གསར་འགྱུར་གསར་པ།:

དཔལ་འབྱོར་གྱིས་བོད་དང་འགྲོ་བ་མིའི་ཐོབ་ཐང་ཉོ་བ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༧ཉིན། ད་ལྟ་ཡར་རྒྱས་སུ་ཕྱིན་ཟིན་པའི་ཡུལ་གྲུ་ཚོ་དུས་རངས་སྔོན་མ་དག་ལས་ཀྱང་དཔལ་སྟོབས་འབྱོར་དང་ཚན་རྩལ་འཕེལ་འགྱུར་གྱི་ཚད་གཞི་ཧ་ཅང་མཐོ་བ་ཡོད་ལ། ཁོ་ཚོའི་མི་སེར་རྣམས་ནས་ཀྱང་ཉིན་རེའི་འཚོ་བའི་གནས་བབས་བཟང་པོ་ཞིག་གི་འོག་ཏུ་ལོངས་སུ་སྤྱོད་བཞིན་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ཞིག་ལ་ངོས་འཛིན་བྱས་ཆོག

འོན་ཀྱང་དེས་ཁོ་ཚོའི་དུས་རབས་གསར་པའི་ལོ་རྒྱུས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱས་པའི་གོ་དོན་བསྟན་པ་ཞིག་གོ་དགོས་པ་མིན། དྲང་བདེན་གྱི་ཚོད་ལྟའི་ཐོག་ནས་སྦྱངས་བཤེར་དག་མ་ཞིག་བྱས་ན་ད་ལྟའི་རྒྱ་ནག་དམར་པོའི་དཔལ་འབྱོར་གྱིས་ནུབ་ཕྱོགས་པ་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་དང་མང་གཙོའི་ཁྱད་ཆོས་ཉོ་ཚོང་བྱེད་བཞིན་ཡོད་པའི་དངོས་ཡོད་ཀྱི་རྣམ་པ་ཞིག་མངོན་ཐུབ་ལ། ལྷག་པར་དུ་གནད་དོན་དང་འབྲེལ་བའི་ད་ལྟའི་ཆར་སའི་གོ་ལ་འདིའི་སྟེང་དུ་རྩོད་རྙོག་ཆེ་བའམ་གལ་འགངས་ཆེ་བའི་གནམ་གཤིས་ཚ་དྲོད་དང་འགྲོ་བ་མིའི་དཀའ་རྙོག་བཅས་ལ་འཕྲད་བཞིན་པའི་གནད་དོན་སོགས་གཙོ་གནད་དུ་འཛིན་ཆོག་པ་རེད།

འདིར་གུས་པས་བོད་ཀྱི་རིག་གཞུང་དང་སྐད་ཡིག་གཞིར་བཅོལ་ནས་བཤད་ན། བོད་མི་རྣམས་ལ་མཚོན་ན་རང་ཉིད་ཀྱི་གནའ་བོའི་ཆོས་དང་རིག་གཞུང་དག་ནི་ཁོ་ཚོའི་ཉིན་རེའི་འཚོ་བའི་བདེ་སྡུག་གི་རང་བཞིན་འབྲེལ་ནས་མེད་ཐབས་མེད་པའི་གནས་སྟངས་ཤིག་ཡིན་ལ། དེ་དག་འཛིན་སྐྱོང་སྤེལ་གསུམ་དང་ཉམས་ལེན་མཉམ་འགྲོ་བྱེད་རྒྱུ་ཡང་བོད་ཀྱི་འཛམ་གླིང་ཆུང་ཆུང་དེའི་སྤྱི་ཚོགས་འཆམ་མཐུན་དང༌། དེ་དག་མ་ཚང་ན་སྤྱི་ཚོགས་དེ་གནས་མ་གནས་ཀྱི་གནས་སྟངས་ཤིག་ཆགས་ཡོད་པ་རེད། འོན་ཀྱང་བོད་མི་ཚོས་ད་ལྟ་གདོང་ལེན་བྱེད་བཞིན་པ་ནི་རྒྱ་ནག་གི་བཙན་གནོན་འོག་ཐུན་མིན་གྱི་ཆོས་རིག་སྐད་ཡིག་སྲོག་ཁྲིམས་བཅད་ཟིན་ནས་གསོད་ཉེར་སླེབས་པའི་མི་ཞིག་དང་ཁྱད་མེད་ཡིན་པ་ཙམ་མིན་པར༌། རྒྱ་ནག་དམར་པོའི་གཞུང་དང་དེར་ཚོང་འབྲེལ་ཆེན་པོ་ཡོད་པའི་ནུབ་ཕྱོགས་ཡུལ་གྲུ་ཚོའི་དབར་གྱི་དོ་སྣང་ཆེ་བའི་རྩེད་ཆས་ཤིག་ཏུ་གྱུར་ཡོད་པ་རེད།

དེ་འདྲའི་རྙོག་གཞི་ཆེ་བའི་དཔལ་འབྱོར་དང་འགྲོ་བ་མིའི་ཐོབ་ཐང་དབར་གྱི་རྩེད་འགྲན་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དམ་ཞེ་ན། དང་ཐོག་ཁོ་ཚོའི་གྲིབ་ཅན་དཔལ་འབྱོར་གྱི་ངོ་བོ་དང་བྱུང་རྐྱེན་གཙོ་བོ་དེ་རྟོགས་དགོས་པ་དང༌།  དེ་ལྟར་བྱུང་ན་གཞི་ནས་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་བེད་སྤྱད་དེ་ལོག་ལམ་དུ་འཁྲིད་ཐབས་བྱས་པ། ད་དུང་དེའི་ཁྱད་ཆོས་ཡོངས་རྫོགས་རྨག་མེད་དུ་གཏོང་གི་ཡོད་པའང་གོ་རྟོགས་དེ་ལས་ཀྱང་རྟོགས་དགོས། དྲན་ཤེས་མངོན་འགྱུར་ཡོད་པའམ་མེད་པ། ཡང་ན་ཁོ་ཚོས་མིག་བཅོམ་ནས་བོད་ཀྱི་དངོས་ཡོད་ཀྱི་གནས་ཚུལ་རྟོགས་ཁུལ་བྱས་པའམ། དེ་མིན་ན་རྒྱ་ནག་གི་གནོན་ཤུགས་གང་ཡོད་མིན་སོགས་མ་ལྟོས་པར་གང་ལྟར་ནུབ་ཕྱོགས་པ་ཚོས་རྒྱ་གཞུང་གིས་བོད་ནང་ཡར་རྒྱས་ཀྱི་རྣམ་པ་ཞིག་ཁྱེར་ཡོང་གི་ཡོད་ཚུལ་ཤོད་བཞིན་ཡོད་པ་དེ་དག་ནི་ཁོ་ཚོས་མང་གཙོ་དང་འགྲོ་བ་མིའི་རིན་ཐང་སོགས་ཀྱི་ཁྱད་ཆོས་རྣམས་ལས་རྒྱ་ནག་དང་འཕྲད་སྐབས་དཔལ་འབྱོར་གྱི་རིན་ཐང་དོ་ཁུར་ཆེ་བ་བཟུང་གི་ཡོད་པའི་རྣམ་པ་དེས་ཡ་རབས་ཀྱི་རྣམ་འགྱུར་ཞིག་སྟོན་ཁུལ་བྱས་ནས་དོན་དངོས་ཐོག་བོད་དོན་སྦས་ཐབས་བྱས་པ་ཞིག་ལ་གོ་དགོས་པ་རེད།

ནུབ་ཕྱོགས་པ་ཚོས་ཅིའི་ཕྱིར་དཔལ་འབྱོར་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་དང༌། དམིགས་བསལ་བོད་ཀྱི་གནད་དོན་ལ་རྡོག་རོལ་བཏང་བ་ཡིན་ནམ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱ་ཁྱབ་རང་བཞིན་གྱིས་དྲིལ་བསྒྲགས་བྱས་ཀྱང༌། དོན་དངོས་ཀྱི་དཔེ་མཚོན་ནི་ལོ་ངོ་བཅུ་ཕྲག་ཅིག་གི་རིང་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་སྐྱོབ་བཅོལ་བའི་ཁེངས་པ་དེ་རེད། རྒྱ་ནག་ལས་ཡོ་རོབ་དང་ཨ་ཧྥི་རི་ཁ་སོགས་ནི་བོད་དང་གཅིག་མཚུངས་སུ་ཤུགས་རྐྱེན་ཐེབས་ཀྱང༌། ད་དུང་ཁོང་ཚོས་རྒྱ་ནག་དང་ལྷན་དུ་དཔལ་འབྱོར་གྱི་ཟློས་གར་འཁྲབ་བཞིན་ཡོད་པ་རེད།

དེ་ལས་ཀྱང་རྒྱ་ནག་གི་དྲག་ཆས་དམག་མིས་མནར་གཅོད་ཀྱི་ལས་འགུལ་འདྲ་མིན་ཏེ། བཙོན་པ་ཚོར་དུས་ཡུན་རིང་པོ་ལང་དུ་བཅུག་པ་དང་ཆུ་དང་ལྟོ་ཆས་མི་སྤྲད་པ། གློག་དང་ཡོ་ཆས་འདྲ་མིན་བདེ་སྤྱོད་ཀྱིས་རྡུང་རྡེག་གཏོང་བ། ཚད་བརྒལ་གྱི་སྐད་བཅོར་དང་སྲུན་བཙེར་བཟོས་ནས་གཉིད་གཅོག་པ། མདོར་ན་རྒྱ་ནག་གིས་ལས་འགུལ་འདྲ་མིན་འོག་བོད་ས་ཡོངས་སུ་བཙོན་པ་མང་པོ་དམར་བསད་བཏང་དང་གཏོང་བཞིན་པ་དང༌། དེང་གི་ཆར་རྒྱ་ནག་གི་བོད་མི་ཆབ་སྲིད་བཙོན་པ་ཚོར་༼དྲག་སྤྱོད་པ་དང༌། ཁ་བྲལ་རིང་ལུགས་པ། ཡང་ན་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་པའི་སོ་ཉུལ་བ་༽སོགས་སྐྱོན་འཛུགས་སྣ་ཚོགས་ཀྱིས་མནར་གཅོད་ཇེ་ཆེར་གཏོང་བཞིན་པ་དེ་རེད།  དོན་དངོས་ཐོག་མནར་གཅོད་གཏོང་ཡུལ་གྱི་མི་དེ་ཚོར་བསམ་བློའི་ཁྱེར་སོ་ནང་རང་བཙན་དང༌། བཙན་བྱོལ་བོད་མིའི་རྒྱབ་གཉེར་དང་འབྲེལ་བ་དེ་ལས་ཀྱང་མེད།

བོད་མི་ཚོས་འཛམ་གླིང་གི་རྒྱལ་ཁབ་ཚོར་བོད་ནང་དུ་སྐད་ཡིག་དང་རིག་གཞུང་རྩ་སྟོང་གི་གནད་དོན་དེའི་ཐད་ཞུ་གཏུགས་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་གི་རྒྱལ་ཁབ་ཚོས་༼འཇིག་རྟེན་ཀུན་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་༽ཏེ་ཆོས་ལུགས་དང་རིག་གཞུང་གི་ཐོབ་ཐང་ཐེ་བའི་ཁོང་ཚོའི་ས་ཆ་དང༌། མི་འབོར་སྲུང་སྐྱོབ། སྲོལ་རྒྱུན་གྱི་འཚོ་བ་རོལ་རྒྱུའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པ་ཡིན།

ངའི་བསམ་པར་དེ་སང་ནུབ་ཕྱོགས་པར་མཚོན་ན། རྒྱ་ནག་དང་ལྷན་དུ་བོད་དང་དཔལ་འབྱོར་གཉིས་ཚོང་སྒྱུར་གྱི་གོ་སྐབས་གལ་ཆེན་ཞིག་ཏུ་མཐོང༌། དེར་བརྟེན་རྒྱ་ནག་གི་བོད་མི་ས་ཡ་༡་༣དམར་བསད་བཏང་བ་དང༌། ཁོང་ཚེའི་དབུ་ཁྲིད་ཐེ་བའི་བོད་མི་༡༥༠༠༠༠ལྷག་བཙན་བྱོལ་དུ་བཏང་བ་སོགས། མདོར་ན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་ཀྱི་བྱེད་སྟངས་དེའི་མདུན་ནས་ཁོང་ཚོའི་བྱེད་ལས་ཕམ་ཉེས་སུ་སོང་བ་རེད།

འགྲོ་བ་མིའི་ཀུན་སྤྱོད་ཀྱི་ལོ་རྒྱུས་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩི་མེད་དེའི་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་དཔལ་འབྱོར་སྲ་བརྟན་གྱི་དགོས་འདུན་སྒྲུབ་ཀྱི་ཡོད་པ་རེད། ང་ཚོས་གསར་འགྱུར་གྱི་བརྒྱུད་ལམ་ནི་མང་གཙོ་རིག་ལུགས་ལ་ཆགས་བཞག་ན་ལག་ཆ་གལ་ཆེན་ཞིག་ཏུ་འདོད་ཀྱི་ཡོད། དེས་ཕྱི་ལོ་༢༠༠༨ལོར་བོད་ནང་ཞི་རྒོལ་སྐབས་རྒྱ་ནག་གཞུང་གི་བོད་མི་གྲངས་༢༢༤ལས་མང་བ་དམར་བསད་བཏང་བ་གསལ་འདོན་བྱས་ཡོད་པ་རེད། འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གྱི་བྱ་སྤྱོད་དེའི་ཐད་དུ་ཡ་ལན་མ་འཁྱོག་པ་རེད།

ང་ལ་ཧང་སང་བཅུག་གི་འདུག གལ་སྲིད་ཁོང་ཚོར་སྙིང་ཞིག་ཡོད་པ་ཡིན་ན། བོད་མི་ཚོར་གཅིག་མཚུངས་སུ་བྱམས་སྙིང་རྗེ་དང་གདུང་སེམས་མཉམ་བསྐྱེད་བྱེད་དགོས་ཀྱི་ཡོད་པ་རེད།

ཡེ་ཤེས་ཆོས་བཟང་གིས་བྲིས། སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།