ན་གཞོན་རུ་དར་པ་ཞིག་དྲན་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༠ཉིན། ___འདས་པོ་གཡུང་ལྷུན་གྲུབ་ལགས་ལ་རྗེས་དྲན་ཞུ་བ།
གཅིག ཉིན་འདི་གར་ཁོ་བོར་བརྩེ་སེམས་ཆེ་ཤོས་ཡོད་པའི་གྲོགས་པོ་ཚུལ་ལྡན་ཁོང་གི་རྣམ་ཤེས་ཤོར་སོང་བས། མི་ཚེའི་སྐྱོག་མཚམས་འདིར་བརྗེད་ཐབས་བྲལ་བའི་རྗེས་ཤུལ་ཟབ་མོ་ཞིག་དང༌། ནམ་ཡང་དྲན་སློང་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་ཡང་གྱུར་ཡོད་པ་ཡིན།

ལོ་སྔོན་མའི་སྤྱི་ཟླ༡༡པའི་ནང་ཁོ་བོ་མཚོ་བྱང་རྐང་ཚའི་གནས་སུ་དགེ་རྒན་དུ་འགྲོ་སྐབས་ཁོང་ཉིད་ཐེངས་དང་པོར་ངོ་ཤེས་པ་དང༌། ཁོང་ཡང་དེ་ཀའི་སློབ་མའི་གྲས་ཀྱི་ཡིན་པས་ལས་བྱར་ལྟ་བའི་བར་གསེང་དང་ཇ་ཐུན་རྣམས་སུ་ཕན་ཚུན་ཁ་བརྡ་མང་བོ་བྱེད་ལོང་བྱུང་བས། ངེད་གཉིས་བར་ལ་ངོ་ཤེས་ནས་དགེ་སློབ་ཀྱི་འབྲེལ་བ་དང༌། རིམ་བཞིན་གྲོགས་པོའི་འབྲེལ་བ་སོགས་བྱུང་ནས་ཁོང་གི་རྣམ་དཔྱོད་དང་བརྩོན་སེམས་དག་ལ་རྒྱུས་མངའ་མཐོ་གྲས་ཡོད་པར་གྱུར། ལོ་དེའི་ཟླ་གཞུག་མར་ཁོ་བོ་ཕྱིར་ཕ་ཡུལ་དུ་ལོག་ལ་ཉེ་སྐབས་དགེ་སློབ་མཉམ་འཛོམས་ཀྱིས“མཇུག་མཐའི་ཚང་འཛོམས་སྤྲོ་ཚོགས”ཤིག་འཚོགས་པ་དང༌། སྤྲོ་ཚོགས་སྟེང་ནས་དགེ་སློབ་མང་བོ་ཞིག་གིས་རང་རང་གི་སེམས་གཏམ་ལྷུག་པོར་བཤད་པ་ལས་ཁོང་གིས་ཀྱང“ངས་མ་བོ་ཞིག་འཆད་མི་ཐུབ་ཀི གང་ལྟར། ད་རེབ་ཀྱི་གྲོགས་པོ་སྤྱི་དང་སྒོས་སུ་ཨ་ཀ་སྒོ་ཡོན་ཚང་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཆེ་ཞུས་ནི་ཡིན”ཙམ་ཞིག་ལས་ཅི་ཡང་གསུང་མ་སོང་མོད། དེ་རྗེས་ཁོ་བོ་ལམ་ལ་ཆས་ཁར་སྨྱུ་གུ་ཞིག་དང་མཉམ་དུ་ཡིག་ཤུབས་བཅས་གནང་བྱུང་བས་ད་གཟོད་ཡི་གེ་དེ་ལས་ངེད་གཉིས་འབྲལ་ཁར་ཁོང་ལ་སྐྱོ་བ་སྨོས་མེད་ཅིག་གིས་གནོན་གྱིན་ཡོད་པ་གཞི་ནས་རྟོགས། དེ་བས་ཁོང་གི་ཡི་གེའི་ནང་དུ“དེ་རིང་ནས་བཟུང་ངེད་གཉིས་གྱེས་དགོས་ཤིང༌། གྱེས་དགོས་པ་འདི་འཇིག་རྟེན་གྱི་ཆོས་ཉིད་ཡིན་རུང༌། མཐའ་མཇུག་གི་སྤྲོ་ཚོགས་སྟེང་ནས་ངས་རང་གི་སེམས་གཏམ་ཞིག་འཆད་འདོད་ཀྱང་མིག་ནས་མཆི་མ་འཆོར་ལ་ཉེ་བས་སྐད་ཆ་འཆད་མ་ཐུབ་ཐལ། དུས་ཐོག་དེར་ཁྱེད་ཀྱིས ཞེས་པའི་གླུ་དབྱངས་ལེན་དུས།ངའི་མིག་མཐར་མཆི་མ་འཁོར་བཞིན་ཁྱེད་ཀྱི་གླུ་སྐད་ལ་མཉན་ནས་རང་དབང་མེད་པར་སེམས་ལ་ད་ནི་འུ་གཉིས་ལས་དབང་གིས་ཡང་བསྐྱར་འཕྲད་ཐུབ་བམ། ཞེས་རང་ལ་རང་གིས་དྲི་བཞིན་སྒོར་བུད་ནས་མིག་ཆུ་ཕྱིས། གྲོགས་པོ། ཤི་གསོན་ནི་སུས་ཀྱང་མི་ཤེས་པས། གལ་ཏེ་འུ་གཉིས་འཕྲད་ཐུབ་མེད་ན་ཡང་སྲིད་མོད། འུ་གཉིས་བར་ལ་བཅོས་མིན་གྱི་བརྩེ་བ་ཞིག་ཆགས་པ་ངའི་སེམས་ལ་རྡོ་ཡི་རི་མོ་བཞིན་གསལ་འདུག”ཅེས་བྲིས་ཡོད་པ་དང༌། ད་དུང“གྲོགས་པོ་ལགས། ང་རང་ཅི་ཡང་མེད་པའི་སློབ་མ་དབུལ་བོ་ཞིག་ཡིན།གལ་ཏེ་དཔལ་འབྱོར་ཞིག་ཡོད་རྒྱུ་ན་མཉམ་དུ་བཟའ་མ་རེ་ཟ་བཞིན་སེམས་གཏམ་རེ་འཆད་ཀྱང་ཆོག་མོད། ད་ནི་གོ་སྐབས་མ་བྱུང་བས་འུ་གཉིས་མ་འཕྲད་ཀྱང་ངས་ནམ་ཡང་ཁྱེད་ཉིད་བརྗེད་མི་སྲིད”སོགས་ཀྱིས་ཁོ་བོར་ཡང་ནམ་རྒྱུན་སྐྱོ་བ་འཕེལ་བའི་བག་ཆགས་གཏིང་རིང་བ་ཞིག་བཞག་མྱོང་བ་ཡིན། ཁོ་བོས་ཀྱང་ཕྱིར་ཕ་ཡུལ་དུ་བསླེབས་རྗེས་འཕྲིན་ཡིག་ཅིག་དང་ལེགས་སྐྱེས་ཆུང་ངུ་རེ་བསྐུར་བ་ལས་ངོ་མ་དེ་ནས་བཟུང་ངེད་གཉིས་ཀ་ངོ་འཕྲད་བྱུང་མ་ཐུབ། འདི་དག་ནི་ཁོང་དང་ངའི་བར་གྱི་མི་ཚེའི་བརྒྱུད་རིམ་སྟེ། བལྟས་ཚོད་ལ་སྤྱིར་བཏང་བ་ཞིག་ཏུ་སྣང་ཡང་ཐང་མོད། ནང་སེམས་ཀྱི་འདུ་ཤེས་ནི་དུས་ནམ་ཡང་གཞལ་བར་མི་སྤོབས་པའི་བརྩེ་བ་མཐོན་པོའི་གྲས་ལས་རང་ག་བ་ཞིག་གཏན་ནས་ཡིན་མི་སྲིད་དོ།

གཉིས།

ང་ཚོས་བླ་མེད་ཀྱི་མི་བུ་ཞིག་གི་མཛད་པ་གླེང་སྐབས་ལྷ་སྒྲུང་ལྟ་བུའི་དངོས་དོན་དང་མི་མཐུན་པའི་འུད་སྒྲོག་ཅིག་གོམས་སྲོལ་དུ་ཆགས་འདུག་མོད། དེ་ལས་ལྡོག་སྟེ་གནས་ཚུལ་དངོས་ཀྱི་ཆ་ནས་བལྟས་ན།ཁོང་ནི་མི་ལོ་བཅུ་བདུན﹙༡༩༩༢﹚གྱི་ཡར་སྔོན་ཏུ་བོད་མདོ་སྨད་མཚོ་བྱང་རྐང་ཚ་རྫོང་གཡུང་རུང་སྡེ་བའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ“ངུ་སྐད”དང་མཉམ་དུ་སྐྱེས་ཤིང༌། རིམ་བཞིན་ནར་སོན་པའི་གོ་རིམ་ཁྲོད་ནས་ཕ་ཡུལ་གྱི་སློབ་ཆུང་དང་སློང་འབྲིང་གི་འཚོ་བར་ཞུགས་ཏེ་དུས་ནམ་ཞིག་ཡིན་པར་མ་ངེས་ཀྱང༌། ཕལ་ཆེར་སློབ་ཆུང་མཐར་ཕྱིན་པའི་དུས་ནས་བཟུང་རྩོམ་ཡིག་འབྲི་རྒྱུའི་བག་ཆགས་ཤིག་ཀྱང་ངང་གོམས་སུ་གྱུར་ནས། ཁོང་ཉིད་འདའ་ཁའི་བར་དུ་བརྩམས་ཆོས་དེབ་ཆུང་བདུན་ལ་ལོངས་པ་ཞིག་བྲིས་གནང་ཡོད་པ་དང༌།༢༠༠༧ལོའི་ལོ་མཇུག་ཏུ《རྒྱུད་སྐུད་ཕྲ་མོ》ཞེས་པའི་རྩོམ་དེབ་ཐོག་མའང་སྤྱི་ཚོགས་སུ་བཀྲམ་མྱོང༌། ལོ་འདིར་རྐང་ཚའི་སློབ་འབྲིང་གི་དགེ་རྒན་རེ་འགའི་སློབ་ཁྲིད་ཀྱི་རྣམ་པ་འཐུས་ཚང་མིན་པ་དང་དཔེ་མཁྱུད་ཅན་དུ་སོང་བས། ཁོང་གིས་སྦ་གསང་མེད་པར་དགེ་རྒན་གྱི་བསམ་བློ་བཙོག་ཧྲུལ་ལ་བཅོས་སྒྱུར་དང་སློབ་ཁྲིད་ལ་ནན་ཏན། སློབ་མའི་ལངས་ཕྱོགས་ལ་མཉམ་གཞག་དགོས་ཚུལ་བཅས་སྨྲས་པས། དེ་ཀའི་དགེ་རྒན་ཚོའི་ཐུགས་ལ་མ་བབས་པར་ཁོང་ལ་སྐྱོན་བརྗོད་སྣ་ཚོགས་བྱས་པ་མ་ཟད། རྡུང་རྡེག་ཀྱང་མི་དམན་པ་བྱས་པ་ཐོས། དེ་ལྟར་ཁོང་གིས་རྐང་ཚའི་སློབ་འབྲིང་ནས་རང་ལ་བཟང་ཆ་ཞིག་མི་འགོ་བ་རྟོགས་རྗེས། ཨ་མདོ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་སློབ་གཉེར་ཕྱིན་པ་དང༌། སློབ་གྲྭ་དེ་ནས་ཟླ་བ་ཁ་ཤས་ཀྱི་རིང་ལ་ཧུར་བརྩོན་ཆེན་མོས་ཤེས་ཡོན་སྦྱང་བ་ལ་འབད་པ་ཆེར་བྱས་ཀྱང༌། དུས་སྐབས་དེར་སུམ་ཅུའི་དུས་དྲན་གྱི“བོད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་སྒེར་ལངས”ཀྱི་མཛད་སྒོ་དངོས་སུ་འགོ་ཚུགས་པས། མི་རིགས་ཀྱི་ལས་དོན་སེམས་པའི་གཏིང་སར་འཁྱིལ་བའི་ན་ཆུང་འདིས་ཀྱང་སྐབས་དེའི་ལས་འགུལ་གྱི་ཟུར་ཤུགས་ལ་གཞོགས་འདེགས་ཀྱི་ལས་ཀ་མང་བོ་བསྒྲུབས་ཤིང༌། ལྷག་པར་ཁོང་གིས་དུས་ཡུན་རིང་བོར་བསམ་བློ་བཏང་བའི་མི་རིགས་འདིའི་ཆེད་ཏུ་རང་གི་ཚེ་སྲོག་དབུལ་བའི་ཕུགས་བསམ་གཙང་ཡངས་དེ་ཉིད་ཀྱང་མངོན་ཏུ་བྱེད་པར་ཇེ་བརྟན་ཏུ་གྱུར།

གསུམ།

ལོ་འདིའི་སྤྱི་ཟླ༡༠བའི་ཚེས༡༨ཉིན་གྱི་དུས་ཚོད༤ཡས་མས་ནི་ཁོ་བོའི་སྙིང་ཉེ་བའི་གྲོགས་པོ་གང་ཉིད་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་བའི་དུས་ཡིན་ཞིང༌། མདོ་སྨད་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་ཐོག་ཁང་གསུམ་པའི་སྒེའུ་ཁུང་ནང་ནས་འཐོར་རླུང་གློ་བུར་བ་ཞིག་དང་ལྷན་ཏུ་བསྡོངས་ཏེ། རྣམ་ཤེས་སྙིང་རྗེ་བོ་དེ་ཉིད་ནམ་ཡང་ངོ་མི་ཤེས་པའི་ཐག་རིང་གཞན་ཞིག་ཏུ་ཡལ་སོང༌། གནས་ཚུལ་འདི་ཇི་བཞིན་རྟོགས་རྗེས་ཁོ་བོར་ཚེ་སྟོད་འདིར་གཏན་ནས་བྱུང་མ་མྱོང་བའི་ཚོར་སྣང་འཇིགས་སུ་རུང་བ་ཞིག་མངོན་ཏུ་སྐྱེས་ཤིང༌། ཉིན་འགའ་ལ་ཟས་ཀྱང་ཡི་ག་མེད་པར་འགྲོ་འདུག་ཀུན་ཏུ་གནས་ཚུལ་འདི་ཁོ་ན་ཡིད་ལ་འཁོར་ནས་ཅི་ཞིག་བྱེད་དགོས་པ་རང་གིས་ཀྱང་མི་ཤེས་པའི་ཚོད་དུ་སླེབས། དེ་ལྟ་ན་ཡང༌། ཟུར་གཞན་ཞིག་ནས་བལྟས་ན་ཁོང་གི་འདས་རྐྱེན་གྱི་རྣམ་པ་སྟེ། རང་གི་གཉེན་ཉེ་དང་ཁྱིམ་ཚང༌།རང་ཉིད་ཀྱི་འཚོ་དོན་སོགས་མི་སྒེར་གྱི་ལམ་ལུགས་ཤིག་གི་གནད་དོན་ལར་ནས་མིན་པར། ཡ་མཚན་པ་ཞིག་ལ་དེ་ནི་རླབས་ཆེ་བའི་མི་རིགས་ཤིག་གི་གློ་སྙིང་ལ་ཟུག་ཡོད་པ་དང༌།ངེད་ཁ་བ་གངས་ཅན་པའི་དུས་གསུམ་གྱི་ཆགས་འཇིག་དང་འབྲེལ་བ་དམ་པོར་ཡོད་པས་ན་ང་ལ་སྐྱོ་བ་འཕེལ་དགོས་དོན་ཆེར་མི་འདུག་གོ།

ང་ཚོས་དེང་གི་བོད་མི་ཕལ་བའི་གནས་སྟངས་ལ་དངོས་སུ་རོལ་མྱོང་བྱེད་སྐབས་རོང་ཁོག་དང་འབྲོག་ཁུལ་འགའ་རེའི་སྤྱི་ཚོགས་སུ་ཕུ་ནུ་ནང་འཁྲུགས་ཀྱིས་ཚེ་སྲོག་མང་བོ་ཤོར་བ་རྒྱུན་ཆད་ཀྱིན་མེད་པ་དང༌། མི་སྒེར་བྱ་བའི་ཐོག་གི་སྡུག་བསྔལ་ཕྲན་བུ་རེ་ཡོད་པའང་མ་ཐེག་པར་རང་སྲོག་གཅོད་པ། ནང་རྐུ་དང་ནང་འཕྲོགས་ཀྱིས་ཤི་རྨས་ཐེབས་པ་སོགས་ཀྱིས་མཚོན་ནས་འཆི་རྐྱེན་འདྲ་མིན་ཀྱིས་ཚེ་སྲོག་ཤོར་བ་དང༌། གཞན་ཡང“ཁ་དགྲ་སར་མི་འཁོར་རང་སར་འཁོར”བའི་རང་ཉིད་མི་ཞིག་ཡིན་པར་ཡང་ངོས་འཛིན་མ་ཐོབ་པའི་ལྐོག་རྔན་སྤྲོད་ལེན་བྱེད་མཁན་གྱི་མི་མིན་འདྲེ་མིན་རྣམས་དང༌། ཕ་བླ་རྡོ་རྡུང་ལ་སྤྲོ་བའི་ཁ་སང་དེ་རིང་གི་བོད་ནས་སྐྱེས་ཀྱང་བོད་དྲི་མི་བྲོ་བའི་མཁས་དབང་དང་བླ་དཔོན། རྩོམ་མཁན་དང་གླུ་བ། རྒྱུ་ཆེན་དང་སྤྲང་པོ་སྐོར་ཞིག་གིས་རླུང་ཁྲོད་ཀྱི་མར་མེ་འདྲ་བའི་རང་གི་མི་རིགས་འདི་དང༌། ང་ཚོའི་ཆེད་དུ་གཅེས་པའི་སྐུ་སྲོག་ཀྱང་ཕངས་མེད་བྱིན་པའི་སྤུན་ཟླ་དྲིན་ཆེན་དག་ལ“ཁ་ཚད་ཡོད་ནང་གི་ཚིག་ཚོད་མེད་ཅིག”སྐྱེས་སུ་ཕུལ་དང་འབུལ་བཞིན་པའི་གནས་ཚུལ་རྣམས་དམར་རྗེན་དུ་མཐོང་ཚེ། ཁོང་ནི་ཅི་འདྲའི་རྟུལ་ཕོད་དང་དཔའ་མཛངས་ལྡན་པའི་སྐྱེས་བུ་དམ་པ་ཞིག་སྟེ། ནང་བསྟན་ཆོས་གཞུང་དུ་བསྟན་པའི“ས་ཐོབ་ཀྱི་སེམས་དཔའ”དངོས་མ་དེ་ནི་ཁོང་ལྟ་བུ་ལོས་ཡིན་སྙམ་པའི་ངེས་ཤེས་ཤིག་ཀྱང་ངང་གིས་དྲང་འོང༌།

བཞི།

ཨེ་མོ་ཧྲིན་གྱིས་མཛད་པའི་གསུང་བཤད་ཅིག་ཏུ“ང་ལ་ཆེས་དགོས་མཁོ་ལྡན་པ་ནི་ང་ལ་ངའི་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་བསྒྲུབ་ཏུ་འཇུག་རྒྱུ་དེ་རེད”ཅེས་པ་ལྟར། ང་ཚོས་ན་ཆུང་ཁོང་ཉིད་འདས་ཚུལ་ལས་མཐོང་ཐུབ་པ་ནི་འཆམ་མཐུན་སྤྱི་ཚོགས་ཀྱི་ཁོར་ཡུག་གཙང་ཡངས་ཤིག་ཆགས་དགོས་ན། ལྷག་བསམ་དང་སྙིང་སྟོབས། ཡིད་རྟོན་བཅས་ཡོད་དགོས་པ་དང༌།སྒེར་སེམས་དང་བག་འཁུམ། རྨོངས་ཞེན་བཅས་ཡོད་མི་ཆོག་པའི་གནས་ལུགས་ཤིག་མངོན་བསྟན་འདུག་སྟེ། ཁོང་གིས་བྱིས་བློ་བོར་བའི་དུས་ནས﹙དོན་ངོ་མར་ད་དུང་བྱིས་པ་ཞིག་ཡིན﹚ བཟུང་མི་རིགས་ཀྱི་སྐད་ཡིག་དང་འདུ་ཤེས།ཁོར་ཡུག་སོགས་ས་བསམ་བཞིག་ནན་ཏན་བཏང་བའི་བརྩམས་ཆོས་མི་ཉུང་བ་འདི་དག་ཀྱང་མཇལ་དུ﹙ད་ལྟ་ཁོང་གི་གསུང་རྩོམ་པར་དུ་སྐྲུན་བཞིན་ཡོད﹚ཡོད་པ་ལས་འདའ་ཁར་བྲིས་པའི་འཐུས་ཚབ་ཞལ་ཆེམ་དུ། “ངས་རང་གི་གཅེས་སྲོག་བློས་བཏང་བ་འདི་ང་རང་སྒེར་གྱི་དོན་དག་ཅིག་གཏན་ནས་མིན།དེ་ནི་འཛམ་གླིང་སྟེང་གི་ཤེས་ལྡན་མི་སྣ་ཚང་མ་ལ་བོད་མི་རིགས་ཀྱི་མགོ་ཐོག་ཏུ་འགྲོ་བ་མིའི་ཐོབ་ཐང་ཞིག་རྩ་བ་ནས་མེད་པའི་བདེན་དབང་ངོ་མ་ཞིག་གི་དོན་དང༌། བོད་དོན་ལ་འབད་པ་བླ་ལྷག་གནང་བའི་སྤུན་ཟླ་ཡོངས་ལ་བཀའ་དྲིན་ཞུ་མཚོན་དུ་ངས་རང་གི་ཚེ་སྲོག་འདི་ཉིད་ཕངས་སེམས་ཅི་ཡང་མེད་པར་ཕུལ་བ་ཡིན། དེ་བས་ཤུལ་སྡོད་ཀྱི་བོད་རིགས་རྣམས་ལ་རེ་ཞུ་ཞིག་ཡོད་པ་ནི།

བོད་མི་ཞིག་ཡིན་ནས་བཟུང་ཇི་སྟེ་རང་དབང་གཙང་མ་ཞིག་མ་འཐོབ་ཀྱི་བར་དུ་ནུས་པ་གང་ཡོད་ཀྱིས་རང་དབང་རྩོད་ལེན་བྱེད་རྒྱུ།

བོད་ཀྱི་སྐྱ་སེར་ཕོ་མོ་སྤྱི་དང་ནང་སྒོས་སུ་སློབ་གྲྭའི་གླིང་གི་དགེ་སློབ་ཡོངས་ཀྱིས་རང་མི་རིགས་ཀྱི་ཕ་སྐད་རྣམ་དག་ཅིག་སྤྱོད་རྒྱུ། དོན་དག་འདི་གཉིས་ནི་ངའི་མི་ཚེའི་མཐའ་འཇུག་གི་རེ་བ་དང་ཤ་རུས་གཅིག་པའི་བོད་མི་ཀུན་ལ་བཅོལ་བའི་སྐུལ་མའང་ཡིན”(ཀློག་འདོན་བདེ་བར་དམིགས་ནས་རྗོད་བྱེད་ལ་བཟོ་བཅོས་བརྒྱབ་ཡོད)གསུང་པ་ལས། ཁོང་གི་བླ་མེད་ཀྱི་ལྷག་བསམ་དང་གཡོ་བསླུ་བྲལ་བའི་སྙིང་སྟོབས། ཕུགས་འདུན་རིང་བའི་བསམ་བློ་དག་རྣམ་པར་གསལ་འདུག་པར་མ་ཟད། གོང་དུ་ཞུས་པ་བཞིན་ང་ཚོའི་ལས་དོན་ལ་ཁ་ཚ་དགོས་གཏུག་གིས་མཁོ་བའི་ཕུན་སུམ་འཚོགས་པའི་ཟབ་གནད་ཀྱང་འདི་ཁོ་ན་ཉིད་དོ།།

ད་ནི་ང་ཚོས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ཁོང་ནི་རང་མི་རིགས་དང་རིག་བཞུང་གི་ཆེད་དུ་ཡོད་ཚད་བློས་བཏང་བའི་བོད་ཀྱི་ན་ཆུང་དཔའ་བོའི་རུ་འདྲེན་པ་ཞིག་དང༌། བཤད་ཕོད་པ་དང་སྒྲུབ་ཕོད་པའི་སྙིང་སྟོབས་ལག་ལེན་དུ་འཁྱོལ་བའི་དུས་རབས་འདིའི་ན་གཞོན་སློབ་བུ་དངོས་མ་ཞིག་ཡིན་པ་སོགས་ལ་ངེས་ཤེས་གཏིང་ཚུགས་པ་སྐྱེས་ནས། ཁོང་གི་མཛད་རྗེས་ལ་ཡི་རང་དང་གོང་བཀུར་ཞུ་འོས་པར་མ་ཟད། བཙན་སྒྱུར་དང་སྒེར་གཅོད་ཀྱིས་གྲུབ་པའི་ཁྲིམས་ལུགས་ཀྱི་ར་བ་འདི་ནས་ཁོང་དང་ཁོང་ལྟ་བུའི་མི་རིགས་ཀྱི་དབའ་བོ་དག་གི་མཛད་རྗེས་རྣམས། ང་ཚོས་ནམ་ཡང་ཉམས་པ་མེད་པར་ཚུར་ལེན་དང་རྒྱུན་སྐྱོང་དགོས་པའི་གནས་དམ་པར་བརྩི་བའི་ངང་ནས་སྙིང་དང་རུས་པས་ཁོང་ལ་རྗེས་དྲན་དང་མྱ་ངན་ཞུས་པ་ཡིན་ནོ།

༢༠༠༨ལོའི་སྤྱི་ཟླ༡༡པའི་ཚེས༡༢ཉིན་ཁམས་ཀྱི་སློབ་གྲྭ་ཆེན་མོ་ཞིག་གི་ཉེ་འདབས་སུ་སྒོ་ཡོན་དུ་འབོད་པས་བཅོས་མིན་གྱིས་སྦྱར་བའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།