མཛེས་རིས་སྒྱུ་རྩལ་ལས་འཕྲོས་པའི་བརྩམས་ཆོས་ཀྱི་རིན་ཐང་གླེང་བ།

arts 1མཛེས་རིས་སྒྱུ་རྩལ་ནི་མིག་དབང་ཅིག་ཅར་ཏུ་འཕྲོག་པའི་ལོངས་སྤྱོད་སྟེ་སྨྲ་གསུམ་བརྗོད་ལས་འདས་ཤིང་ཟད་མི་ཤེས་པའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཅིག་ཡིན། མཛེས་རིས་གྱི་སྒྱུ་རྩལ་མརྩམས་ཆོས་འཛམ་གླིང་སྟེང་མིའི་སྤྱི་ཚོགས་ཀྱི་འགྲན་ཤུགས་དང་བསྟུན་ནས་དར་རྒྱས་བྱུང་ཞིང་མིའི་ཤེས་རབ་ཀྱི་དཔལ་འབར་བའི་གོ་རིམ་ཁྲོད་ནས་མཛེས་རིས་སྒྱུ་རྩལ་ལ་གསོན་ཤུགས་རྒྱས་བའི་རྨང་གཞི་ཆགས་པ་རེད། མིའི་རིགས་ཡོད་དོ་ཅོག་མཛེས་སྡུག་ལ་དགའ་བ་ནི་གཅིག་མཚུངས་ཡིན་པ་ལས་སྒྱུ་རྩལ་བརྩམས་ཆོས་གང་ཡིན་རུང་རོལ་མྱོང་བྱེད་པའི་ཆ་གཏན་ནས་གཅིག་མཚུངས་ཡིན་མི་སྲིད།

རྒྱུ་མཚན་ནི་སྒྱུ་རྩལ་བརྩམས་ཆོས་གང་ཡིན་རུང་ངོས་བསྟན་དང་ཤུགས་བསྟན་གཉིས་ཡོད་ལ་ངོས་བསྟན་ནི་མིག་དབང་འཕྲོག་སྲིད་པའི་ཕྱིའི་མཛེས་སྡུག་གི་རྣམ་པ་དང་ཤུགས་བསྟན་ནི་བརྩམས་ཆོས་སྒྱུ་རྩལ་གྱི་གཏིང་ཟབ་པའི་བརྗོད་སྙིང་སྟེ་མཛེས་རིས་སྒྱུ་རྩལ་གྱི་ཚེ་སྲོག་ཡིན། བརྩམས་ཆོས་གང་ཞིག་གི་བརྗོད་སྙིང་ནི་རྩོམ་པ་པོ་ཞིག་གི་རྣམ་དཔྱོད་ཀྱི་རྩལ་སྤྲུགས་ནས་བྱུང་བའི་བཙོ་སྦྱངས་ཀྱི་འབྲས་བུ་ཡིན། འབྲས་བུ་འདིར་རོལ་མྱོང་བྱེད་དགོས་ན་ངེས་བར་ཏུ་ཁྱོད་ལ་དེ་དང་མཐུན་པའི་ཤེས་རབ་ཀྱི་བསམ་བློའི་མིག་བཟང་བོ་ཞིག་དགོས་པ་དེ་རེད།

བརྩམས་ཆོས་གང་ཡིན་ཡང་མིའི་སྤྱི་ཚོགས་ཀྱི་སེམས་ཁམས་དང་ལྟ་བ་དང་བསམ་བློ་བཅས་ལ་འབྲེལ་བ་དམ་པོ་ཡོད་པས་བདག་གིས་ཀྱང་གོང་གི་བརྩམས་ཆོས་འདི་དག་དང་འབྲེལ་བ་ཡོད་པའི་བོད་ཡུལ་ནས་མགོ་རྩོམ་དགོས་པ་དེ་རེད།མཛེས་རིས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཆ་ནས་རང་རེའི་བོད་ཡུལ་འདི་འཛམ་གླིང་སྟེང་ཆེས་གསོན་མཉམ་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་འབྱུང་ཁུངས་སྟེ་ཁོར་ཡུག་འཛོམས་པོ་ཞིག་ཡོད་ལ་ང་ཚོས་ཀྱང་རང་མི་རིགས་ཀྱི་བསམ་བློ་དང་ཁོར་ཡུག་ལ་བསྟུན་ནས་མཛེས་རིས་སྒྱུ་རྩལ་བརྩམས་ཆོས་གང་མང་ཞིག་འཛམ་གླིང་གི་མིའི་སྤྱི་ཚོགས་འབུལ་དགོས་པ་དེ་རེད།

arts 2གཅིག གངས་རི་དང་འབྲེལ་བའི་བོད།

གངས་རི་ནི་བོད་མི་རིགས་དང་འབྲེལ་བའི་འཛམ་གླིང་གི་ཁྲོད་ན་བརྗིད་མཉམ་ལྡན་པའི་སྣང་བ་སྣོད་ཀྱི་མཛེས་སྡུག་ཅིག་ཡིན་པ་མ་ཟད་རང་རེའི་བོད་མི་རིགས་འདི་གངས་རི་དང་ལྷན་ཏུ་གསོན་པོར་གནས་ཐུབ་པ་ནི་འཛམ་གླིང་གི་མིའི་རིགས་ཡོངས་ཧ་ལས་སུ་བཅུག་ཡོད་པའི་གཏམ་རྒྱུད་ཅིག་ཀྱང་རེད།བདག་གིས་ཀྱང་གདོང་དམར་བའི་སེམས་ཁམས་དང་ལས་དབང་བཅོས་ལ་འབྲེལ་བ་ཟབ་ཅིང་འཛམ་གླིང་གི་མི་རིགས་གང་མང་ཞིག་འགྲམ་ཆུ་ལྡང་ཞིང་བོད་ཡུལ་ན་ཁྱད་དུ་འཕགས་པའི་མཛེས་སྡུག་གི་བཟི་སྐྱོམ་སྟེར་བའི་གངས་རིའི་ཀློང་ཆེན་པོའི་མཛེས་རིས་ཀྱི་བརྩམས་ཆོས་འདི་དག་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་བ་ཡིན།གངས་རི་དང་ལྷན་ཏུ་ལོ་ངོ་སྟོང་ཕྲག་མང་བོ་ཞིག་འདས་བ་ནི་ང་ཚོའི་ཡབ་མེས་དག་ལ་སྡུག་རུས་ཆེ་ཞིང་དཔའ་ངར་ལྡན་པའི་མི་རིགས་ཅིག་ཡིན་པར་

འཛམ་གླིང་གི་མིའི་སྤྱི་ཚོགས་ཡོངས་ལ་ར་སྤྲོད་བྱས་བ་རེད།ལས་ལ་བརྩོན་ཞིང་དཀའ་སྤྱད་སྡུག་རུས་ལ་འཛམ་གླིང་སྟེང་འགྲན་ཟླ་བྲལ་བའི་མི་རིགས་ཤིག་གི་ལོ་རྒྱུས་གངས་ཁྲོད་ནས་བཞག་པ་ནི་ང་ཚོས་འཛམ་གླིང་གི་སྟེང་ལ་ངོམས་ཆོག་ཆོག་ཅིག་ཡིན་པས་ང་ཚོས་ཀྱང་ཕྱི་འདང་ཞིག་རྒྱབ་ན་ཡབ་མེས་དག་གི་གྱོན་ཆས་དང་ཟ་མ་འདུག་གནས་སོགས་ལ་བསམ་གཞིགས་བྱས་ན་ཤེས་ཐུབ་སྟེ་དོན་གྱིས་ང་ཚོ་གངས་རིའི་ཀློང་ཆེན་པོ་འདིའི་སྟེང་གནས་

ཐུབ་པ་ནི་རང་ག་བ་ཞིག་ཡིན་ག་ལ་སྲིད།དེའི་ན་ང་ཚོའི་ཡབ་མེས་དག་གངས་ཁྲོད་འདིར་གནས་བཅས་པའི་ལོ་རྒྱུས་ལ་ཕྱིར་དྲན་དང་ཞིབ་འཇུག་བྱེད་རན་ཡོད་པ་ཤེས་དགོས་ལ། མཛེས་རིས་སྒྱུ་རྩལ་བརྩམས་ཆོས་ཀྱི་གང་སར་བསམ་གཞིགས་གནང་ནས་བརྩམས་ཆོས་བཀོད་སྟེང་ཐད་ལ་རང་མི་རིགས་ཀྱི་ཐུན་མོངས་མ་ཡིན་པའི་འཚོ་བ་དང་ཤ་འདྲེས་བག་འདྲེས་སུ་གྱུར་བའི་སྒྱུ་རྩལ་གྱི་རང་བཞིན་སོགས་རིན་ཐང་ལྡན་པའི་བསམ་བློའི་ཕྱོགས་ལ་ཞིབ་འཇུག་དང་བློ་སྦྱོང་བྱེད་དགོས་བ་དེ་རེད།མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་ནི་རང་ཉིད་ལ་དབང་བའི་མཛེས་རིས་ཀྱི་བརྩམས་ཆོས་ཀྱི་སྒྱུ་རྩལ་ལ་བཀོད་ཆོག་པའི་མཛོད་ཆེན་པོ་ཞིག་

སྟེ་རྒྱུ་ཆ་གཙོ་བོ་ཞིག་ཆགས་ཡོད།མཛེས་རིས་སྒྱུ་རྩལ་བརྩམས་ཆོས་ཀྱི་སྟེང་ནས་མི་རིགས་ཤིག་གི་ཐུན་མོངས་མ་ཡིན་པའི་ཁོར་ཡུག་དང་དེའི་མིའི་སྤྱི་ཚོགས་ཀྱི་ཕྱི་ནང་གི་མཛེས་སྡུག་སྒྱུ་རྩལ་རང་བཞིན་ལྡན་པའི་བསམ་བློ་སོགས་སྔོགས་འདོན་བྱེད་ཐུབ།གངས་རི་དང་དཀའ་སྤྱད་འབད་བརྩོན་གྱི་འབྲས་བུ་ལས་བྱུང་བའི་དཔའ་ངར་ལྡན་པའི་མི་རིགས་གཉིས་ཀྱི་འབྲེལ་བ་ནི་ཆུ་དང་འོ་མ་ལྟ་བུར་འདྲེས་ཡོད་པས་བདག་གི་སྒྱུ་རྩལ་བརྩམས་ཆོས་གངས་རི་དང་འབྲེལ་བའི་བོད་ཅེས་བའི་དཔྱད་རྩོམ་འདི་འབྲི་དགོས་པའི་རྒྱུ་མཚན་ཡང་དེའོ།

arts 4གཉིས། རི་སྐྱེས་སྲོག་ཆགས་དང་བོད་མིའི་འབྲེལ་བ།

རི་སྐྱེས་སྲོག་ཆགས་དང་བོད་མིའི་འབྲེལ་བ་ཞེས་པའི་བརྩམས་ཆོས་ཀྱི་མཛེས་སྡུག་དང་དེའི་དཔྱད་པ།ས་གཙང་ཞིང་ཁོལ་ཡངས་བའི་བོད་ཀྱི་ཡུལ་གྲུ་འདིར་མཚོན་ན་ནང་ཆོས་ལ་དད་པ་བྱེད་པའི་རིགས་རྒྱུད་ཅིག་ཡིན་པས་སྲོག་གཅོད་ཀྱི་ལས་ལ་འཛེམ་ཞིང་ཁོར་ཡུག་གི་རི་སྐྱེས་སྲོག་ཆགས་ལ་བྱམས་པའི་མི་རིགས་ཤིག་ཡིན་ཡང་མི་རིགས་གཞན་གྱིས་འདྲེ་ལག་བསྲིངས་བ་ནས་བཟུང་རི་སྐྱེས་སྲོག་ཆགས་གང་མང་ཞིག་ལ་བོད་ཀྱི་ཡུལ་གྲུ་འདིར་ཆག་འཇིག་ཚབ་ཆེན་ཐེབས་ནས་མང་བོ་ཞིག་རིགས་རྒྱུད་ཆད་པ་དང་སྐྱེ་དངོས་གང་མང་འཇིག་ཚར་བའི་ཚོད་ལ་སླེབས་འདུག འདི་ནི་མི་རིགས་གཞན་གྱི་ནག་ཉེས་ཚབ་ཆེན་ཞིག་ཡིན་པ་མ་ཟད་འཛམ་གླིང་སྟེང་གི་ཀྱོང་གུད་དང་སའི་གོ་ལ་འདི་འཇིག་ཉེན་གྱི་ཕྱོགས་སུ་ཆས་པའི་གནད་དོན་གཙོ་བོ་ཞིག་ཀྱང་རེད། རི་སྐྱེས་སྲོག་ཆགས་དང་བོད་མིའི་

འབྲེལ་བ་ཞེས་པའི་བརྩམས་ཆོས་འདི་མཐོང་བས་བདག་ལ་གནོན་དཀའ་བའི་དགའ་བ་དང༌། ཆགས་འཇིག་ཐེབས་ཚར་བའི་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས་གང་མང་ཞིག་དྲན་ན་སྐྱོ་གདུང་ཡང་འབྱུང་བའི་ཚོར་བ་བཟོད་དཀའ་བ་ཞིག་སྐྱེས་ཡོང༌།བརྩམས་ཆོས་འདིའི་སྟེང་གི་མི་སྣ་དང་སྲོག་ཆགས་ཀྱི་འབྲེལ་བ་སྟེ་སྣང་བརྙན་གསོན་པོ་འདིས་ང་ཚོར་ཅི་ཞིག་གི་བསྐུལ་མ་དང་རེ་བ་ཞིག་བསྩལ་བྱུང་བ་མ་ཡིན་ནམ། འདིའི་སྟེང་ནས་ང་ཚོས་ཞི་བདེ་དང་དེའི་མཛེས་སྡུག་ཅིག་མཐོང་ཐུབ་ལ་འདིས་ཕྱོགས་ལ་ང་ཚོ་བོད་མི་ཡོངས་ནས་དོ་སྣང་བྱེད་དགོས་པའི་བོད་ཁམས་སྤྱི་ལ་སྲོལ་བཟང་དར་སྤེལ་གཏོང་དགོས་པའི་བསླབ་བྱ་ཞིག་ཀྱང་རེད་བསམ་བྱུང༌།རང་བྱུང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁུར་ནི་འགྲོ་བ་མིའི་སྤྱི་ལ་ཡོད་པ་མ་ཟད་རང་མི་རིགས་འདི་འཛམ་གླིང་སྟེང་ནང་ཆོས་ལ་དད་པ་ལྡན་ཞིང་བྱམས་དང་སྙིང་རྗེ་ཆེ་བའི་མི་རིགས་ཤིག་ཡིན་པས་ང་ཚོས་ཀྱང་གོང་གི་མི་སྣ་འདི་དག་ལ་སློབ་སྦྱོང་བྱེད་དགོས།འདི་ལྟ་བུའི་རི་སྐྱེས་སྲོག་ཆགས་གང་མང་ཞིག་ལ་སྙིང་

arts 3ཉེ་བའི་སྒོ་ནས་གཅེས་སྐྱོང་བྱེད་དགོས་བ་མ་ཟད་འཛམ་གླིང་གི་མི་རིགས་ཡོངས་ལ་ཞི་བདེ་ཞེས་པའི་བསམ་བློ་དང་ནང་ཆོས་ལས་འཕྲོས་བའི་སྲོལ་བཟང་དར་སྤེལ་དུ་གཏོང་དགོས་བ་བཅས་ཡིན།ང་ཚོས་སྒྱུ་རྩལ་བརྩམས་ཆོས་ལ་རོལ་མྱོང་བྱེད་དགོས་བ་མ་ཟད་དེའི་སྟེང་གི་བརྗོད་བྱ་གཙོ་བོར་བཟུང་སྟེ་དེངས་རབས་ཀྱི་མདུན་ལམ་གསར་བ་དང་དེའི་ཐབས་ལམ་གསར་བའི་ཕྱོགས་ལ་བློ་ཁ་ཕྱོགས་ནས་འཛམ་གླིང་གི་ཞི་བདེ་ལ་འབོད་བསྐུལ་གནང་དགོས་པ་དེ་ནི་བརྩམས་ཆོས་འདིས་ཡང་སྙིང་གི་ཡ་མཚར་བའི་མཛེས་སྡུག་གི་ཁྱད་ཆོས་གཙོ་བོ་དེ་ཆགས་འདུག།

༢༠༡༠ ༡༠ ༢༨

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།