་ཡོད་མེད་དང༌། གང་ཟག་སུ་ཞིག་བཀའ་ཁྲིར་སླེབས་ན་དེས་རྡ་སའི་དཀྱིལ་འཁོར་དེ་ཙམ་མ་ཡིན་པར། བོད་ཕྱི་ནང་གཉིས་ནང་བོད་དོན་གྱི་ལས་འགུལ་དང་བོད་མིའི་སྙིང་སྟོབས་ལ་ཁྱད་པར་ག་རེ་ཡོང་གི་ཡོད་མེད་དང༌། རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དོན་ལ་ངོས་འཛིན་གསར་པ་ཅི་ཞིག་འབྱུང་རྒྱུ་ཡིན་མིན་སོགས་བརྟག་དགོས་པ་གལ་ཆེན་པོ་རེད་སྙམ།

ཁང་གསར་འཕྲིན་ལས་འབོད་པས་སྤྱི་ལོ་༢༠༡༡ ལོའི་ཟླ་༢ པའི་ཚེས་པ་༡༠ ཉིན་བྲིས་པའོ། །འདི་ས་ཕྱོགས་ཡུལ་ཕྱོགས་ཐམས་ཅད་དང༌དྲ་རྒྱ་དང་ཟིན་བྲིས་ཚང་མ་ནང་བཀོད་ཅིག  ཀུན་ལ་བསྟན་ཅིག དོན་མ་གོ་བ་རྣམས་ལ་འགྲེལ་བཤད་ཡང་དག་པ་རྒྱོབས་ཤིག དགེ། དགེ།

 

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (19)
བོད་ཀྱི་འབྱུང་འགྱུར་ལ་བསམ་ན་བློ་བཟང་སེང་གེ་འོས་ཤོས་ཡིན། བོད་ལ་འགྱུར་བ་དགོས་ན་བློ་བཟང་སེང་གེ་འོས་ཤོས་ཡིན། དམངས་གཙོ་ཚད་ལྡན་དང་དམངས་གཙོའི་ནུས་པ་མཐར་ཕྱིན་པ་དགོས་ན་བློ་བཟང་སེང་གེ་འོས་ཤོས་ཡིན། ཤེས་ཡོན་དང་ཕུགས་བསམ་དགོས་ན་བློ་བཟང་སེང་གེ་འོས་ཤོས་ཡིན། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བོད་ཀྱི་གནས་སྟངས་ལ་འགྱུར་བ་དགོས་ན་བློ་བཟང་སེང་གེ་འོས་ཤོས་ཡིན། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་དགོས་ན་བློ་བཟང་སེང་གེ་འོས་ཤོས་ཡིན། ན་གཞོན་ལྷག་བསམ་དང་སྙིང་སྟོབས་ཅན་ཞིག་དགོས་ན་བློ་བཟང་སེང་གེ་འོས་ཤོས་ཡིན། རྒྱ་གུང་བྲན་ལ་ཁ་གཏད་གཅོག་མཁན་ཞིག་དགོས་ན་བློ་བཟང་སེང་གེ་འོས་ཤོས་ཡིན། བོད་གཞུང་གི་རྐུབ་སྟེགས་སྟེང་མི་ཐ་ཤལ་ཅན་མེད་པ་བཟོ་དགོས་ན་བློ་བཟང་སེང་གེ་འོས་ཤོས་ཡིན། ༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་དགོས་ན་བློ་བཟང་སེང་གེ་འོས་ཤོས་ཡིན། གལ་སྲིད་ཁྱེད་རྣམ་པས་བཀའ་ཁྲིར་འོས་འཕེན་ཚེ་འོས་ཤོས་དེར་འོས་མ་འཕེན་པ་ཅི་ཡིན། བློ་བཟང་སེང་གེ་བཀའ་ཁྲིར་སླེབས་ན་གཞི་ནས་བོད་མི་རྣམས་ལ་ཀླད་པ་གསར་པ་ཞིག་དང་མདུན་ལམ་གསར་པ་ཞིག་ལོས་ཡོད། ཚང་མས་བློ་བཟང་སེང་གེ་འོས་ཤོས་ཡིན་པ་མཁྱེན་དགོས།
བོད་ཡུལ་ནས་གསར་དུ་སླེབས་པའི་གསར་འབྱོར་ངས།
དེ་རིང་དང་ཁ་སོང་མཐོང་བཞིན་པ་ནི་རྒྱ་གར་བོད་གཞུང་གི་རྣམ་པ་དང་།
བཙན་བྱོལ་བོད་རིགས་ཀྱི་ཁ་ངོ་དེ་རེད།
ངས་མཐོང་གིན་མཐོང་གིན་དེ་སྔོན་ནས་ད་བར་དུ་དཀའ་སྡུག་གི་ཁུར་པོ་ཁྲི་ཁྲག་གིས་ལྕི་བའི་བཙན་བྱོལ་བོད་རིགས་མི་དམངས་དེའི་བདེ་སྡུག་དང་།
འཕེལ་རྒྱས་སོགས་ལ་རྒྱུས་མངའ་ཇེ་ཆེར་གྱུར་སོང་།
དེར་རྟེན་ངས་བཀའ་ཁྲིའི་ཐད་འཕུར་གནམ་གྲུ་མེད་ན་རྒྱ་གར་བོད་གཞུང་ལ་མགོ་ཁྲིད་ཉམས་མྱོང་ཅན་མང་ཡང་དོན་གོ་མེད་པ་གོ
འོན་ཀྱང་ཞྭ་མོ་ལ་དགའ་བའི་བོད་པ་ཚོ་ནི་ད་དུང་ཡང་རང་རང་གི་ཕོ་བ་ལ་མགོ་འཁོར་བས་ཤེས་རིག་དང་སྙིང་སྟོབས་སྦྱོང་བརྡར་སོགས་ཀྱི་དཔལ་གྱིས་ཕྱུག་པའི་ཁ་ལོ་བ་ལ་དེང་དུས་སྦྱོང་བརྡར་མེད་པའི་ཁ་ལོ་བའི་ཞྭ་མོ་གཡོག་བཞིན་མཆིས།
ཞྭ་མོ་ཡ་ཞྭ་མོ།
དེང་དུས་ཞྭ་མོའི་ཚོང་བྲིན་པའི་དབང་གིས་བོད་པའི་ལས་དབང་ཞྭ་མོས་གཡོག་ལ་ཉེ།
ཉམས་མྱོང་ཁོ་ན་རྒྱབ་རྩ་ཡོད་པའི་བོད་པའི་བཀའ་ཁྲི་འོས་མི་ཚོ་ནི།
ཤེས་རིག་དང་སྙིང་སྟོབས་དབེན་པའི་མི་རྒན་འབའ་ཞིག་ལགས་པས།
དེས་དེང་དུས་སྤྱི་ཚོགས་ཀྱི་ལྟད་མོ་མི་མཐོང་བ་ངེས་སོ།
བློ་བཟང་སེངྒེ་ནི་ཁ་ལོ་བའི་སྦྱོང་བརྡར་གནང་མྱོང་མེད་ཁར། ཉམས་མྱོང་གང་ཡང་མེད་པའི་ཐད་འཕུར་གནམ་གྲུའི་ཁ་ལོ་བ་ཞིག་དང་མཚུངས་པས། བོད་གཞུང་དམངས་རྣམས་ལ་གཡང་ས་གང་དུ་བརྡབ་སྐྱོན་དང་། ཉེན་ཁ་གང་འདྲ་ཞིག་ཏུ་ལྷུང་མིན་ལ་ང་ཚོས་བསམ་གཞིགས་ངེས་པར་དུ་བྱེད་དགོས།
སྔོན་ཐཽན་མེད་པའི་བོད་གཞུང་འདིར།།
བཀའ་ཁྲིའི་ཐད་འཕུར་མི་གཏོང་ན།།
བོད་པའི་ལས་དབང་མཇའ་མཚོན་བཞིན།།
སྙིང་པོ་མེད་པར་འགྱུར་ལ་ཉེ།།

ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
15 ༠༤༢༠༡༡༡༡༣༢
༄༅།། མཆེས་གུས་པར་འོས་པའི་བོད་རིགས་སྤུན་ཟླ་རྣམས་ལ་བོད་རྒྱལ་ལོ།་༢༡༣༨ གནམ་ལོ་གསར་ཚེས་དགའ་སྟོན་གྱི་བརྟེན་འབྲེལ་ཉིན་བཀྲིས་བདེ་ལེགས་ཞུ་བ་དང་ཆག་གཅིག བོད་འབངས་བདེ་ཞིང་སྐྱིད་པའི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་དང། འཛམ་གླིང་མཐའ་དབུས་གང་སར་༸རྒྱལ་བའི་ཡབ་གཅིག་འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ་༸སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་ཐམས་ཅད་མཁྱེན་པའི་སྐུའི་གསང་གསུམ་གྱི་མཛད་འཕྲིན་ཕྱོགས་མཐའ་ཀུན་ཏུ་ཁྱབ་ཤིང་ཐུགས་དགོངས་ཇི་བཞིན་གྲུབ་པའི་སྨོན་ལམ་ཤུགས་དྲག་དང་བཅས་ཕུལ།།
མདོན་ན་མགོན་པ་སྤྱན་རས་གཟིགས་དབང་གིས།
སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང།
ཡོངས་བཟུང་རྒྱ་ཆེར་སྨོན་ལམ་གང་མཛད་པའི།
འབྲས་བཟང་དེང་འདིར་མྱུར་དུ་འཆར་བ་གསོལ།

བླ་མ་མཁྱེན། བླ་མ་མཁྱཻན་ནོ།
བོད་ཀྱི་བཀའ་ཁྲིར་འོས་པའི་འོས་ཆོས་ལྷག་བསམ་དང་། དྲང་བདེན། ཤེས་ཡོན། འཇོན་ཐང་། མི་གཤིས། ལྟ་བ། ཉམས་མྱོང་། གསར་གཏོད། བྱས་རྗེས་སོགས་མེད་དུ་མི་རུང་བའི་ཁྱད་ཆོས་རྣམས་བློ་བཟང་སེངྒེར་ཚང་མེད་པས་མང་ཚོགས་ཕལ་མོ་ཆེས་བློ་བཟང་སེངྒེ་ནི་ཐད་འཕུར་གནམ་གྲུ་རེད་ཅེས་བརྗོད་བཞིན་ཡོད། དེ་ཡང་བློ་བཟང་སེངྒེ་ཨ་རི་ནས་བཞུགས་སྒར་དུ་ཐད་ཀར་འཕུར་བ་མ་ཟད། ལྷག་པར་བོད་གཞུང་གི་གཞུང་ཞབས་ཀྱི་ལས་འགན་མ་མཐའ་ཡིག་གད་ནས་དྲུང་ཆེ་དང་བཀའ་བློན་བར་ཉིན་གཅིག་གི་ཞབས་ཞུ་སྒྲུབ་པའི་ཉམས་མྱོང་མེད་པར་ཐད་ཀར་བཀའ་བློན་ཁྲི་པའི་ཁྲི་སྟེང་དུ་བབ་པར་བརྟེན་བློ་བཟང་སེངྒེ་ཐད་འཕུར་གནམ་གྲུ་ཞེས་མིང་མ་བཏགས་ཀ་མེད་རེད།
སྤྱི་བཤད། ང་དེ་སྔ་མཐོ་སློབ་འགྲིམས་ བཞིན་པའི་སྐབས་བློ་བཟང་སེང་གེ་ལགས་ཀྱི་གཏམ་བཤད་ཉན་མྱོང་།དེ་དུས་གཏམ་བཤད་ ཀྱིས་ང་ཚོར་ཡིད་བསྐུལ་ཚད་མེད་ཐེབས་ནས།མ་འོངས་པར་གཞུང་ཞབས་དང་།སྤྱི་འཐུས། བཀའ་བློན།བཀའ་ཁྲི་བཅས་རིམ་བཞིན་བྱེད་ཐུབ་པའི་ཕུལ་བྱུང་གི་གཞོན་སྐྱེས་ཤིག་ འདུག་སྙམ་ནས་རེ་བ་ཆེན་པོ་བཅངས་ཡོད།ད་ཐེངས་ཀྱི་འོས་བསྡུའི་ལས་རིམ་འགོ་བཙུགས་ ནས་དེ་བས་ཁོང་ལ་ཤེས་རྟོགས་གཏིང་ཟབ་དུ་ཕྱིན་སོང་།ཁོང་གི་རྒྱབ་ལྗོངས་ཀྱི་གནས་ ཚུལ་མང་པོས་དེ་སྔའི་ལྟ་ཚུལ་ལ་འགྱུར་བ་ཅུང་ཟད་ཕྱིན་མོད།མི་ཚང་མ་སྐྱོན་ཡོན་ འདྲེས་མར་གྲུབ་ཡོད་པ་ཆོས་ཉིད་ཡིན་པར་སྙམ།འོན་ཀྱང་ཁོང་ལ་འབུམ་རམས་པའི་ལག་ འཁྱེར་ཡོད་པ་ཙམ་དང་།ཁྲིམས་ལ་མཁས་པ་ཙམ་གྱིས་བཙན་བྱོལ་བོད་མིའི་ཚད་མཐོའི་སྐུ་ དབང་ལྡན་པའི་དབུ་ཁྲིད་ལ་འོས་ཞེས་བརྗོད་ན་དེ་ནི་ལམ་ལུགས་ཆོས་ཉིད་གང་དང་ཡང་ འགལ་བ་རེད། དེས་ན་ངས་ད་ཐེངས་ཁོང་བཀའ་ ཁྲིར་སྔ་དྲགས་པའི་འདོད་ཚུལ་འཛིན་མཁན་ཞིག་ཡིན་པའི་ཆ་ནས།ཁོང་གི་ཞན་ཆ་གླེང་ རྒྱུ་ནི་ངའི་འོས་བབ་ཡིན།འདིར་གླེང་བའི་ཁོང་གི་ཞན་ཆ་དེ་དག་སྤྱིར་བཏང་མི་ཞིག་ ཡིན་པའི་ངོས་ནས་གལ་ཆེན་པོ་དང་སྐྱོན་ཆེན་པོ་མ་རེད།འོན་ཀྱང་ཁོང་བཀའ་ཁྲིའི་ འོས་མིའི་ངོས་ནས་ཞན་ཆ་ཆེན་པོ་རེད།ངའི་རེ་བར་ཀློག་པ་པོ་ཚང་མས་ཁོང་བཀའ་ཁྲིའི་ འོས་མིའི་ངོས་ནས་དགེ་སྐྱོན་གྱི་ཐད་ལ་ཡང་དག་པའི་ལྟ་ཚུལ་འཛིན་པ་ལས་ཧེ་བག་ ཤུགས་ཆེན་གྱི་ཕྱོགས་ལྷུངས་དབང་དུ་མ་སོང་བ་གནང་རོགས།དེ་མིན་ངས་རྩོམ་ཡིག་འདི་ སྤེལ་རྗེས་ངར་སྤྱི་ཚོགས་རྙིང་པ་རོ་ལངས་བརྒྱབ་མཁན་དང་།སྐུ་དྲག་གི་རྒྱུག་ཁྱི། བཀའ་བཀོད་རྒྱུད་འཛིན་པ་བཅས་ཀྱི་ཞྭ་མོ་ནག་པོ་གསུམ་དེ་མ་གཡོག་པའི་རེ་བ་ཡོད། གཤམ་ལ་ཡོངས་བསྒྲགས་ཀྱི་ བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་ཁྱད་ཆོས་བརྒྱད་དེ།དབྱིན་བོད་ཤེས་ཡོན་དང་། འཇོན་ཐང་།ཉམས་མྱོང་དང་།ལྷག་བསམ།ལྟ་བ་དང་།མི་གཤིས།གསར་གཏོད་དང་།འཛིན་སྐྱོང་ གི་ནུས་པ་བཅས་རྨང་གཞིར་བྱས་ནས་གླེང་རྒྱུ་ཡིན། ༡༽ ཤེས་ཡོན་གྱི་ཐད་ནས་གླེང་བ། བཀའ་བློན་ཁྲི་པ་ནི་བཙན་ བྱོལ་བོད་མིའི་དབུ་འཁྲིད་མཐོ་ཤོས་དེ་ཡིན་པས་དེར་དབྱིན་བོད་གཉིས་ཀྱི་ཤེས་ ཡོན་གྱི་ཚད་ལོངས་ངེས་ཤིག་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན།འོན་ཀྱང་བློ་སེང་གི་ བོད་ཡིག་གནས་ཚད་དེས་གཤམ་གྱི་གནས་ཚུལ་ཁག་ལ་གདོང་ལེན་བྱེད་དགོས་པ་ཡིན། དང་པོ།ང་ཚོ་བོད་ཀྱི་མཐར་ཐུག་རྩ་དོན་གྱི་རྩོད་གཞི་ནི།་མི་རིགས་ངོ་བོ་དང་། རིག་གཞུང་ལ་ཐུག་གི་ཡོད།དེ་བཞིན་བོད་ནང་ནས་དེང་སྐབས་མི་རིགས་ཀྱི་རིག་གཞུང་ དང་།སྐད་ཡིག་གི་ཐད་ལ་མ་སྐུལ་དང་བླངས་ཀྱི་དངོས་ཤུགས་རྒྱུད་གསུམ་ནས་ལས་འགུལ་ སྤེལ་བཞིན་ཡོད།བཙན་བྱོལ་ནང་ལའང་དེ་མཚུངས་རང་སྐད་སྦྱོང་སྤྱོད་སྤེལ་གསུམ་ལ་ སྔར་བས་ཤུགས་སྣོན་བསྐྱོན་དགོས་པའི་དུས་སྐབས་འདིར།དབུ་ཁྲིད་དེ་བོད་ཡིག་རང་ མགོ་མི་ཐོན་པ་ཞིག་བྱུང་ན་དངོས་གནས་དེ་ནི་འགལ་བསྡུ་ཆེན་པོ་ཞིག་རེད་ལ།བོད་ནང་ གི་མི་མང་ཚོར་ངོ་གནོངས་དགོས་པ་དང་།ཁོ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་བརྡ་ལན་ ལོག་པ་ཞིག་སྤྲད་པ་རེད། གཉིས་པ།གྲོས་ཚོགས་འཚོགས་ དུས་བཙན་བྱོལ་བོད་མིའི་གནད་དོན་སྣེ་མང་ཐད་བཀའ་ཁྲིར་དྲི་བ་བརྒྱ་ཕྲག་མང་པོ་ ཡོང་གི་ཡོད་པ་དང་།དེ་བཞིན་ཁྲིམས་སྒྲིག་གསར་བཟོ་དང་བསྐྱར་བཅོས་སྐབས་དག་ཆ་དང་ བརྡ་འཕྲོད་ཀྱི་འགྲོ་སྟངས་ཀྱི་དྲིས་ལན་མང་པོ་བསྐྱོན་དགོས་ཀྱི་ཡོད།དེ་དུས་ དྲུང་ཡིག་འབོད་ས་མེད་ལ།ང་བོད་ཡིག་སྦྱངས་མྱོང་མེད་ཚུལ་བརྗོད་ས་མེད།བརྗོད་ ཀྱང་ཚོགས་ཀྱི་དབུས་སུ་ཞད་གད་སློང་བའི་རྒྱུ་ལས་མ་འདས། གསུམ་པ།ཡང་བཀའ་ཁྲིས་སློབ་ གྲྭ་ཆེ་འབྲིང་ཆུང་གསུམ་མང་པོར་བོད་ཀྱི་རིག་གཞུང་གལ་ཆེ་རང་བཞིན་དང་།ནུས་པ། དར་སྤེལ་གཏོང་ཕྱོགས་བཅས་ཀྱི་ཐད་ནས་བཀའ་སློབ་གནང་དགོས་དུས།རིག་གནས་དེ་དང་ དེའི་སྐོར་རགས་རིམ་ཞིག་མ་ཤེས་པར་གཏམ་བཤད་ཇི་ལྟར་བྱེད།སློབ་ཕྲུག་གིས་དྲི་བ་ སྣ་ཚོགས་དྲིས་པར་བཀའ་ལན་བརྒྱབ་དགོས་རྒྱུར་གཡོལ་ཐབས་མེད་པས།དེ་དུས་ཀུན་གླེང་ བརྙན་འཕྲིན་ནང་གི་ལན་བཞིན་རིག་གནས་སྐོར་གྱི་དྲི་བར་ཆབ་སྲིད་དང་ཁྲིམས་ལུགས་ སྐོར་གྱི་ལན་ཞིག་བརྒྱབ་ན་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་ལྟར་སོང་ནས་ བཀའ་ཁྲི་དེར་འཕྱ་དམོད་བྱ་ཡུལ་དུ་གྱུར་ངེས་རེད། བཞི་པ།ལྷག་པར་བཀའ་ཁྲི་ གསར་པ་དེས་སྲོལ་རྒྱུན་སོ་ནམ་ཞིང་ལས་དང་།ཤེས་ཡོན་སྲིད་བྱུས་གསར་པ་དང་ལག་ལེན་ བསྟར་དགོས་པའི་འགག་རྩའི་དུས་ཚོད་ལ་སླེབས་ཡོད།དེ་དག་ལག་ལེན་བསྟར་དགོས་སྐོར་ དམིགས་བཀར་ཐད་ཀའི་བཀའ་བློན་ཡོད་རུང་།མཚམས་རེ་བཀའ་ཁྲི་ངོ་མས་གྲོས་ཚོགས་དང་ གཞིས་ཆགས།སློབ་གྲྭ་ཁག་བཅས་ལ་སྲིད་བྱུས་ཀྱི་དགེ་མཚན་དང་དགོས་པ་བཅས་ཀྱི་གནས་ ལུགས་རྒྱས་བཤད་གནང་དགོས་དུས།སྲོལ་རྒྱུན་རིག་གནས་སྤྱི་དང་བོད་ཀྱི་རིག་གནས་ ཀྱི་རྨང་གཞི་མེད་ན་གཞན་ལ་འགྲེལ་བཤད་བརྒྱབ་ཐབས་བྲལ་གཤིས་ལས་དོན་དེའི་ཐོག་ འཐུས་ཤོར་འགྲོ་ཉེན་ཆེ། ལྔ་པ།བཀའ་ཁྲི་ཟམ་གདོང་ རིན་པོ་ཆེ་མཆོག་གིས་གཞུང་འབྲེལ་གྱི་ཡིག་ཆ་ཁག་བོད་ཡིག་འབྲི་སྲོལ་ལག་བསྟར་ གཏན་འབེབས་ཀྱི་སྲོལ་རྒྱུན་བཟང་པོ་དེ།ཕྱིན་ཆད་བཀའ་ཁྲི་གསར་པས་ཀྱང་ལག་བསྟར་ དགོས་པས།བཀའ་ཁྲིས་གལ་ཆེའི་ཡིག་རིགས་དང།་སྙན་ཞུ།མཆན་འགོད་རིགས་བཅས་ལ་ཡིག་ཚང་ དུ་གཟིགས་དགོས་དང་།མཚམས་རེ་ནང་དུ་གཟིགས་དགོས་པའང་འབྱུང་གི་ཡོད།བློ་སེང་ལྟ་ བུ་ཡིན་ན་དྲུང་ཡིག་མ་བསྟེན་ན་བོད་ཡིག་མི་འདང་ཞིང་།དྲུང་ཡིག་གིས་ཡིག་རིགས་ ཚང་མ་རེ་རེ་བཞིན་ཀློག་གིན་བསྡད་ན་དུས་ཚོད་འགོར་གཞི་ཆེ་བས།ཛ་དྲག་གི་ལས་དོན་ དང་སྙན་ཞུའི་རིགས་ལ་འཐུས་ཤོར་འགྲོ་ཉེན་ཡོད་པས་དཀའ་ཚེགས་དེ་ཚོར་གདོང་ལེན་ཇི་ ལྟར་བྱེད་དམ། དྲུག་པ།བཀའ་བློན་ཁྲི་པས་ རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་གི་མཛད་སྒོ་སོགས་སུ་ཕེབས་དུས་དགེའ་འདུན་ འདུས་མང་དབུས་སུ་ཆབ་སྲིད་དང་ཁྲིམས་རྐྱང་བཤད་ན་མི་མཛེས་ཤིང་།དེ་ཉིན་གྱི་ལས་ རིམ་དང་འབྲེལ་བའི་ཆོས་འཇིག་རྟེན་གྱི་གསུང་བཤད་གནང་དགོས་དུས།བོད་ཀྱི་ལོ་ རྒྱུས་དང་།རིག་གནས་ལ་སྦྱངས་པ་ངེས་ཅན་ཞིག་མེད་ན་སྐབས་དེ་དུས་དགོད་མིན་ངུ་ མིན་ཞད་གད་སློང་བའི་གནས་སུ་ལྷུངས་རྒྱུར་ངེས།དེ་ན་བཀའ་ཁྲིར་ཚང་དགོས་ངེས་ཀྱི་ རྩ་བའི་འོས་ཆོས་དང་པོ་དབྱིན་བོད་ཤེས་ཡོན་གཉིས་ལས་བོད་ཡིག་རང་མགོ་མི་ཐོན་ན་ དམངས་ཀྱི་མགོ་མི་ནོན་པས་བཀའ་ཁྲིའི་ཞབས་སྟེགས་ཀྱི་རིན་ཐང་དེ་ཡང་ཅང་ཅང་དུ་ འགྱུར་ཉེན་ཆེ། ༢༽ འཇོན་ཐང་གི་ཐད་ནས་གླེང་བ། དང་པོ།བཀའ་བློན་ཁྲི་པ་དེ་ འཇོན་ཐང་ཅན་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན།འཇོན་ཐང་དེ་ཡང་ཡོད་ཅེས་པ་དང་།ཡོད་ ས་རེད་ཅེས་པ་ཙམ་མིན་པར།ལས་དོན་དངོས་ཐོག་ནས་གྲུབ་འབྲས་ཀྱིས་དངོས་ར་འཕྲོད་ ཐུབ་པ་དང་།ཚད་འཕེར་བ་ཞིག་དགོས་ཀྱི་ཡོད།འཇོན་ཐང་གི་གྲུབ་འབྲས་སྟོན་རྒྱུ་མེད་ ན་ཤེས་ཡོན་དང་སྨྲ་བརྗོད་བདེ་པོ་ཙམ་གྱིས་བཀའ་ཁྲིའི་ཞབས་སྟེགས་མཐོ་པོ་དེ་ བཟུང་རྒྱུ་ཁག་པོ་རེད། གཉིས་པ།བློ་བཟང་སེང་གེ་ ལགས་ཀྱིས་ད་བར་སློབ་ཕྲུག་སྐབས་གཞོན་ལྷན་གྱི་ལས་འགུལ་ནང་ཞུགས་པ་དང།ཨ་རིར་ རྒྱ་མི་རིགས་ལ་འབྲེལ་བ་བྱས་པ།ཆེད་ལས་མི་སྣའི་ཚོགས་འདུ་ཁ་ཤས་ནང་ཞུགས་པ་བཅས་ ཀྱིས་ཁོང་ལ་འཇོན་ཐང་ཡོད་པ་དེ་ར་འཕྲོད་ཐུབ་ཀྱི་མི་འདུག་འཇོན་ཐང་ནི་འགན་འཁྲི་ ལྕི་བའི་ལས་དོན་གསར་གཏོད་དང་།དེར་གྲུབ་འབྲས་ལག་རྩེར་སྨིན་པ་ཞིག་དགོས་ཀྱང་། ཁོང་ལ་ད་བར་གསར་གཏོད་དང་གྲུབ་འབྲས་སྟོན་རྒྱུ་མི་འདུག གསུམ་པ།ཁོང་གིས་གཏམ་བཤད་ བྱེད་དུས་འཇོན་ཐང་ངོམ་ཆེད་འཆར་གཞི་གསུམ་དང་།ལྔ།བཅུ་བཅས་བཏོན་ཡོད་རུང་དེ་ནི་ གལ་ཆེན་པོ་མིན།འཆར་གཞི་ཉི་ཤུ་དང་སུམ་ཅུ་ཡིག་ཐོག་ཕབ་རྒྱུར་དཀའ་ཚེགས་མེད།འཛམ་ གླིང་འདིར་འོས་བསྡུར་ལངས་མཁན་མང་ཆེ་བས་རྒྱབ་སྐྱོར་བ་འཚོལ་ཆེད་འཆར་གཞི་མང་ པོ་འཁྱེར་སྲོལ་ཡོད།དེས་འོས་ཤོག་ཐུབ་རྒྱུར་ཕན་ཐོགས་ཕྲན་ཙམ་ཡོང་སྲིད་མོད།གལ་ ཆེ་ཤོས་འཆར་གཞི་དེ་དག་ང་ཚོ་བཙན་བྱོལ་བའི་གནས་བབ་དང་།་དཔལ་འབྱོར་གྱི་གནས་བབ་ ལ་གཞིགས་ནས་ག་ཚོད་ལག་ལེན་བསྟར་ཐུབ་ས་རེད་དམ་དཔྱད་པ་བྱ་རྒྱུ་གལ་ཆེ།མདོར་ན་ བློ་སེང་ལ་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་འོས་ཆོས་གཉིས་པ་འཇོན་ཐང་ལ་སྤྱི་ ཚོགས་ནང་ཤེས་ལྡན་པ་མང་པོར་ཐེ་ཚོམ་སྐྱེས་ཀྱི་ཡོད། ༣༽ ཉམས་མྱོང་གི་ཐད་ནས་གླེང་བ། བློ་བཟང་སེང་གེ་ལགས་ཀྱིས་ བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་ཐོག་ལ་ཉམས་མྱོང་ཡོད་ཚུལ་དང་།ཚོུད་དགུ་པ་ ནས་ལྔ་པ་བར་ལས་ཀ་བྱས་པའི་ཉམས་མྱོང་མེད་ཀྱང་བོད་གཞུང་གི་གནས་ཚུལ་ཚང་མ་ཤེས་ ཀྱི་ཡོད་ཅེས་ཆེར་རློམ་གྱི་ངང་ནས་ཨུ་ཚུགས་ཇི་ལྟར་བྱས་ཀྱང་།དོན་དངོས་པོའི་ གནས་ཚོད་ལ་ཁོང་གི་ཉམས་མྱོང་དེ་ནི་མི་ལ་སྐད་ཆ་དྲིས་པ་དང་དེབ་ཐོག་གི་མྱོང་བ་ སྐྱེས་པ་ཙམ་ཞིག་ཡིན་པས།དེ་ནི་ཉམས་མྱོང་དངོས་དང་རྩ་བ་ནས་མི་འདྲ།དཔེར་ན་ཞིང་ པས་ལྕོག་རྩེའི་སྟེང་སྨོན་པ་བརྒྱབ་སྟངས་བསླབ་པ་དང་དངོས་སུ་རྨོས་གླང་གི་རྗེས་ སུ་འགྲོ་བ་གཉིས་དཀའ་ཁག་མི་འདྲ་བའི་གཏམ་དཔེ་ཡང་ཡོད་པ་རེད།དེབ་ཐོག་ནས་རླངས་ འཁོར་སྦྱངས་ཡང་དེས་སྦྱངས་གོ་ཆོད་ཀྱི་མེད།དེབ་ཐོག་དང་དངོས་སུ་ལག་པ་འཆང་བ་ གཉིས་དཀའ་ཁག་ལའང་ཧེ་བག་ཆེན་པོ་མི་འདུག་གམ། ཡང་ཁོང་གིས་སློབ་ཐོན་གྱི་ ཆེད་རྩོམ་དེ་བཙན་བྱོལ་བོད་མིའི་སྐོར་བྲིས་པ་རྒྱུ་མཚན་དུ་དྲངས་ནས་བོད་གཞུང་ གི་གནས་སྟངས་ཚང་མ་ཤེས་པ་ཀྱི་ཡོད་ཚུལ་གསུངས་པ་ཅུང་འོར་ཤོབ་གནང་བ་དོན་དངོས་ རེད།དེ་ནི་དཔྱད་གཞི་འགའ་ཤས་འཛོམས་ན་ཕྱི་རྒྱལ་མགོ་སེར་ཞིག་གིས་ཀྱང་འབྲི་ཐུབ་ ཀྱི་རེད།ཁོང་གིས་ཤེས་པ་ནི་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་གི་ཕྱིའི་རྣམ་ གྲངས་དང་གནས་ཚུལ་རགས་རིམ་ཙམ་ཡིན། འགོ་ཁྲིད་ཀྱི་ལས་ཀའི་ཉམས་ མྱོང་དངོས་ནི་འཛིན་སྐྱོང་དང་།སྲིད་བྱུས་གཉིས་ལས་དོན་ནང་ལོ་ནས་ལོ་བསྟུད་དེ་ ལས་དོན་གྱི་འཐབ་རྩོད་ནང་དངོས་སུ་ཞུགས་ནས།ལས་ཀའི་ངོ་བོ་དང་།བྱེད་ལས།འཆར་ འགོད།དཀའ་ཚེགས།འགོག་རྐྱེན།རྙོག་རྫིང་ཆེ་བའི་མི་སྣའི་འབྲེལ་བ།སྲིད་བྱུས། ཁྲིམས་སྒྲིག་།གོ་བབ།གྲུབ་འབྲས་བཅས་རང་ཉིད་ཀྱིས་དངོས་སུ་མྱོང་བ་ཙམ་མ་ཟད། མྱོང་བ་དེ་ལ་བརྟེན་ནས་ལས་དོན་བསྒྲུབ་པའི་ཐབས་ཤེས་དང་གསར་གཏོད་ཀྱི་རྨང་གཞི་ ཡོད་པ་ཞིག་ཡིན་ན་ད་གཟོད་ཉམས་མྱོང་ཡོད་ཅེས་བརྗོད་ཆོག་བློ་བཟང་སེང་གེ་ལགས་སུ་ དབུ་འཁྲིད་གཅིག་གིས་འགྲིམས་དགོས་པའི་ལམ་བུ་གལ་ཆེན་ཞིག་ལའང་བསྐྱོད་མྱོང་མེད་ པའི་ཞན་ཆ་དེས་ལས་དོན་ཆེ་ཕྲ་མང་པོར་ཐལ་ཆ་དང་ནོར་འཁྲུལ་འཚབ་ཆེན་ཡོང་ཉེན་ཆེ། དེ་ན་ཁོང་ལ་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་འོས་ཆོས་གསུམ་པ་ཉམས་མྱོང་མེད་ པ་ཡོངས་གྲགས་རེད། ༤༽ ལྷག་བསམ་གྱི་ཐད་ནས་གླེང་བ། སྤྱིར་མི་ཞིག་གི་ལྷག་བསམ་ ལ་ཚོད་རྩིས་བྱ་རྒྱུ་ཅུང་ཁམ་ཙམ་ཡོད་མོད།མི་དེའི་བྱ་སྤྱོད་དང་གཏམ་གླེང་བཅས་ བརྒྱུད་ནས་མི་དེའི་ནང་སེམས་ཀྱི་ལྷག་བསམ་དང་མི་གཤིས་ཀྱང་ཤེས་རྟོགས་ཡོང་གི་ ཡོད། དང་པོ།དེ་མཚུངས་བློ་བཟང་ སེང་གེ་ལགས་ཀྱིས་གཏམ་བཤད་གནང་དུས་རང་ཉིད་ཀྱི་བྱས་རྗེས་དང་འབྲེལ་ནས་བརྗོད་པ་ དང།མཁས་དབང་གི་ལག་འཁྱེར་ལེན་ཚུལ་དང་།ཧཱ་ཝར་གྱི་ཞིབ་འཇུག་པ་རྒན་གྲས་ཡིན་ སྐོར།རང་ཉིད་ཀྱི་སྐྱེས་ཁུངས་ཕལ་པ་ཡིན་སྐོར་བརྗོད་ནས་རང་ཉིད་ཀྱི་ལྷག་བསམ་ མངོན་གང་ཐུབ་ཀྱི་རྣམ་པ་སྟོན་གྱི་ཡོད། དོན་དངོས་ཐོག་ཁོང་གིས་ད་བར་ཧཱ་ཝར་ནང་ཇི་ལྟར་ཚུད་མིན་དང།ཞིབ་འཇུག་གི་སློབ་ ཡོན་སུས་གཏོང་མིན།ད་ལྟའི་གནས་སྟངས་སྐོར་ཞིབ་ཕྲ་རྩ་བ་ནས་གསུང་གི་མེད་ཅིང་། སྐབས་རེ་ཁོང་ལ་ཡོང་སྒོ་མེད་སྐོར་གསུངས་པ་དང།་ཡང་འོས་བསྡུའི་འགྲོ་སོང་ཡོང་ ཁུངས་འདྲི་སྐབས་སློབ་གྲྭ་ནས་བཏང་སྐོར་བརྗོད་ཀྱི་ཡོད།འོན་ཀྱང་ཆབ་སྲིད་ཀྱི་ ལས་འགུལ་རིགས་ལ་སློབ་གྲྭས་གྲོན་དངུལ་གཏོང་སྲོལ་མི་འདུགཡང་ཨ་རིའི་གཙུག་ལག་ སློབ་གྲྭའི་གཏན་འཇགས་ལས་གནས་ཤིག་ཡོད་ཚེ་ཡོང་སྒོ་ངེས་ཅན་ཞིག་མེད་པ་མི་སྲིད། ཡོང་སྒོ་མེད་ན་ལས་གནས་གཏན་འཇགས་མིན་པའི་རྟགས་རེད།དོན་དངོས་ཐོག་ཁོང་ལ་ཡོང་ སྒོ་ཡོད་མེད་དང་།ཧཱ་ཝར་གྱི་གནས་བབ་བཅས་ལ་རྒྱ་ཆེའི་ཤེས་ལྡན་པའི་ཁྲོད་དུ་ གླེང་སློང་ཤུགས་ཆེན་བྱུང་བ་མ་ཟད།མང་པོ་ཞིག་གིས་ཧཱ་ཝར་གྱི་གཏན་འཇགས་ཞིབ་ འཇུག་པའི་མིང་ཐོའི་ཁོངས་སུ་མེད་སྐོར་སློབ་གྲྭའིོ་དྲ་རྒྱ་ལས་ཁུང་སྐྱེལ་བྱེད་ ཀྱི་ཡོད། གཉིས་པ།ཨ་རིའི་གཞོན་ སྐྱེས་ཀྱི་ནང་དང་ལྷག་པར་ཁོང་གནས་སའི་བྷོ་སེ་ཌོན་བོད་རིགས་མི་མང་དྲུག་བརྒྱབ་ ལྷག་ཡོད་པ་རྣམས་ཀྱིས་བློ་སེང་ལ་རྒྱུས་ངོ་ཆེ་ཤོས་ཡིན་ཞིང་།ཁོ་ཚོས་ཁོང་ལ་ རྒྱབ་སྐྱོར་འདང་ངེས་ཤིག་མ བྱས་པའི་རྒྱུ་མཚན་གང་ཡིན་ནམ།དོན་དེར་བསམ་གཞིགས་བྱ་རྒྱུ་གལ་ཆེན་པོ་རེད། གསུམ་པ།ཁོང་ཕྱི་ལོ་༡༩༩༥ལོར་ཨ་རིར་སློབ་ཡོན་ལས་འཆར་ཁོངས་སུ་ཚུད་ནས་ཕྱིར་ལོག་ སྐོར་ལ་ཤེས་ལྷན་དང་ཆོད་གན་བཞག་ཡོད།ཕྱི་ལོ་༡༩༩༨ལོེ་ཁོང་གི་སློབ་ཡོན་ལས་འཆར་ གྱི་ཆོད་གན་གྱི་དུས་ཚོད་རྫོགས་ཀྱང་།ཕྱི་ལོ་༢༠༠༤་བར་ལོ་བར་ལོ་དྲུག་རིང་ དགོངས་ཞུ་མ་བྱས་པའི་ནག་ཉེས་ལས་གཡོལ་ཐབས་མེད།ཡང་ཨ་རིར་རྒྱ་མི་རིགས་ལ་འབྲེལ་ མཐུད་ཀྱི་ལས་ཀ་བྱས་པ་ནི་སློབ་ཡོན་ལས་གཞིའི་འོག་སྤྱི་རྒྱུ་སྒེར་བཟོས་ཀྱི་ནག་ ཉེས་ལྕི་པོ་དེ་ལས་གཡོལ་ཐབས་བྱས་པ་མངོན་གསལ་དོད་པོ་ཡིན།སྤྱི་བཏང་ཆོད་གན་ལ་ དགོངས་པ་ཞུ་སྤྲོད་ཟེར་བ་སྲིད་དམ།ཆེ་མཐོའི་སློབ་ཡོན་ལྷན་ཚོགས་ཀྱི་ཁྲིམས་ སྒྲིག་གང་གི་འོག་ནས་དགོངས་པ་སྤྲད་ཡོད་དམ།དེ་ཚོ་གནད་འགག་ཆེན་པོ་རེད།གནད་དོན་ དེའི་ཐད་ལ་ཁོང་སྤྱང་པོ་རེད་བརྗོད་ཆོག་ཀྱང་གྲོས་ཆོད་དང་རྒྱབ་འགལ་བྱས་པའང་ དོན་དངོས་རེད། བཞི་པ།དེ་སྔ་ཁོང་གིས་སྒང་ ཏོག་ཏུ་ཁམས་པའི་གཞོན་ནུ་ཚོགས་པ་འཛུགས་འཆར་ལམ་ལྷོང་མ་བྱུང་བའི་གནད་དོན་ལ་ གཞིགས་ན་ལི་ཐང་གི་བརྟན་བཞུགས་སྐབས་དཔུང་བསྒྲིགས་པར་ཡོང་ཚུལ་བརྗོད་པ་དེ་ཡང་ ལུང་ཚན་ཕྱོགས་རིས་ཀྱི་བཀའ་མོལ་མིན་མི་སྲིད་ཅིང་།དོན་དེ་ནི་སེམས་ནང་འབར་བའི་ མེ་ལྕེ་དེ་ཁ་ནང་ནས་དུ་བ་རང་དབང་མེད་པར་ཐོན་པ་ཞིག་མིན་པའི་ངེས་པ་མེད།དེ་ན་ བཀའ་ཁྲི་ཚང་དགོས་པའི་རྩ་བའི་འོས་ཆོས་བཞི་པ་ལྷག་བསམ་ལའང་ང་ཚོར་དོགས་གནད་ཆེན་ པོ་སྐྱེས་ཀྱི་འདུག ༥༽ ལྟ་བའི་ཐད་ནས་གླེང་བ། སྤྱིར་མི་ཞིག་གི་ལྟ་བ་དེ་ ཤིན་ཏུ་གལ་ཆེན་པ་ཡིན་པ་དང་།དེ་བས་བཀའ་བློན་ཁྲིའི་འོས་མི་ཞིག་ཡིན་ཕྱིན་ཐོག་ མར་མི་དེའི་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་དེ་རང་ཚུགས་བརྟན་པོ་དགོས་རྒྱུ་ དེ་གལ་ཆེན་པོ་རེད།ཡིན་ནའང་བློ་འཕམ་པ་ཞིག་ལ་སྔོན་འགྲོའི་འོས་ཤོག་མང་ཤོས་ཐོབ་ མཁན་བློ་སེང་གིས་ཁ་སང་ས་གནས་གཅིག་ལ་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་ཚུལ་དང་། དེ་རིང་ཡང་ས་གནས་གཞན་ཞིག་ལ་རང་བཙན་གལ་ཆེ་ཚུལ།སང་ཉིན་གཞན་ཞིག་ཏུ་དུས་སྐབས་ དང་བསྟུན་ནས་འགྱུར་བ་དགོས་ཚུལ།དེ་མིན་ཨ་རིར་རྒྱ་རིགས་ལ་དམིགས་ནས་བོད་འདི་ རྒྱའི་མི་སེར་ལྟར་རྒྱ་ནག་གི་གོང་བུའི་ནང་ཟླ་སྒྲིལ་ལམ་ཆ་ཤས་སུ་ཞུགས་སུ་འཇུག་ རྒྱུའི་བསྐུལ་དེད་བྱེད་གལ་གླེང་གི་འདུག ཡང་ཁོང་གིས་དགེ་འདུན་པར་དམིགས་ནས་ཆོས་གལ་ཆེ་ཚུལ་དང་ཁོ་རང་ཡང་སྐྱོབས་འགྲོ་ འདོན་སྐོར་དང་།སློབ་ཕྲུག་ལ་དམིགས་ནས་ལས་གནས་གསར་གཏོད་དང་གོ་སྐབས་གསར་སྤྲོད་ བྱ་འཆར།གསར་འབྱོར་བར་དམིགས་ནས་བོད་ནས་ཡོང་མཁན་གལ་ཆེ་ཚུལ།གཞིས་ཆགས་ལ་དམིགས་ ནས་གཞིས་ཆགས་ལ་ཡར་རྒྱས་འཛུགས་བསྐྲུན་གལ་ཆེ་ཚུལ་གླེང་གི་ཡོད།བྱེད་སྟངས་དེ་ ནི་འཁྲབ་སྟོན་མཁས་པའི་སྲིད་དོན་པ་དང་སྐབས་འཚོལ་བའི་བྱ་ཐབས་གལ་ཆེན་ཞིག་རེད་ ལ།གོང་གི་བཤད་ཚུལ་དེ་ནི་དེ་སང་ཡོངས་གྲགས་ལྟ་བུ་ཆགས་ཡོད།་ཡང་སྙིང་བློ་སེང་ མི་སྒེར་གྱི་ལྟ་བ་དང་ལངས་ཕྱོགས་ངོ་མ་གང་ཡིན་དེ་སུ་ལ་བཤད་རྒྱུ་ཡོད་དམ།དེ་ན་ བློ་སེང་ལ་བཀའ་ཁྲིར་ཚང་དགོས་ངེས་ཀྱི་རྩ་བའི་འོས་ཆོས་ལྔ་པ་ལྟ་བའི་ཐད་ལ་ང་ ཚོར་གདེང་ཚོད་སླེབས་ཀྱི་མི་འདུག ༦༽ མི་གཤིས་ཀྱི་ཐད་ནས་གླེང་བ། དང་པོ།བློ་བཟང་སེང་གེ་ ལགས་ཀྱིས་གཏམ་བཤད་བྱེད་དུས་ཁེངས་སྐྱུང་གི་རྣམ་པ་ཙམ་ཡང་མེད་ཅིང་།ཁོང་གི་ཉེ་ འཁྲིས་སུ་ཡོད་པའི་ལོ་ངོ་གསུམ་ཅུ་བཞི་ཅུའི་རིང་བོད་གཞུང་དམངས་ལ་སྲི་ཞུ་ བསྒྲུབས་མྱོང་མཁན་གྱི་བཀའ་ཟུར་གཉིས་ལའང་འཛེམས་གཟོན་མེད་པརབཏང་རབས་དང་འཇོན་ རབས།བྱས་རབས་ཞེ་གཅིག་བཤད་ཀྱི་ཡོད།དེ་དུས་ང་ཚོ་སེམས་ལ་ངོ་ཚའི་ཚ་ཤར་ལངས་བ་མ་ ཟད་ཁོང་གཉིས་ཀྱང་ཁོང་དགོད་ཤོར་རྒྱུར་མདོན་མི་ཟ་བ་ཞིག་རེད། གཉིས་པ།ལས་དོན་ཕྲན་བུ་ བསྒྲུབས་པ་རྣམས་ཆེན་པོ་བཟོས་ནས་བཤད་པ་དང་།ཨ་རིར་རྒྱ་རིགས་ཤེས་ལྡན་པ་ཉུང་ཤས་ ཐུག་འཕྲད་བྱས་པར་ངས་རྒྱ་མིའི་མཁས་དབང་བརྒྱ་ཕྲག་དང་ཚོགས་འདུ་འཚོགས་ཀྱི་ཡོད་ སྐོར་བརྗོད་པ།རང་ཉིད་ཀྱི་འོས་ཤོག་གི་ཆེད་དུ་བསྐོར་བསྐྱོད་བྱས་པར་མང་གཙོ་ གོང་སྤེལ་བཏང་ཚུལ་བརྗོད་པ། གསུམ་པ།གཞན་ཡང་ཀུན་གླེང་ ལེ་ཚན་དང་།རླུང་འཕྲིན།ནེའུ་ཡོག་བགྲོ་གླེང་ཆེན་མོ།རྡ་ས་ཉིན་མོའི་སློབ་གྲྭ། ལྡི་ལི་བཅས་སུ་དྲི་བ་དྲིས་ལན་བྱས་པ་ཁག་ལ་ལན་བསྐྱོན་སྐབས་རང་ཉིད་ཀྱི་ཞོར་ལ་ མི་གཞན་དང་བོད་གཞུང་ཐག་ཤོར་འབྲེང་འདྲུད་བྱས་པ།མི་གཞན་ལ་དམའ་འབེབས་བཏང་བ།ལན་ སྔ་ཕྱི་གོང་འོག་མི་མཚུངས་པ།དྲིས་ལན་གཡོལ་ནས་བརྒྱབ་པ།ལན་མ་བརྒྱབ་པར་གཡོལ་ ཐབས་ཁོ་ན་བྱས་པ།འཇམ་ནོར་དང་བོད་ཀྱི་བདག་དབང་སྐོར་གྱི་རྩོད་གླེང་བཅས་ཀྱིས་ མི་དམངས་ལ་བློ་ཕམ་ཡི་ཆད་ཆེན་པོ་བཟོས་ཡོད།དེ་ན་བློ་སེང་ལ་བཀའ་ཁྲིར་ཚང་དགོས་ ངེས་ཀྱི་རྩ་བའི་འོས་ཆོས་དྲུག་པ་མི་གཤིས་ཀྱི་ཐད་ནས་ཞན་ཡོད་ཡོད་པ་རེད། ༧༽ གསར་གཏོད་ཀྱི་ཐད་ནས་གླེང་བ། བློ་བཟང་སེང་གེ་ལགས་ཀྱི་ གསར་གཏོད་ཀྱི་ཐད་དཔེ་མཚོན་གྱི་ཐོག་ནས་གླེང་ན།བཀའ་ཟུར་བཀྲས་མཐོང་བསྟན་རྣམ་ མཆོག་རང་ལོ་༡༨ནས་ད་ལྟའི་བློ་བཟང་སེང་གེ་ལགས་ལོ་ཚོད་བར་བོད་ཀྱི་གཞོན་ལྷན་ དང།་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ།ཨ་རིའི་བོད་དོན་བརྒྱ་ཚོགས་གསར་ གཏོད་མཛད་ཅིང་།ཚོགས་པ་དེ་དག་ནི་དེང་སྐབས་ཀྱང་བོད་དོན་འཐབ་རྩོད་ནང་གདོང་ བསྐྱོད་ཀྱི་དམག་སྒར་གལ་ཆེན་ཞིག་ཆགས་ཡོད། ཡང་ཁོང་གིས་༸གོང་ས་མཆོག་ ཨ་རིར་ཐེངས་པོར་གདན་དྲངས་པ་དང་།བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་།པོ་ ཏཱ་ལ་དཔར་བསྐྲུན་ཁང་།བོད་ཀྱི་ཐེབས་རྩ་ཁང་།ཏཱ་ལའི་བླ་མའི་ཐེབས་རྕ་ཁང་བཅས་ ཀྱི་ལས་གཞི་རྣམས་ནི་གསར་གཏོད་རང་བཞིན་ལྡན་པའི་ལས་ཀ་རླབས་ཆེན་ཤ་སྟག་རེད། དེ་བཞིན་བཙན་བྱོལ་བོད་ མིའི་ཤེས་ཡོན་དང་།འཕྲོད་བསྟེན་ཡར་རྒྱས་སླད་ཨ་རིའི་གཞུང་ནས་རོགས་དངུལ་ཞུས་ ཐོབ་བྱུང་བ་དུས་དེང་སང་ཡང་ལས་གཞི་འགྲོས་མུས།བོད་མི་ཆིག་སྟོང་ཨ་རིར་གཏོང་ བཞེས་མཛད་པ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་སུ་ཐེངས་པོ་དེ་རེད།དེ་བོད་མིའི་ འཚོ་བ་དང་དཔལ་སྦྱོར་ལ་དངོས་གསལ་དོད་པོ་ཡར་རྒྱས་ཕྱིན་པ་རེད། ལྷག་པར་ཁོང་གིས་མཛུབ་ འཁྲིད་དང་གཙོ་གཉེར་གནང་བའི་འོག་བཙུགས་གནང་མཛད་པའི་བོད་སྐད་རླུང་འཕྲིན་ཁང་ ཁག་གཉིས་དང་།ཤེས་བྱ་དུས་དེབ།བོད་གནས་བསྐྱར་ཞིབ་དུས་དེབ་བཅས་གསར་གཏོད་གནང་བ་ དེ་རྣམས་ཀྱིས་གཞིས་བྱེས་བོད་མིའི་ཟམ་པ་ལྟ་བུ་དང་།བོད་མི་རིགས་ཀྱི་མིག་དང་ རྣ་བ་ལྟ་བུ།རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་མགྲིན་ཚབ་གལ་ཆེན་ཞིག་ དུ་གྱུར་ཡོད།དེ་ན་བཀྲས་མཐོང་གིས་བརྩམས་པའི་ལས་གཞི་དེ་དག་ནི་གསར་གཏོད་དང་། ཡར་རྒྱས།ཕུགས་བསམ་གྱི་ཚད་གཞི་མཐོ་པོའི་གདེང་མཆོག་བྱེད་འོས། འོན་ཀྱང་བློ་བཟང་སེང་གེ་ ལགས་སུ་སློབ་གནས་མཐོ་པོ་དང་ཁྲིམས་ལུགས་ལ་བྱང་ཆུབ་ཡོད་སྐད་ཀྱང་ད་བར་ཁྲིམས་ དང་ཆབ་སྲིད་ཐད་ཚོགས་པ་དང་།སྒྲིག་འཛུགས།ལས་ཁང་གང་ཡང་གསར་གཏོད་དང་འཛུགས་གཉེར་ གནང་ཐུབ་མེད་པ་དེས་ཁོང་ལ་སློབ་གནས་མཐོ་པོ་ཡོད་ཀྱང་གསར་གཏོད་བྱས་པའི་ལས་ རིགས་སྣེ་གཅིག་མཐོང་རྒྱུ་མེད། དེ་ན་ཁྱེད་ཚོས་གཟིགས་དང་ བློ་སེང་དང་བཀྲས་མཐོང་གཉིས་བསྡུར་བ་བྱས་ནས་སུ་བོད་ཀྱི་ཕུལ་བྱུང་གི་མི་སྣ། སུ་རླབས་ཆེན་གྱི་མི་སྣ།སུ་བཀའ་ཁྲིའི་འོས་མི་ཚད་ལྡན་ཞིག་རེད་དམ།དོན་དངོས་ ཐོག་བློ་སེང་ལ་བཀའ་ཁྲིར་ཚང་དགོས་པའི་རྩ་བའི་འོས་ཆོས་ཀྱི་བདུན་པ་གསར་གཏོད་ ཀྱི་རྨང་གཞི་མེད་པ་མངོན་གསལ་རེད། ༨༽ འཛིན་སྐྱོང་དོ་དམ་གྱི་ཞན་ཆའི་ཐད་ནས་གླེང་བ། བློ་བཟང་སེང་གེ་ལགས་ཀྱིས་ ཁོང་གི་དྲིས་ལན་༡༠ཞེས་པའི་༦ནང་བཀའ་བློན་ཁྲི་པ་ནི་ཆབ་སྲིད་ཀྱི་དབུ་འཁྲིད་ ཡིན་པ་ལས་འཛིན་སྐྱོང་དོ་དམ་པ་མིན།འཛིན་སྐྱོང་དོ་དམ་པ་ཡིན་ན་བོད་གཞུང་གི་ སྡེ་ཚན་ཁག་དང་སྲི་ཞུ་བའི་ལས་དོན་གཉིས་ཀའི་ཐད་ནས་ཉམས་མྱོང་ངེས་པར་དགོས་ཞེས་ གསུངས་འདུག་དེ་ནི་ཁོང་ངོ་ཚ་ཁ་སྐྱེང་གི་ཚུལ་དུ་འཛིན་སྐྱོང་དོ་དམ་པའི་ཉམས་ མྱོང་མེད་དུས་འགན་འཁྲི་ལྕི་བའི་ལས་དོན་འདི་ལས་གཡོལ་གང་ཐུབ་གནང་གི་ཡོད་པ་ གསལ་པོ་རེད་ལ།གོང་གི་གནད་དོན་དེས་ཁོང་གིས་བཀའ་བློན་ཁྲི་པའི་འཛིན་སྐྱོང་གི་ ལས་འགན་ཐད་ལ་ངོས་འཛིན་ཡང་དག་པ་ཞིག་གནང་མེད་པ་མཚོན་པ་རེད། དོན་དངོས་ཐོག་འཛིན་སྐྱོང་ བཀའ་ཤག་གི་དོ་དམ་པ་དབང་ཚད་མཐོ་ཤོས་དེ་བཀའ་ཁྲི་དེ་ཡིན་པ་བཅའ་ཁྲིམས་ནས་བསྐུར་ བའི་འགན་དབང་ཡིན་པས།བཀའ་ཁྲིས་རྒྱལ་སྤྱི་དང་གཞིས་ལུས་བོད་མིར་བོད་ཀྱི་དབུ་ ཁྲིད་ཀྱི་གཟུགས་བརྙན་ལེགས་པོ་སྟོན་རྒྱུ་ཙམ་དུ་ཟད།དེ་བས་འཛིན་སྐྱོང་དོ་དམ་ པའི་ལས་འགན་རྙོག་རྫིང་ཆེ་བ་དང་།འགན་འཁྲི་ལྕི་བ་ཡོད།དབུས་ལྷན་ཁང་བདུན་གྱི་ འཛིན་སྐྱོང་དོ་དམ་ལ་འཐུས་ཤོར་སོང་ན།དེས་གཞིས་བྱེས་བོད་མིའི་གནད་དོན་ཚང་མར་ ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད།དེས་ན་དབུས་ལྷན་ཁང་བདུན་མ་ལག་དང་བཅས་པའི་ ལས་ཚན་རིམ་པ་དང་།ལས་ཀའི་ངོ་བོ།ཆེད་ལས་མི་སྣ།དངོས་གསལ་མིན་པའི་མི་སྣའི་ འབྲེལ་བ།དཀའ་ཚེགས་བཅས་ལ་ཤེས་རྟོགས་དང་ཉམས་མྱོང་དགོས་རྒྱུ་མེད་དུ་མི་རུང་བ་ ཞིག་རེད།འོན་ཀྱང་བློ་བཟང་སེང་གེ་ལགས་ཀྱིས་ད་བར་གཞུང་དང་ཚོགས་སྡེ་གང་གིའང་ འཛིན་སྐྱོང་དོ་དམ་པ་གནང་མྱོང་མེད།དེ་ན་བཀའ་ཁྲིར་ཚང་དགོས་པའི་རྩ་བའི་འོས་ ཆོས་བརྒྱད་པ་འཛིན་སྐྱོང་དོ་དམ་གྱི་དགེ་མཚན་དེ་ཁོང་ལ་ལྡན་མེད་པ་གསལ་པོ་རེད། ༩༽ ཞང་བྱུང་དུ་འདེམས་བསྐོའི་ཆོས་ཉིད་ཀྱི་ཐད་ནས་གླེང་བ། འཛམ་གླིང་རྒྱལ་ཁབ་ཁག་གི་ སྲིད་འཛིན་དང་སྲིད་བློན་རྣམས་ཆབ་སྲིད་ཀྱི་འགན་འཁུར་ཡོད་པའི་འཛིན་སྐྱོང་དང་ གྲོས་ཚོགས་ནང་ལོ་མང་རིང་ཆབ་སྲིད་ཀྱི་ཉམས་མྱོང་བསགས་པ་དང་།སྦྱོང་བརྡར་ཐེབས་ པ།ཆབ་སྲིད་ཀྱི་གར་སྟེགས་ཀྱི་འགྲིམས་རྗེས་གཞི་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་ འདེམས་ཐོན་ཡོང་གི་ཡོད།བློ་སེང་གི་དཔེ་ལེན་སའི་ཨོ་བྷཱ་མ་ཡང་སློབ་གྲྭ་ཐོན་ རྗེས་དགེ་རྒན་ཆེན་མོ་བྱས་པ་དང་།དེ་རྗེས་དབུས་སའི་གྲོས་ཚོགས་སུ་ལོ་མང་རིང་ ཆབ་སྲིད་ཀྱི་དམག་འཐབ་ནང་སྦྱོང་བརྡར་ཐོབ་རྗེས་སྲིད་འཛིན་ལ་ལངས་ཡོད།དེ་ནི་ དོན་སྙིང་ལྡན་པ་ཞིག་རེད། འོན་ཀྱང་ང་ཚོའི་བློ་སེང་ བཀའ་ཁྲིར་བསྐྱོད་ཚུལ་ནི།གོང་གསལ་གྱི་ཆབ་སྲིད་པས་འགྲིམས་དགོས་པའི་བརྒྱུད་ རིམ་དེ་དག་ལས་ལྡོག་ཏེ་སློབ་གྲྭ་ཐོན་རྗེས་བྱས་རྗེས་དང་གྲུབ་འབྲས་གང་ཡང་མེད་ པར་ཐད་ཀར་བཙན་བྱོལ་བོད་མིའི་དབང་ཚད་མཐོ་ཤོས་ཀྱི་དབུ་ཁྲིད་བྱེད་འདོད་པ་དེ་ རེད།གནས་སྟངས་དེར་ངའི་ཚོར་སྣང་ལ་རྒྱལ་སྲས་ཤིག་གློ་བུར་རྒྱལ་པོའི་ཁྲིར་བསྐོ་ བའམ།ཁྱེའུ་ཞིག་སྤྲུལ་སྐུར་ངོས་འཛིན་གྱི་ལམ་སེང་བླ་མ་ཆེན་པོ་ཞིག་གི་ཁྲི་མཐོ་ པོར་མངའ་གསོལ་བ་ནང་བཞིན་རེད།དེ་ནི་འཛམ་གླིང་རྒྱལ་ཁབ་ཚང་མའི་དབུ་ཁྲིད་འདེམས་ ཚུལ་གྱི་ལམ་ལུགས་སམ་ཆོས་ཉིད་དང་ཡོངས་སུ་འགལ་བས་ཉེན་ཁ་ཆེན་པ་རེད། ༡༠༽ ཞར་བྱུང་དུ་བཀའ་ཁྲིར་ལོ་ཆེས་དྲགས་ཚུལ་བརྗོད་པ་མི་འོས་ཚུལ། བཀའ་ཁྲིའི་འོས་མིར་མཚོན་ ན་རང་ལོ་གཞོན་ཚད་ལས་རྒན་ཚད་མེད།ང་ཚོས་ཆེས་བཀུར་བར་འོས་པའི་བཅའ་ཁྲིམས་རིན་ པོ་ཆེར་བཀའ་བློན་ཁྲི་པ་དེ་རང་ལོ་༣༥ཧྲིལ་པོ་ལོན་པ་ཞེས་གསལ་བ་ལས་ལོ་ཆེ་ཚད་དེ་ འདྲ་ཞིག་དགོས་ཞེས་གསལ་ཁ་མེད་པ་དེར་དགག་ཆ་དང་དགོས་དབང་ཆེན་པོ་ཡོད་ཀྱི་རེད། གཙོ་བོ་གོང་གི་བཀའ་ཁྲིར་ཚང་དགོས་ངེས་ཀྱི་འོས་ཆོས་དེ་དག་ལ་བརྟག་དཔྱད་བྱ་བྱ་ རྒྱུ་གལ་ཆེན་པོ་རེད། ད་ལྟ་འཛམ་གླིང་འདིར་སྲིད་ འཛིན་འདེམས་བསྐོའི་སྐབས་གོང་གསལ་གྱི་རྩ་བའི་འོས་ཆོས་དེ་དག་རྨང་གཞིར་བཞག་ནས་ འདེམས་བསྐོ་བྱེད་པ་མ་གཏོགས་གཞོན་སྐྱེས་གཙོ་བཟུང་བྱས་པ་བྱུང་མྱོང་མེད།འོས་ ཆོས་དེ་འདྲ་ཚང་ངེས་བཞིན་པ་ཡོད་ན་ལོ་ཆེ་ཡང་སྐྱོན་མེད་པའི་དཔེ་མཚོན་འགའ་ཤས་ དྲངས་རྒྱུ་ཡིན། ༡༽ཨ་རིའི་སྲིད་འཛིན་རེ་ གན་ཕྱི་ལོ་༡༩༨༡།༡༩༨༨བར་སྲིད་འཛིན་བྱས་པ་རེད།ཐོག་མར་སྲིད་འཛིན་བྱེད་དུས་ དགུང་ལོ་༧༠དང་སྲིད་འཛིན་ལས་དུས་གཉིས་པ་རྫོགས་དུས་དགུང་ལོ་༧༧ལ་སླེབས་ཡོད། འོན་ཀྱང་ཁོང་ནི་ཨ་ཪིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འཇོན་ཐང་དང་སྙན་གྲགས་ ཆེ་ཤོས་དེ་རེད།ཁོང་སྲིད་འཛིན་བྱེད་དུས་ད་ལྟའི་བཀྲས་མཐོང་ལས་ལོ་བཅུས་ཆེ་བ་ འདུག ༢༽ང་ཚོའི་གནས་ཚང་རྒྱ་གར་ གྱི་སྲིད་བློན་མཱན་མུན་སན་ལ་མཚོན་ན་ཕྱི་ལོ་༢༠༠༤ལོར་ཐོག་མར་སྲིད་བློན་ལ་ ཕེབས་དུས་དགུང་ལོ་༧༢དང་།དེ་རྗེས་ཁོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཚོན་པའི་ སྲིད་བྱུས་ཁག་ལ་མི་མང་གིས་ཁས་ལེན་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས་དགུང་ལོ་༧༦ ལོར་སྲིད་བློན་ལས་དུས་གཉིས་པར་འདེམས་བསྐོ་བྱུང་བ་རེད།ད་ཆ་དགུང་ལོ་༧༩ལ་ སླེབས་ཀྱང་སྲིད་བློན་བྱེད་མུས་རེད།ཁོང་སྲིད་བློན་བྱེད་དུསབཀྲས་མཐོང་ལས་ལོ་ བཅུ་གཉིས་ཀྱིས་ཆེ་བ་འདུག ༣༽རང་རེའི་ཕུལ་བྱུང་གི་ བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་མཚོན་ན།ཐོག་མར་ཕྱི་ལོ་ཕྱི་ལོ་༡༩༩༡ལོ་ནས་བཟུང་ གྲོས་ཚོགས་ནང་ཆབ་སྲིད་ཀྱི་སྦྱོང་བརྡར་ལོ་༡༠ཐོབ་རྗེས་ཕྱི་ལོ་༢༠༠༡ལོར་མི་ དམངས་ཀྱི་ཐད་འདེམས་བཀའ་ཁྲི་དང་པོ་དེ་ཆགས་དུས་དགུང་ལོ་༦༢ལ་ཕེབས་ཡོད།ཁོང་ནི་ བཙན་བྱོལ་བོད་གཞུང་གི་བཀའ་ཤག་སྐབས་རིམ་པའི་ནང་འགྱུར་བཅོས་དང་།གསར་གཏོད་ ཤུགས་ཆེ་ཤོས་གཏོང་མཁན་གྱི་བཀའ་ཁྲི་ཤེས་འཇོན་ལྷག་གསུམ་ལྡན་པ་ཞིག་བྱུང་བ་རེད། ཁོང་བཀའ་ཁྲི་གནང་དུས་ད་ལྟའི་བཀྲས་མཐོང་ལས་དགུང་ལོ་ཆེ་བ་ཡོད། གོང་གསལ་གྱི་གནས་ཚུལ་དེ་དག་གིས་གང་གསལ་བཤད་བྱེད་ཀྱི་ཡོད་དམ་ཞེས་ན།རྒྱལ་ཁབ་ ཀྱི་དབུ་ཁྲིད་དེ་དགུང་ལོ་ཆེ་ཙམ་ཡིན་རུང་དེར་རྣམ་དཔྱོད་དང་།གསར་གཏོད།འཇོན་ ཐང་བཅས་ཀྱི་ནུས་པ་མ་ཉམ་པར་སྔར་བཞིན་གནས་ཀྱི་ཡོད་པ་མཚོན་པས།ཁྱེད་ཚོས་ག་དུས་ ཡིན་ནའང་བློ་སེང་ལ་དམིགས་ནས་བཀའ་ཁྲི་གཞོན་སྐྱེས་ཤིག་དགོས་ཚུལ་གྱི་འབོད་ སྒྲར་གོ་བརྡ་གསལ་པོ་སྤྲད་པའོ།།
ཁང་གསར་རྡོ་རྗེ་ལགས་ཀྱིས་གསུངས་པ་ལྟར། ང་ཚོ་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་སུ། བོད་ལ་འཛམ་གླིང་གི་རྒྱལ་ཁབ་གཞན་དང་འདྲ་བར་རང་བཙན་གྱི་རྒྱལ་ཁབ་གཅིག་ལ་ཚང་དགོས་པའི་ཆ་རྐྱེན། བོད་རྒྱལ་ཁབ་རང་ཉིད་ཀྱི་བླ་ན་མེད་པའི་རྒྱལ་པོ་དང་། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཆབ་འབངས་མི་སེར། དབང་སྒྱུར་གྱི་ས་ཁྱོན་བོད་ཆོལ་གསུམ། གཞན་ཡང་རྒྱལ་རྟགས་དང་། རྒྱལ་གླུ། རྒྱལ་དར། རྒྱལ་དངུལ། རྒྱལ་ཁབ་ཀྱི་ངོ་སྤྲོད་ལག་ཁྱེར། སྐད་ཡིག་སོགས་བགྲངས་བཞིན་ཡོད་པ་མ་ཟད། ད་ལྟའི་འཆར་ང་ཚོས་དཔང་རྟགས་དེ་དག་ལ་བརྟེན་ནས་བོད་འདི་རྒྱ་ནག་གི་མངའ་ཁོངས་མིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་བསྙོན་མེད་ཅིག་ཡིན་པའི་ཁུངས་སྐྱེལ་བྱེད་བཞིན་པའི་སྐབས་འདིར། བློ་བཟང་སེངྒེས་ཕྱིར་སྡོད་རྒྱ་རིགས་ཡིན་པའི་ངོས་ལེན་བྱས་པ་དང་། དེས་ཀྱང་མི་ཚད་པར་རང་ཡུལ་དུ་མ་ཕྱིན་པར་རྒྱ་ནག་ཏུ་བསྐྱོད་པ་ནི་དགྲ་དགའ་གཉེན་སྡུག་གི་དཔེ་ལྟར་སོང་བ་མ་ཟད། རྒྱལ་ཁབ་ལ་ངོ་ལོག་ ཉི་མ་རྒྱབ་སློག་ཅེས་པའི་གཏམ་དཔེ་དོན་ལ་གནས་པ་ཞིག་ཆགས་ཡོད། ལག་ཁྱེར་གྱི་གནད་འགག་ཇི་ཙམ་ཡོད་མེད་ནི་ཤམ་བྷ་ལའི་དྲ་རྒྱའི་གཤམ་ངོས་ཀྱི་སྔ་མོའི་ལག་ཁྱེར་ཞེས་པའི་སྡེ་ཚན་ནང་གཟིགས་དང་མཁྱེན་རྟོགས་ཡོང་ངེས།
གཞོན་པའི་ཤེད་ལས་རྒད་པོའི་བྱུས་བཟང་ཟེར་བའི་གཏམ་དེ་གོ་མྱོང་ཨེ་ཡོད། ད་ཆ་གཞོན་པའི་བྱ་ངན་དང་རྒས་པོའི་བྱས་རྗེས་ས་སྟེང་དུ་ཁྱབ་སོང༌། མི་ལ་ལས་དེ་སྔོན་མི་རབས་གསར་པ་དང་། ལོ་ན་གཞོན་པ། གསར་གཏོད་སོགས་ཚིག་ག་སྒྲོ་སྣ་ཚོགས་ཤག་བཏགས་ཀྱང་། ད་ཆ་དུས་ཚོད་ཐུང་ཐུང་འདི་འདྲའི་ནང་ཁང་གསར་རྡོ་རྗེ་སོགས་ཀྱི་དཔྱད་པ་མཐིལ་ཕྱིན་པ་བྱས་ནས་སྤྱི་ཚོགས་ནང་དྲ་རྒྱ་བརྒྱུད། གསལ་གསལ་ཐིང་ཐིང་ཞིག་བཟོས་ཡོང་དུས་མི་རབས་གསར་པའི་རྗེས་འབྲང་པ་དེ་དག་གང་ཡང་བཤད་རྒྱུ་མེད་པར་ལུས་འདུག ཧ་ཧ་ཧ་ཧ། གདེང་ཚོད་མེད་ཅིང་བསམ་བློ་མི་མཐོང་བ། ལྷག་པར་མིག་རྒྱང་ཐུང་བའི་འདོད་རྔམ་ཅན་གྱི་བྱ་ངན་གྱི་མི་རིགས་གཅིག་དང་ལོ་རྒྱུས་གཅིག་ལ་ནག་ཐིག་ཞིག་རྒྱབ་ཡོད་ཀྱང༌། ཨུ་ཚུགས་ཀྱིས་འོས་འཕེན་དགོས་དོན་མེད་པར་བརྟག་ཅིང་དཔྱད་ནས་གདམ་ག་གསར་པ་ཞིག་བྱས་ན་མི་ལེགས་སམ།
གཞོན་པའི་ཤེད་ལས་རྒས་པའི་བྱུས་བཟང་ཟེར་བའི་གཏན་དེ་གོ་མྱོང་ཨེ་ཡོད། ད་ཆ་གཞོན་པའི་བྱས་ངན་དང་རྒས་པོའི་བྱས་རྗེས་ས་སྟེང་དུ་ཁྱབ་སོང། མི་ལ་ལས་དེ་སྔོན་མི་རབས་གསར་པ་དང་ལོ་ན་གཞོན་པ་སོགས་ཚིགས་ཀྱི་སྒྲོ་སྣ་ཚོགས་ཞིག་འདོགས་ཀྱང་། ད་ཆ་དུས་ཚོད་ཐུང་ཐུང་དེ་འདྲའི་ནང་ཁང་གསར་རྡོ་རྗེ་སོགས་ཀྱི་དཔྱད་པ་ཐིལ་ཕྱིན་པ་བྱས་ནས་སྤྱི་ཚོགས་ནང་དྲ་རྒྱ་བརྒྱུད། གསལ་གསལ་ཐིང་ཐིང་ཞིག་བཟོས་ཡོངས་དུས་མི་རབས་གསར་པའི་རྗེས་འབྲངས་པ་དེ་དག་གང་ཡང་བཤད་རྒྱུ་མེད་པར་ལད་འདུག ཧ་ཧ་ཧ་ཧཧ གདིང་ཚོད་དང་བསམ་བློ་མི་མཐོང་བའི་མིག་རྒྱང་ཐུང་བའི་འདོད་རྔམ་པའི་བྱས་ངན་གྱི་མི་རིགས་གཅིག་དང་ལོ་རྒྱུས་གཅིག་ལ་ནག་ཐིག་ཞིག་རྒྱབ་ཡོད་ཀྱང། ཨུ་ཚུགས་ཀྱི་འོས་འཕེན་དགོས་མེད་དཔྱད་ནས་འདེམས་ཀ་གསར་པ་ཞིག་བྱེད་ན་མི་ལེགས་སམ།
ད་འོ་ན། གནའ་བོའི་བོད་ཀྱི་གཏམ་དཔེར། རྒྱ་མགོ་མཐོ་ན་རྒྱ་མགོ་དང་། །བོད་མགོ་མཐོ་ན་བོད་མགོ། ཞེས་པ་ལྟར་བློ་བཟང་སེངྒེ་ཡང་བོད་རྒྱལ་ཁབ་དང་བོད་མི་རིགས་སོགས་ཀྱི་ཆེད་དུ་མིན་པར། རང་དོན་ཉེ་ཚེ་བའི་ཆེད་དུ་ཕྱིར་སྡོད་རྒྱ་མི་རིགས་ཀྱི་ངོ་བོའི་ཐོག་ནས་རྒྱ་ནག་ཏུ་བསྐྱོད་པ་རྒྱ་མགོ་མཐོ་རྒྱ་མགོ་ཞེས་པ་དེ་དང་། ད་ཆ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་མི་དམངས་ནས་ཐད་ཀར་འོས་འདེམས་བྱེད་པའི་བཀའ་ཁྲིའི་འོས་བསྡུའི་སྐབས་བོད་མགོ་མཐོ་ན་བོད་མགོ། ཞེས་པའི་དཔེ་ལྟར་བཀའ་ཁྲིའི་འོས་མིར་ལངས་པ་ཞིག་ཆགས་མི་འདུག་གམ།
ང་ཚོའི་བཀའ་ཁྲིའི་འོས་མི་རྣམས་ལ་བསམ་ཕོད་པ་དང་། བཤད་ཕོད་པ། སྒྲུབ་ཕོད་པ་བཅས་ཕོད་པ་གསུམ་གྱི་ཁྱད་ཆོས་ཚང་དགོས་ཞེས་བརྗོད་མཁན་ཡོད་ཀྱང་དེ་དག་ཚང་མཁན་ཧ་ཅང་དཀོན། འོན་ཀྱང་ཁྱད་ཆོས་དེ་གསུམ་ཚང་བའི་མི་གཅིག་འདུག་པ་ནི། ཁང་གསར་རྡོ་རྗེ་ལགས་རེད་འདུག ཁང་གསར་རྡོ་རྗེ་ལགས་ཀྱི་དཔྱད་བརྗོད་རྣམས་གོ་རིམ་ལྡན་ཞིང་། གནད་ལ་འཁེལ་བ། ཁུངས་ལུང་རྒྱུ་མཚན་དང་བཅས་པ་མ་ཟད། རྩོམ་པ་པོ་ལ་ཞིག་ལ་ལྡན་དགོས་པའི་རང་གཤིས་དང་། དཔྱད་བརྗོད་པ་ཞིག་གིས་འཁྱེར་དགོས་པའི་འགན་ཁུར་ཡང་མ་དོར་བར་བརྟེན། ཁོ་བོ་དྲ་ཚིགས་ཀྱི་རྩོམ་རིག་ཀློག་པ་པོ་ཞིག་གིས་ངོས་ནས་ཆེས་རེ་སྒུག་དང་། སྤྲོ་སྣང་ཆེ་ཤོས་ཀྱི་རྩོམ་ཡིག་ནི་ཁང་གསར་རྡོ་རྗེ་ལགས་ཀྱི་དཔྱད་རྩོམ་ཡིན་ལ། བདག་དང་བདག་འདྲའི་ཀློག་པ་པོ་གིས་ཁང་གསར་རྡོ་རྗེ་ལགས་ཀྱི་རྩོམ་ཡིག་ལ་འདི་ལྟ་བུའི་སྤྲོ་སྣང་འཕེལ་དགོས་དོན་གང་ཡིན་ནམ། དེ་ནི་རང་ཚུགས་བརྟན་ཅིང་བདེན་པའི་རྒྱབ་ལངས་དང་། ཞུམ་པ་མེད་པའི་སྙིང་སྟོབས་སོགས་ལས་ཡིན་པ་སྨོས་ཅི་དགོས། ལྷག་པར་ཁང་གསར་རྡོ་རྗེའི་རྩོམ་ཡིག་ཀློག་སྐབས་སྨྲ་བསམ་བརྗོད་མེད་ཅེས་པ་ལྟར་བསམ་ལ་བསམས་ཀྱང་ངག་ནས་སྨྲ་མི་ཤེས་པའི་བྲོ་བ་དམིགས་བསལ་ཡོད།
༅༅།། དེང་སྐབས་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེས་ཕྱིར་སྡོད་ཀྲུང་གོ་བའི་ལག་ཁྱེར་བཟུང་སྟེ། རྒྱ་ནག་ཏུ་བསྐྱོད་པའི་གནས་ཚུལ་དེ་གནད་དོན་ཚབས་ཆེན་དུ་བརྩི་བ་དང་གནད་དོན་གཏན་ནས་མེད་པ་ཞིག་ཏུ་བརྩི་བ་བཅས་ལྟ་སྟངས་གཉིས་སུ་གྱེས་ཡོད།

ད་ཕན་རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པར་ཧམ་བཤད་བྱེད་པའི་དཔང་རྟགས་ཡིག་ཆའི་ནང་ནས་གྲངས་མང་ཤོས་དང་མངོན་གསལ་ཆེ་ཤོས་ནི། རྒྱ་ནག་གི་གོང་མ་རིམ་བྱུང་གིས་བོད་ཀྱི་བླ་ཆེན་དང་མི་ཆེན་ཚོར་སྤྲད་པའི་ཐམ་ཀ་དང་འཇའ་ས་དེ་ཚོ་རེད་ལ། བོད་རང་ངོས་ནས་རང་བཙན་ཡིན་པའི་སྒྲུབ་བྱེད་གལ་གནད་ཆེ་ཤོས་ཤིག་ཀྱང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་རྒྱ་ནག་གིས་དངུལ་དངོས་ཀྱིས་བསླུ་བྲིད་ཇི་ལྟར་བྱས་ཀྱང་མགོ་མ་འཁོར་བར་བོད་རང་གི་ལག་ཁྱེར་ཞིག་འཁྱེར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སོང་བ་དང་། དེའི་ཐོག་ཕྱིའི་རྒྱལ་ཁབ་ཚོས་ཐོངས་མཆན་སྤྲད་པ་དེ་རེད། དེ་སྔོན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་ནག་གི་མཁས་པ་ཞིག་གིས་གྲོས་མཐུན་དོན་ཚན་ ༡༧ མ་བཞག་གོང་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བརྗོད་སྐབས། བོད་ཀྱི་མཁས་དབང་ཟླ་བ་ནོར་བུ་དམ་པ་དེས། དོན་ཚན་ ༡༧ འཇོག་པར་ཡོིང་མཁན་བོད་ཀྱི་སྐུ་ཚབ་ཚོ་རྒྱ་གར་ནས་རྒྱ་ནག་ལ་ཡོང་སྐབས་ལག་ཁྱེར་ག་རེ་འཁྱེར་ཡོད་རེད། ཅེས་གནད་འགག་ཅན་གྱི་དྲི་བ་གཅིག་བཏོན་ཏེ་བོད་རང་བཙན་ཡིན་སྟངས་དག་སྐྱེལ་གནང་བ་ང་རང་གིས་དངོས་སུ་མཇལ་མྱོང་།

རེད། ད་ལྟ་ལག་ཁྱེར་དེ་འདྲ་ཞིག་བཟུང་ན། སྐྱོན་མེད་པའམ་སྐྱོན་ཆུང་ཆུང་ཡིན་པར་མཐོང་སྲིད། འོན་ཀྱང་སྔོན་གྱི་རྒྱ་ནག་གོང་མའི་ཐམ་ཀ་དང་འཇའ་ས་དེ་ཚོ་གནང་དུས་སུའང་། མང་པོ་ཞིག་གིས་ཕུགས་སྐྱོན་མ་མཐོང་བར་བླངས་པ་རེད། འདི་ལྟར་གཅིག་བསགས་གཉིས་བསགས་བྱས་ཏེ་ཐ་མ་མི་རབས་ནས་མི་རབས་བར་རང་མགོར་གཞུ་བྱེད་ཀྱི་གསེར་ཐམ་དང་དངུལ་ཐམ། འཇའ་ས་གསེར་བྲིས་མ་དང་དངུལ་བྲིས་མ་དེ་ཚོ་བྱུང་བ་རེད། བཙན་བྱོལ་ནང་ལ་མཚོན་ན། གནད་དོན་དེ་ཚོ་བོད་མི་ཚོས་མ་ཤེས་པ་མ་རེད་ལ་གདོང་ལེན་གྱི་གྲ་སྒྲིག་ཀྱང་མ་གནང་བ་མ་རེད། དཔེར་ན། ༡༩༧༩ ལོར་བོད་ནང་གཉེན་འཕྲད་འགྲོ་བའི་གོ་སྐབས་ཤར་བའི་སྐབས་ནས་བཟུང་། བོད་མི་མང་པོས་ཡུན་རིང་བྲལ་བའི་གཉེན་སྤུན་ཐུག་ཆེད་དང་དེ་མིན་གྱི་དོན་དག་ཆེད་བོད་ལ་འགྲོ་བཞིན་པ་དང་། དེ་ལ་རྒྱ་ནག་གཞུང་གིས་ཀྲུང་གོའི་ཕྱི་སྡོད་རང་མིའམ། རྒྱ་ནག་གི་ཕྱིར་སྡོད་མི་སེར་ཞེས་བའི་ལག་དེབ་ཅིག་སྤྲོད་བཞིན་ཡོད་པ་ཤེས་ཡོད། ལག་དེབ་དེའི་རྒྱབ་ཤོག་ནང་མའི་དོན་ཚན་ཞིག་གི་ནང་། རང་ཉིད་རྒྱ་ནག་གི་མི་ཁོངས་(མི་སེར་ཞེས་བྲིས་པའང་འདུག)ཡིན་པ་ཁས་ལེན་བྱ་དགོས་ཞེས་གསལ་བོ་བྲིས་ཡོད། བཙན་བྱོལ་བོད་མི་དང་བོད་གཞུང་གིས་འདི་གནད་དོན་ཞིག་ལ་བརྩིས་ཏེ་བོད་དུ་འགྲོ་མཁན་བཙན་བྱོལ་བོད་མི་ཚོས་འགེངས་ཤོག་ཅིག་བསྐང་དགོས་པའི་སྲོལ་ཡིག་གཏན་ལ་ཕབ། འགེངས་ཤོག་དེའི་ནང་། ཐབས་ཤེས་མེད་པའི་གནས་ཚུལ་འོག་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་ལེན་དགོས་བྱུང་བ་མ་གཏོགས། རང་མོས་ཀྱིས་བླངས་པ་མིན་ཞེས་པའི་ནང་དོན་ལ་མིང་རྟགས་འགོད་དགོས། འདི་ལྟར་རྒྱ་ནག་གཞུང་གིས་ཀྱང་ལག་འཁྱེར་དེ་ལེན་མཁན་གྱི་ཐོ་གཞུང་བསགས་ཡོད་རེད་ལ། བོད་གཞུང་གིས་ཀྱང་འགེངས་ཤོག་དེ་བསགས་ཡོད་པ་རེད།

བློ་བཟང་སེང་གེར་དག་འབུད་བྱེད་མཁན་ཁ་ཤས་ཀྱིས་༸གོང་ས་མཆོག་གིས་རྒྱ་ནག་གི་མི་སེར་གནང་འདུན་ཡོད་ཅེས་གསུངས་ཟིན་ལུགས་དང་། བློ་བཟང་སེང་གེ་ངོ་མས་སྔོན་མ་(༡༩༩༥ གོང་ལ་ཟེར་)༸གོང་ས་མཆོག་གི་སྐུ་ཚབ་སྐུ་འཁོར་དང་བཅས་པ་རྒྱ་ནག་ལ་ཕེབས་སྐབས་ཕྱིར་སྡོད་ཀྲུང་གོ་བའི་ལག་འཁྱེར་བསྣམས་ཡོད་ཚུལ་དང་། ད་ལྟའི་སྐུ་ཚབ་སྐུ་འཁོར་ནང་དུའང་རྒྱ་གར་གྱི་ལག་དེབ་སེར་པོ་འཁྱེར་མཁན་ཚོས་རྒྱ་ནག་གི་ཕྱིར་སྡོད་རང་མིའི་ལག་འཁྱེར་ཁྱེར་ནས་སོང་བ་དེ་ལམ་ལུགས་སྲོལ་ཞིག་ཡིན་ཚུལ་ལྟ་བུ་བརྗོད་ཡོད། འདི་ལྟར་རང་དང་རང་ཕྱོགས་ཀྱི་འོས་མི་ཞིག་གི་ནོར་འཛོལ་དག་འབུད་ཀྱི་ཆེད་དུ། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་དེའི་སྐུ་ཚབ་བཅས་པའང་ནག་པོ་བཟོ་བར་ཐེ་ཚོམ་མི་བྱེད། དོན་དམ་དུ་༸གོང་ས་མཆོག་གིས་བོད་ཡོིངས་ཆིག་སྒྲིལ་ཐོག་མིང་དོན་མཚུངས་པའི་རང་སྐྱོང་དོན་སོན་བྱུང་ན། རྒྱ་ནག་གི་མི་སེར་གནང་འདོད་ཡོད་ཅེས་གསུངས་པ་ལས་གཞན་གསུངས་མེད། ད་ཕན་བོད་རྒྱའི་བར་གྱི་འགག་ས་གཙོ་བོ་ཞིག་ནི་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཆབ་སྲིད་ཀྱི་དགོས་མཁོ་བཞིན་འགྱུར་བ་གཏོང་མི་གཏོང་དང་། བོད་ཡུལ་ཡོངས་རྫོགས་ཆིག་སྒྲིལ་བྱེད་དང་མ་བྱེད་ཀྱི་གནད་དེར་ཐུག་ཡོད་པ་དེ་སྤྱི་དོན་གླེང་མཁན་ཚང་མས་མཁྱེན་དགོས་བ་ཞིག་རེད།

དེ་མིན་ ༡༩༧༩ ནས་བོད་གཞུང་གི་སྐུ་ཚབ་ཚོགས་པ་བོད་ནང་དང་རྒྱ་ནག་ཏུ་ཕེབས་སྐབས། རྙོག་དྲ་ཡོང་རྐྱེན་མེད་པའི་ལག་འཁྱེར་ཞིག་གི་ཐོག་ཕེབས་བཞིན་ཡོད་ཀྱང་། ལོ་རབས་དགུ་བཅུ་པའི་ནང་རྒྱ་གཞུང་གིས་བོད་ཀྱི་སྐུ་ཚབ་རྣམ་པ་ཡང་ཕྱིར་སྡོད་རང་མིའི་མིང་ཐོག་ནས་ཡོང་དགོས་ཞེས་བཤད་ཅིང་། བོད་ཕྱོགས་ནས་དེ་ལ་ཁས་ལེན་མ་བྱས་པར་སྐབས་ཤིག་རིང་འབྲེལ་མོལ་མཚམས་ཆད་པ་དེ་ཡོངས་གྲགས་རེད་ལ། དེའི་སྐོར་འབྲེལ་ཡོད་མི་སྣ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་སོགས་ཀྱིས་སྤྱི་ཚོགས་ནང་གསལ་པོ་བཟོས་ཟིན། འོན་ཀྱང་བཙན་བྱོལ་བོད་གཞུང་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་ཡོངས་རྫོགས་རྒྱུས་ཡོད་པར་སྒྲོག་ཅིང་། ལྷག་པར་བཀའ་བློན་དང་དྲུང་ཆེ་སོགས་ཆེ་ཆེ་རྫིག་རྫིག་ཡོངས་རྫོགས་ལ་བཅར་འདྲི་ཞུས་ཏེ་བཙན་བྱོལ་གྱི་གནད་འགག་ཆེ་མ་ཆུང་གསུམ་ལ་ནང་བྱན་ཆུད་ཟིན་པ། ཡང་སྒོས་བོད་རྒྱའི་འབྲེལ་ལམ་ལ་ཉམས་ཞིབ་གཏིང་ཟབ་ཀྱི་“ཁྱད་མཁས་”པར་གྱུར་ཡོད་ཟེར་མཁན་ཁྲིམས་འཛིན་རིག་པ་བ་བློ་བཟང་སེང་གེས་གནད་འགག་ཆེས་ཆེ་ས་འདི་མ་ཤེས་པ་ཡ་མཚན་རེད།

ཉེ་ཆར་བོད་དང་རྒྱ་ནག་ཏུ་ཕེབས་དང་ཕེབས་བཞིན་པའི་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ། ཁོང་རྣམ་པའི་ཕྱག་རོགས་བཅས་པའང་རྙོག་དྲ་ཡོང་ས་མེད་པའི་ལག་འཁྱེར་ཞིག་གི་ཐོག་ནས་ཕེབས་བཞིན་པ་དེ་དྭགས་པོ་བསོད་ནམས་ནོར་བུས་གསལ་པོ་བཟོས་ཡོད་ལ། དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་གཉིས་ཀྱི་མི་ཁུངས་ལག་འཁྱེར་གྱི་གནས་བབས་ཆ་ནས་ཀྱང་དེ་འདྲའི་དཀའ་ངལ་ཡོང་ས་མེད།

ད་དུང་འདི་ལས་འཕྲོས་ཏེ་མི་འགས་གནད་དོན་གཞན་ཞིག་བསླངས་ཡོང་བ་ནི། ཨ་རི་དང་ཁ་ཎ་ཌ་སོགས་སུ་སྐྱབས་བཅོལ་དུ་ཡོང་སྟེ་ཡུལ་གྲུ་དེ་ཚོའི་མི་སེར་ཆགས་པའི་བོད་མི་ཚོས། འགེངས་ཤོག་ནང་རང་གི་ཐོག་མའི་ཡོང་ཁུངས་ཡུལ་གྲུ་རྒྱ་ནག་ཡིན་ཞེས་བྲིས་ཡོད་ཚུལ་དེ་རེད། སྤྱིར་བཏང་དེ་ལ་གནས་ཚུལ་སྣ་ཚོགས་ལས་གཅིག་གྱུར་ཞིག་མེད། འདི་ག་ཁེ་ཎ་ཌའི་ནང་ལ་མཚོན་ན། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་བསྟན་རྒྱུ་ཡོད་ན་ཡིག་ཆ་གཞན་ཅི་ཡང་མི་དགོས་པར་སྐྱབས་བཅོལ་བར་ཁས་བླངས་པ་སྟོང་ཕྲག་བྱུང་ཡོད་ལ། མི་རྒྱུད་ཀྱི་འགེངས་ཤོག་ནང་། ཨ་རི་དང་ཁེ་ན་ཌའི་ནང་གི་བོད་མི་ཚོས་ Tibetan ཞེས་འབྲི་བ་ལས་Chinese ཞེས་འབྲི་མཁན་མེད། རྒྱལ་ཁབ་གང་ནས་ཡོང་བའི་རེའུ་མིག་ནང་རྒྱ་གར་དང་བལ་ཡུལ་ནས་ཡོང་བར་ཁས་ལེན་མཁན་ཚོས་རྒྱ་གར་དང་བལ་ཡུལ་ཞེས་འབྲི་བ་དང་ཉེ་ཆར་བོད་ནས་ཡོང་བ་ཡིན་ཟེར་མཁན་ཚོས། བོད་དམ་ད་ལྟའི་རྒྱ་ནག་འོག་གི་བོད་ཅེས་འབྲི་བཞིན་ཡོད། ཡང་མང་པོ་ཞིག་གིས་རྒྱལ་ཁབ་མེད་པའི་མི་(Stateless)ཞེས་བྲིས་པའང་ཡོད།

བློ་བཟང་སེང་གེས་བོད་གཞུང་ལ་རྒྱ་ནག་ལ་བསྐྱོད་ཆོག་པའི་བཀའ་འཁྲོལ་ཞུས་ཡོད་པ་དེ་གསལ་པོ་ཆགས་ཡོད་ཀྱང་། བཀའ་འཁྲོལ་ཞུ་སྐབས་ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་འཁྱེར་ཁྱེར་ཏེ་འགྲོ་བཞིན་ཡོད་པ་དེ་བོད་གཞུང་ལ་ཞུས་ཡོད་མེད་གསལ་པོ་མེད། འོན་ཀྱང་བོད་གཞུང་གིས་གཏན་ལ་ཕབ་པའི་འགེངས་ཤོག་དེ་བསྐངས་མེད་པ་གསལ་པོ་རེད།

རྒྱ་ནག་གི་ཕྱིར་སྡོད་རང་མིའི་ལག་ཁྱེར་བླངས་པ་ཙམ་གྱིས་ལམ་སང་ཁྲིམས་ཐོག་ནས་རྒྱ་ནག་གི་མི་སེར་ཆགས་ཀྱི་མེད་ཀྱང་ཉུར་མཐར་ལག་འཁྱེར་འཁྱེར་མཁན་དེའི་མི་རྒྱུད་ཀྲུང་གོ་བའམ་རྒྱ་ནག་པ་ཡིན་པ་དང་། ད་ལྟ་རྒྱ་ནག་གི་ཕྱི་རོལ་དུ་གནས་སྡོད་བྱེད་པ་སྟོན་ཞིང་། དེ་བཞིན་ལག་འཁྱེར་འཁྱེར་མཁན་རང་ངོས་ནས་རང་ཉིད་རྒྱ་ནག་གི་མི་སེར་ཡིན་པར་སེམས་གཏིང་ནས་ཁས་ལེན་བྱེད་མིན་ཇི་ལྟར་ཡང་། ལག་ཁྱེར་སྤྲོད་མཁན་རྒྱ་ནག་གཞུང་གིས་ལག་ཁྱེར་སྤྲོད་ཡུལ་དེ་ཕྱི་རྒྱལ་བར་བརྩི་ཡི་མེད་པ་དེ་གསལ་པོ་རེད། དེ་ནི་མཐར་གཏུགས་ནས་བཤད་ན་ལོ་རྒྱུས་ཀྱི་གནད་དོན་ཅིག་དང་། བོད་ལ་སྦྱར་ནས་བཤད་ན། བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་མ་ཡིན་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད།

ཀུ་རེ་ཚུན་དུའང་"རྒྱ་ནག་གི་ཨོ་བྷ་མ་"བྱེད་འདོད་ཡོད་པ་ཞིག་དང་། བོད་པ་ཚོས་“ཇོ་ཁང་ནང་སྲོང་བཙན་སྒམ་པོ་དང་མཉམ་དུ་ཨ་ཅེ་རྒྱ་བཟར་ཕྱག་འཚལ་བ་དེས་བོད་པས་རྒྱ་མིར་འཁོན་འཛིན་རྒྱུན་བཅངས་བྱས་མེད་པ་མཚོན་”(འབྲེལ་ཐག་འདི་ལ་གཟིགས། http://asiaquarterly.com/2006/01/27/ii/)ཞེས་འཁྱོག་བཤད་བྱེད་པ། ལྷག་པར་དུ་བོད་མི་བཙན་བྱོལ་བའི་འགྲུལ་བཞུད་ཅེས་པའི་རྩོམ་ཡིག་ནང་བོད་ཀྱི་སྔོན་མའི་སྤྱི་ཚོགས་དེ་རྒྱ་གཞུང་གི་བཤད་སྟངས་ལྟར་“བཀས་བསྐོས་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རེད་”ཅེས་བོད་གཞུང་དང་༸གོང་ས་མཆོག་གི་ལངས་ཕྱོགས་ཀྱི་ལྡོག་ཟླར་ལངས་ནས་སྨྲས་ཐོག ‘‘[ཏཱ་ལའི་]བླ་མས་ཡིན་གཅིག་མིན་གཉིས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་སྤྲད་དེ་རང་གི་ཡིག་ཚང་དེ་ཆོས་ཕྱོགས་རྐྱང་པར་བསྒྱུར་དགོས། གལ་ཏེ་ཁོང་(ཏཱ་ལའི་བླ་མ་)གིས་ཁོང་ཚོ་དམངས་གཙོ་ཡང་དག་པའི་ལམ་ལ་འཁྲིད་རྒྱུ་ཡིན་ན། ཁོང་གིས་ཟུར་གཡོལ་གནང་སྟེ་ཆོས་བྲལ་སྲིད་ལུགས་ཤིག་དར་སྤེལ་ཡོང་འཇུག་དགོས་པ་མིན་ནམ་’’(མ་ཡིག་གི་འབྲེལ་ཐག་འདི་ལ་གཟིཌ། http://www.phayul.com/news/article.aspx?id=509&t=1)ཞེས་༢༠༠༣ ནས་༸གོང་ས་མཆོག་གི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་དགོས་འདུན་ཡིག་ཐོག་ཏུ་བཀོད་ནས་བཏོན་ཡོད། དོན་དངོས་ཀྱི་ལོ་རྒྱུས་དང་བདེན་པ་ཟེར་བ་ནི་འཇུ་ས་མེད་པ་ཞིག་ཏུ་འདོད་པའི་གང་ཟག་སྒེར་པ་ཞིག་ལ་མཚོན་ན། ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་གྱི་གནད་དོན་དེ་ཚོ་ཡང་ཚུར་ལེན་རྒྱུ་ཅི་ཡང་མེད་པ་ཞིག་གི་ཆེད་དུ་ཕར་རྒྱ་ནག་ལ་འཇུ་ས་སྤྲོད་པ་ཞིག་ཡིན་སྲིད་ཐོག དཀའ་ངལ་དང་རྙོག་དྲ་དེ་ཚོ་དེ་རིང་བློ་བཟང་སེང་གེ་སྒེར་གྱི་གླེང་རྙོག་ཡིན་པ་འདྲ་ཡང་། བཀའ་བློན་ཁྲི་པ་ཆགས་པའི་ཉིན་ནས་ང་ཚོ་གངས་ཅན་པ་ཡོངས་ཀྱི་དཀའ་རྙོག་ཅིག་ཏུ་གྱུར་ཡོད་པས། དོ་བདག་བློ་བཟང་སེང་གེའི་ངོས་ནས་གནས་ཚུལ་འདི་ཚོར་གཡོལ་ཐབས་ཀྱི་འགྲེལ་བཤད་སྙན་མོ་རྒྱག་པ་ལས་ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་དེ་དགོས་དབང་གིས་ལེན་དགོས་བྱུང་བའི་གསལ་བསྒྲགས་ཤིག་སྤེལ་ཏེ་གཙང་མ་བཟོས་ན་རང་དང་བོད་སྤྱི་ལ་ཕུགས་སུ་ཕན་ཐོགས་ཆེ་བར་མཐོང་ངོ་།། །།

ཟུར་དུ་འཕྲོས་བཤད་བྱེད་དགོས་པ་ཞིག་ལ་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་ལ་“ཏཱ་ལ་”ཞེས་པ་ལས་མཇུག་གི་“བླ་མ་”ཞེས་པ་དེ་མི་འབྲི་བ་མང་ཞིང་། བློ་བཟང་སེང་གེའི་རྩོམ་ཡིག་ནང་“ཏཱ་ལ་”མ་བྲིས་པར་“བླ་མ་”གཅིག་པུ་ལན་མང་དུ་བཀོལ་བ་འདི་བཙན་བྱོལ་སྤྱི་ཚོགས་ནང་ཐོག་མ་དང་ཐ་མ་གཉིས་ཀ་ཡིན་པའི་རེ་བ་ཡོད། རྒྱ་ནག་གཞུང་གིས་“ཏཱ་ལ་”གཅིག་པུ་འབྲི་བ་དེ། ཏཱ་ལའི་བླ་མ་ནི་བླ་མ་ཙམ་མ་རེད། ཆོས་གོས་གྱོན་པའི་སྲིད་དོན་པ་རེད་ཅེས་བརྗོད་མུས་དེ་མཚོན་བྱེད་དུ་ཡིན་སྲིད་ཅིང་། བློ་བཟང་སེང་གེས་“ཏཱ་ལ་”མ་བྲིས་པར་“བླ་མ་”འབྲི་བ་འདི། རང་གི་རྩོམ་ནང་དགོས་འདུན་བཏོན་པ་བཞིན་༸གོང་ས་མཆོག་གིས་ཆབ་སྲིད་བཞག་ནས་བླ་མའི་ཆོས་ཕྱོགས་ཀྱི་མཛད་པ་ཁོ་ན་སྐྱོང་དགོས་པའི་མཚོན་བྱེད་ཡིན་ཤས་ཆེ།། །། བོད་ཀྱི་དུས་བབ་དྲྭ་ཚིགས་ལས་བཏུས།།
ཁྱོད་རང་འདི་འདྲ་འབྲི་དགོས་དོན་སུས་དངུལ་སྤྲད་བྱུང་ཕལ་ཆེར་རྒཡལ་ལོ་དོན་གྲུབ་རེད་་བློ་སེང་གི་རྶཉེག་གླེང་འདི་ཚོ་ཚང་མ་ང་ཚོས་ཤེས་ཀྱི་ཡོད་་ཁྱེད་རང་གི་གཙང་སེལ་བྱེད་མེད་་རྒྱལ་ལོ་དོན་གྲུབ་གྱི་བློ་སེང་བེད་སྤྱོད་གཏོང་རྒྱུར་སྒུག་བསྡ་ད་ཡོད་པ་དངམི་མང་དགོན་པའིམི་མང་བསླསུ་འབྲིད་བྱེད་རྒྱུ་རེད་་བཀའ་ཁྲིར་འོས་བཀྲས་དབང་གཅིག་པུ་རེད་་དབུས་གཙང་གི་བླུགས་ཀྱི་རེད་་ཁང་གསར་འཕཨརིན་ལས་ཁྱེད་རང་གི་མིང་མ་རེད་ ཁྱེད་དབུས་པ་ཡིན་ན་ཁམས་པ་ལི་ཐང་པ་ཕྱོགས་ཞེན་ཚ་བོ་ཞིག་དང་འཇུ་ཆེན་ཐུབ་བསྟན་གྱི་རྒྱབ་སྐྱོར་ཆེ་ཟའི་བློ་སེང་ལ་དེ་འདྲའི་བསྟོད་གླུ་ལེན་དགོས་མེད་
5 ༠༡༢༠༡༡༡༩༡༥
ཁང་གསར་ལགས་ཀྱིས་དགོངས་ཚུལ་ལྟར་སྔོན་གྱི་བྱས་རྗེས་གཅིག་པོ་མ་ཡིན་པར་མ་འོངས་ལས་འཆར་དང་ རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་རྩ་དོན་སྒྲུབ་ཐབས་ གཞི་ལུས་མི་དམངས་ཀྱི་བཀའ་སྡུག་མཁྱེན་མཁན རང་དོན་གྱི་ཆེད་དུ་སྤྱི་དོན་བློས་བཏང་མི་བྱེད་མཁན་ཞིག་འདེམ་རྒྱུ་གལ་ཆེ
4 ༢༨༢༠༡༡༡༡༤༦
ཁང་གསར་འཕྲིས་ལས་ཀྱིས་བཤད་པའི་བསམ་ཚུལ་རྣམས་ནི་མ་འོང་དངོས་གཟིགས་འདྲ་བོ་འདུག། མི་དེ་ནི་བཙན་བྱོལ་ནང་གི་གནས་སྟོངས་ཐད་ལ་མཁྱེན་པ་རྒྱས་པ་མ་ཚད་གསོན་ཕོར་བཤད་ཕོད་མཁན་ཞིག་རེད། ལྷག་པར་དུ་བཀའ་ཟུར་ཁག་ཅིག་གིས་བཀའ་ཁྲི་ཟམ་གདོང་གི་ལས་འགུར་ལ་ལྟ་སྟོངས་སྐོར་དང་། བཀའ་ཟུར་དེ་དག་གིས་དོར་རྒྱལ་ཚོགས་པར་ ཁ་ཐད་བྱ་ཐུབ་མིན་བཤད་པ་དག་ནི་འདྲ་པོ་ཞི་བུ་འདུག་།།
བརྒྱ་བཤད་སྟོང་ལ་བབ་ཀྱང། ཡོས་ལ་བབ་རྒྱུ་རྩམ་པ། བློ་བཟང་སེང་གེ་ Lobsang Senge
དྲང་པོ་ཟེར་བའི་མིང་ཚིག་ཤེས་པ་ཙམ་ལས་དེའི་གོ་དོན་མི་ཤེས་མཁན་ཁང་གསར་འཕྲིན་ལས་ཟེར་བའི་མི་དེ་སྤྱི་ཚོགས་དཀྲུག་མཁན་ཞིག་ཡིན་པ་གསལ་ཤེས་བྱུང་སོང། དོན་མེད་ཀྱི་ཚིག་སྨྱོགས་ལུང་པ་གང་བྲིས་འདུག་དེ་ཁོ་བོའི་གཟུགས་བརྙན་སྟོན་ཐུབ་ཙམ་ལས་གཞན་གང་ཡང་མིན་འདུག མི་མང་ཚང་མ་ལྐུག་པ་དང་འོན་པ་ཡང་ན་ཞ་ར་སོགས་རེད་བསམ་པ་ནི་རང་ཉིད་སྤྱང་མདོག་བྱེད་པ་ཙམ་ལས་དོན་དངོས་སུ་དེ་མ་རེད། བློ་བཟང་སེང་གེ་དང་གཞན་སུ་ལ་རྒྱབ་བསྐྱོར་བྱེད་འདོད་ཀྱང་། དེ་ལ་འོས་འཕེན་དང་དེའི་བསྐོར་གྱི་འབྲེལ་བཤད་རྒྱབ་ཆོག གཞན་གྱི་དགེ་སྐྱོན་གསལ་བཤད་བྱེད་འདོད་ན་ཁང་གསར་ཟེར་བའི་མིང་དེ་འདྲ་བེད་སྤྱོད་མི་དགོས། ཉེ་ཆར་ཁང་གསར་རྡོ་རྗེའི་དཔྱད་རྩོམ་ལ་དོ་སྣང་བྱེད་མི་མང་ཙམ་ཡོད་སྟབས་གཞན་གྱི་མིང་ཟུར་རྐུ་འཁྱེར་བྱེད་པ་དེ་བློ་བཟང་སེང་གེའི་རྐང་པར་ཞགས་པ་རྒྱབ་པ་ལས་གཞན་གང་མི་སྣང།
ཧཧཧཧཧཧཧ། དཔྱད་གཞིའི་ཡིག་ཆ་ཡག་པོ་འདུག ཡིནའང་མི་གཞན་ཚོས་དེ་ཚོ་གསལ་གསལ་ལྡིང་ལྔིང་ཤེས་ཚར་བས་དངངས་སྐྲག་བྱེད་དགོས་དོན་མིན་འདུག
2 ༢༦༢༠༡༡༡༢༤༥
ཉི་ཟླ་སྐར་གསུམ།
སྐད་ཆ་ཚང་མ་དྲང་པོ་རེད་། མི་དམངས་ཀྱིས་གནད་འདི་ཧ་གོ་དགོས།
1 ༡༨༢༠༡༡༢༠༡༤
བོད་མི་ཡུལ་གྱར་བ་འདི་ཚོས་སྤྱོད་པ་ཇེ་སྡུག་རེད། མང་གཙོའི་གོ་དོན་མེད་ན་དེ་འདྲ་རེད། སྤྱི་ཚོགས་ཆུང་ཆུང་འདི་འདྲ་ཡིན་ན་མ་འོངས་པར་བོད་ས་ཡོངས་རྫོགས་མང་གཙོའི་སྤྱི་ཚོགས་ཤིག་ཆགས་ན་སྤྱོད་པ་གང་འདྲ་ཞིག་སྟོན་གྲབས་ཡོད་ན། ད་ལྟད་མོ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།