ཆོས་སྲིད་གཉིས་གཙང་མ་འབྱུང་བར།བོད་ལ་རེ་བ་ཡོད་རེ་སྐན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༡༠ཉིན། སྔོན་གླེང༌། རྩོམ་ཡིག་འདིའི་ནང་དོན་ནི་མ་འོངས་པར་རང་གཞུང་གི་བཀའ་བློན་ཁྲི་པ་ལྟ་བུའི་གཙོ་འགན་བ་ཚོས་ངེས་པར་དུ་བསམ་གཞིགས་དགོས་པའི་གནད་དོན་དག་ཡིན་ལ། དེའང་བོད་དུ་དོན་དམ་གྱི་རང་དབང་དང་དམངས་གཙོ་མ་འབྱུང་བར། བོད་མི་ཡོད་དོག་ཅོག་གིས་ད་ལྟའི་ཆར་ཡུལ་གྱར་དུ་རང་དབང་དང་དམངས་གཙོའི་ལམ་ལུགས་ལོངས་སུ་སྤྱོད་དེ་རང་མི་རིགས་ཀྱི་གཅེས་ནོར་ནང་ཆོས་དང་བོད་ཀྱི་རིག་གཞུང་འཇིག་རྟེན་འདིར་ཡུན་གནས་ཀྱིས་འགྲོ་བ་མིའི་རིགས་གཙོས་པའི་སེམས་ཅན་ཐམས་ཅད་ལ་ཕན་ཐབས་སུ་ནན་ཏན་གནང་དགོས་པའི་ཕྱོགས་དང༌། རང་མི་རིགས་ཀྱང་འཛམ་གླིང་སྤྱིའི་འགྲོས་དང་བསྟུན་ནས་གང་ས་ཅིའི་ཐད་ནས་ཡར་རྒྱས་གཏོང་ཕྱོགས་ཡིན་སྟབས། རང་ངོས་ཀྱི་ནུས་པ་བཏོན་ནས་མ་འོངས་བོད་ཀྱི་གནད་དོན་ལེགས་བཅོས་ཡོང་བའི་སྐོར་བསམ་གཞིགས་བྱས་པར་བློ་ལྡན་ཚོས་ངེས་ཤེས་དང་ལེགས་བཅོས་ཡོང་བའི་དམིགས་འདུན་ཁོ་ནར་ཆེད་དུ་ཡིན་པར་ཚང་མས་དགོངས་འཇགས་མཛོད།

དང་པོ། ལོ་རྒྱུས་ཐོག་ཆོས་སྲིད་ཟུང་འབྲེལ་ལ་ཕམ་ཉེས་བྱུང་བ་འགའ།

རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོས་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་རྒྱ་གར་ནས་ནང་ཆོས་ནང་འདྲེན་དང༌། བོད་སྐད་དང་འཚམ་པའི་ཡི་གེ་གསར་གཏོད་བྱས་པ་མ་ཟད། དེ་ལ་བརྟེན་ནས་བོད་མི་རིགས་ས་ཁོངས་རིགས་རུས་དང་བཅས་པར་གཅིག་གྱུར་བཟོ་ཐུབ་པའི་དགེ་མཚན་བླ་ན་མཐོ་བར་བྱུང་ཡོད་པ་དེའང་ནང་ཆོས་ལ་བརྟེན་ནས་གཙོ་བོར་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་ཐབས་བྱས་པ་ཞིག་རེད། ནང་ཆོས་ཀྱི་སྙིང་པོ་ལ་དོགས་སློང་མི་དགོས་ཀྱང༌། ལེགས་པའི་ཆ་གང་ཡིན་ཡང་དུས་བསྟུན་གྱི་འཕེལ་རྒྱས་ཀྱི་ཐབས་ལམ་ཉམས་པའི་རྐྱེན་གྱིས་ཉམས་དམས་སུ་ཕྱོགས་འགྲོ་བ་ནི་སུས་ཀྱང་ངོས་ལེན་དགོས་པའི་དོན་དངོས་ཡིན། དུས་ཚོད་ངེས་ཅན་ནང་རྒྱལ་པོ་སྲོང་བཙན་གྱིས་ནང་ཆོས་དར་སྤེལ་གྱིས་བོད་པའི་སྤྱི་ཚོགས་སུ་དོན་དམ་གྱི་ནང་ཆོས་ཉམས་ལེན་ཡོད་ན་དེས་ཕན་བདེ་བསྐྲུན་ཐུབ་པ་བྱུང་ཡང༌། དེ་རྗེས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ནང་ཆོས་དར་རྒྱས་ཤུགས་ཆེར་སྤེལ་བ་མ་ཟད། དུད་ཚང་བདུན་རེས་རབ་བྱུང་རེ་གསོ་དགོས་པ་དང༌། གལ་ཏེ་མི་མང་གིས་གྲྭ་པར་མིག་ལོག་ལྟ་བ་དང་ཚིག་རྩུབ་སྨྲ་བ་བྱས་ཚེ། མིག་བཏོན་པ་དང་ལྕེ་བྲེགས་པ་སོགས་ཀྱི་ཁྲིམས་ཡིག་ཀྱང་བཟོས་སྐད། དགེ་འདུན་པར་ཆེ་མཐོང་ཚད་བརྒལ་སྤྲད་པར་དེས་རབ་བྱུང་ཚོས་རང་ཆེ་མཐོངགི་ཁེངས་དྲེགས་ཀྱི་སྣང་བ་དགུང་ལ་ཕྱོགས་པ་དང༌། དེ་རྗེས་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐབས་སུ་གོང་གསལ་རྒྱལ་པོ་གཉིས་ལས་ཀྱང་ནང་ཆོས་ལ་ཆེ་མཐོང་སྔོན་ལས་ལྷག་པར་བཏང་བ་རེད། དེ་མིན་དོན་དམ་ནང་ཆོས་ཀྱི་སྙིང་པོར་ཉམས་ལེན་ཡིན་མིན་མ་ལྟོས་པར། མི་རིགས་དར་རྒྱས་ཀྱི་ཕྱོགས་ནས་ཉམས་སོང་བ་མ་ཟད། རབ་བྱུང་གི་སྡེ་ཚོགས་ཇེ་མང་སོང་བའི་རྐྱེན་གྱིས་རང་རིགས་སྲུང་སྐྱོར་གྱི་སྡེ་ཚོགས་གཙོས་རིགས་རྒྱུད་སྐྱེ་འཕེལ་བཅས་སོགས་ལའང་ལྡོག་ཕྱོགས་ཀྱི་སྣེ་འདྲེན་བྱས་སྟབས། དེའང་རྒྱལ་པོ་གླང་དར་མའི་སྐབས་སུ་ནང་ཆོས་འགོག་དགོས་པའི་རྒྱུ་མཚན་གྱི་ཕྱོགས་གཞན་ཞིག་ཀྱང་རེད་སྙམ། དེ་ལྟར་སྐབས་དང་བསྟུན་ནས་རང་རིགས་ཀྱི་ལོ་རྒྱུས་ཐོག་འཇིག་རྟེན་པའི་སྲིད་ཕྱོགས་ཀྱི་ལས་དོན་འགྲུབ་ཕྱིར་ཆོས་ལུགས་འཕཻལ་རྒྱས་གཏོང་ཐབས་དང༌། ཆོས་ཕྱོགས་སུ་ཕན་ནུས་ཐོན་ཕྱིར་སྲིད་ཕྱོགས་ཀྱིས་རམ་འདེགས་ཡོང་ཐབས་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱིས་བོད་མི་རིགས་འདི་སྐྱོང་ཐབས་བྱས་པ་རེད། གླང་དར་མ་བཀྲོངས་དོན་ཡང་ནང་ཆོས་ལ་ཐུག་ཅིང༌། དེ་རྗེས་བོད་སིལ་བུར་ཐོར་རིང་ལའང་ནང་ཆོས་ཤུགས་ཆེན་དར་སོང་བ་ལས༌། བོད་གཅིག་གྱུར་གྱིས་ཆབ་འབངས་འཚོ་བའི་སྲིད་སྐྱོང་མ་བྱུང་བ་སོགས་ཀྱི་གནད་དོན་ཤིན་ཏུ་མང༌། འོན་ཀྱང་དེང་གི་དུས་སུ་བོད་ལ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ལས་གྲགས་པ་ཆེ་བའི་ཆོས་སྲིད་ཕྱོགས་གཉིས་ཀྱི་དབུ་ཁྲིད་མེད་ནའང་རྒྱལ་བ་དོན་གྱི་བདག་པོ་ཁོང་གིས་ཆོས་སྲིད་ཟུང་འབྲེལ་གྱི་གནས་སྟངས་དུས་ཚོད་དང་འཚམ་པོ་མེད་པར་དགོངས་ནས་ད་ལྟའི་ཆར་ཕྱེད་བགྲེས་ཡོལ་གྱི་གནས་སྟངས་སུ་བཞུགས་ཡོད་པ་དང༌། མ་འོངས་བོད་ཀྱི་བདེན་མཐའ་གསལ་བའི་དུས་སུ་ཆབ་སྲིད་ཀྱི་གོ་དབང་ནས་ཕྱི་འཐེན་གཙང་མ་གནང་གི་ཡིན་ལུགས་ཀྱི་འགྲན་བྲལ་གྱི་མཁྱེན་དཔྱོད་ལྡན་པའི་བཀའ་སློབ་ཀྱང་ཕེབས་ཡོད་པ་རེད། ད་ལྟའི་ཆར་ཆོས་སྲིད་ཟུང་འབྲེལ་ནི་དུས་ཚོད་ཡོལ་ཟིན་པའི་ལམ་ལུགས་གཅིག་ཡིན་པ་མ་ཟད། བོད་མི་རིགས་འཕེལ་རྒྱས་འགྲོ་བར་ཕན་མེད་ཀྱི་ལུགས་སྲོལ་རྙིང་པ་ཞིག་ཀྱང་གྱུར་ཟིན་པ་རེད། ཀུན་བཟང་བླ་མའི་ཞལ་ལུང་ལས། ་་་་་་་་་ད་ལྟ་རང་རིགས་རྣམས་ནས་ཆོས་ལ་དཀའ་སྤྱད་དང་སྙིང་རུས་ཅུང་ཟད་ཀྱང་མི་དགོས་པར། འཇིག་རྟེན་ཚེ་འདིའི་བྱ་བ་བསྒྲུབ་པའི་ཞོར་ལ་བདེ་སྐྱིད་སྙན་གསུམ་དང་ལྡན་པའི་ངང་ནས་ཆོས་འགྲུབ་ཏུ་རེ། གཞན་ལ་ཡང་དེ་ལྟར་ཡོད་པར་རློམ་ནས་དེ་བླ་མ་བཟང་པོ་ཞིག་ཆོས་འཇིག་རྟེན་གཉིས་ཀ་འཛོམས་ཡོད་ཟེར་ཏེ། ཆོས་འཇིག་རྟེན་གཉིས་ཀ་འཛོམ་ཐབས་ག་ལ་ཡོད། ཆོས་འཇིག་རྟེན་གཉིས་ཀ་འཛོམ་པར་རློམ་པ་དེ་ལ། འཇིག་རྟེན་བཟང་པོ་རེ་འཛོམ་ཡོད་ཤས་ཆེ་མ་གཏོགས་ཆོས་ཡང་དག་པ་དེ་མེད་ཐག་ཆོད། ཆོས་དང་འཇིག་རྟེན་གཉིས་ཀ་མཉམ་དུ་བསྒྲུབ་པར་རློམ་པ་དེ། ཁབ་རྩེ་གཉིས་ཀྱིས་བཟོ་དྲུབ་པ་དང༌། མེ་ཆུ་གཉིས་སྣོད་གཅིག་ཏུ་འཇོག་པ་དང༌། རྟ་གཉིས་ཁ་ཡར་མར་དུ་བསྐོར་ནས་མཉམ་དུ་ཞོན་ནས་འགྲོ་བར་རློམ་པ་དང་འདྲ་སྟེ་འགྲུབ་ཐབས་གཏན་ནས་མེད་་་་་་་་་བཅས་སོགས་གསུང་བ་དང་མཚུངས་ཏེ། འཇིག་རྟེན་པའི་ཆབ་སྲིད་ནི་རང་ཕྱོགས་ཀྱི་བྱ་བ་འགྲུབ་ཐབས་སུ་ངེས་པར་དུ་གཙིགས་འཛིན་གྱིས་བསྒྲུབ་དགོས་པའི་ཐབས་ལམ་ཞིག་ཡིན་དགོས་ཤིང༌། ཆོས་བྱེད་པ་ནི་འཇིག་རྟེན་པའི་ཟང་ཟིང་དོར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབད་དགོས་པའམ་གཙོ་ཆེ་བ་ནི་གཞན་ཕན་གྱི་སེམས་བློ་རུ་འཛིན་དགོས་པ་ཡིན་དུས་ཆོས་སྲིད་ཕྱོགས་གཉིས་ཀ་ཟུང་འབྲེལ་ཟེར་བ་དེ་ནས་ཆོས་སྲིད་གཉིས་ཀ་ལེགས་འགྲུབ་ཡོང་ཐབས་མེད་པ་རེད།  དེ་མིན་ཆོས་ཕྱོགས་ཀྱི་ལེགས་ཆ་ཁོ་ནར་མིན་པར་འཇིག་རྟེན་པས་བྱ་བ་བཟང་པོར་འཇུག་ཐབས་སུ་ལེགས་པོའི་བསམ་བློའི་ཐབས་ལམ་གིས་ནུས་ལྡན་གྱིས་ཕན་རོགས་སྣ་མང་འབྱུང་བཞིན་ཡོད་པ་རེད། ད་ནས་བཟུང་ང་ཚོས་ངེས་པར་དུ་ཆོས་སྲིད་གཉིས་གཙང་ཡོང་ཐབས་ཀྱི་བློ་གྲོས་ཆེར་བསྐྱེད་དགོས་པའི་དུས་ལ་སླེབས་ཡོད་དོ།

གཉིས་པ། ད་ལྟའི་བོད་གཞིས་བྱེས་གཉིས་ཀྱི་དངོས་ཡོད་གནས་སྟངས།

༡། བོད་ནང་མངོན་ཚན་ཅན་གྱི་གནས་སྟངས་འགའ།

ད་ཆ་བོད་ནང་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་མི་རྣམས་ལ་འདོད་ཡོན་གྱིས་བསླུ་བྲིད་སྣ་ཚོགས་ཕོག་བཞིན་པ་མ་ཟད། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱིས་མི་རྣམས་ཀྱི་འཚོ་བའི་ཐད་ཁེ་སང་ཡང་ངེས་ཅན་རག་ཐུབ་པའི་དངོས་ཡོད་གནས་སྟངས་ལ་བརྟེན་ནས། རྒྱུ་ནོར་དཔལ་འབྱོར་ལ་ཧུར་ཐག་འབད་ཐག་བརྩོན་ལེན་བྱེད་པ་དུས་མཚུངས་སུ་འགྲོ་བ་མིའི་རིགས་ལ་གཞན་ཡང་བསམ་པའི་དཔལ་ཡོན་གྱི་སྙིང་དོན་དགོས་ངེས་ཀྱི་ཕྱོགས་ལ་ཉིན་རེ་བཞིན་སྣང་མེད་འགྲོ་བཞིན་ཕྱོགས་ལྷུང་ཆེན་པོས་མི་རྣམས་ཆོས་ཕྱོགས་ཀྱི་བཟང་པོའི་དད་འདུན་བོར་བཞིན་པ་རེད། དེའི་རྐྱེན་གྱིས་བོད་ནང་ཞིང་འབྲོག་ཁུལ་གཙོས། གཞན་རང་ཚུགས་ཅན་གྱི་ཆོས་ཕྱོགས་མི་སྣ་དང་སྡེ་ཚོགས་ནས་ཆོས་ཀྱི་སྙིང་པོ་ལག་བསྟར་དང་ནང་པའི་ཆོ་ག་ཕྱག་ལེན་སོགས་དཀའ་སྤྱད་འབད་བརྩོན་འོག་འགྲོ་བཞིན་པ་ཡིན་ཡང༌། ད་དུང་ཕྱོགས་མང་ནས་དཔལ་འབྱོར་གྱི་ལོངས་སྤྱོད་ཁོ་ནར་རེ་བ་ལས། བསམ་པའི་དོན་ལྡན་གྱི་བཟང་ཕྱོགས་ཉིན་རེ་ནས་ཉེན་འཚབ་ཆེ་རུ་འགྲོ་བཞིན་པ་ཡིན། འོན་ཀྱང་ང་ཚོས་རྒྱ་ནག་གི་དཔལ་འབྱོར་དར་སྤེལ་གཏོང་བའི་གོ་རིམ་དེ་དོན་དམ་གྱིས་ངན་པའི་ཕྱོགས་ཀྱི་འགྲན་རྩོད་དང་ངར་ཤུགས་ལ་བརྟེན་ནས་བྱུང་བར་ལེགས་སོའི་ངོས་ལེན་མེད་ཀྱང༌། དུས་མཚུངས་སུ་དཔལ་འབྱོར་དར་སྤེལ་གཏོང་བ་དེས་མིའི་རིགས་ལ་ཕྱོགས་མང་ནས་ཕན་བདེ་ངེས་ཅན་བསྐྲུན་ཡོད་པ་དེ་ལའང་ངེས་པར་དུ་ངོས་ལེན་བྱེད་དགོས་ཀྱི་རེད། དེར་བརྟེན། བོད་ནང་གི་གྲོང་ཁྱེར་ཁག་གཙོས་པའི་ས་ཁུལ་མང་དག་ཅིག་ལ་དཔལ་འབྱོར་དར་སྤེལ་གྱི་ཁེ་སང་རག་བཞིན་པ་ཡིན་ཡང༌། ང་ཚོས་བོད་ནང་མངོན་གསལ་དོད་པོས་མཐོང་ཐུབ་པ་ནི་སྤྱི་ཚོགས་གང་སར་བསམ་བློའི་ཀུན་སྤྱོད་ཀྱི་ཆ་ནས་ཇེ་ལོད་དུ་འགྲོ་བཞིན་ཆོས་ཀྱི་དད་འདུན་ཕྱོགས་ཀྱི་ཕུན་ཚོགས་བོར་བཞིན་འདོད་རྔམ་ཁོ་ནས་སྣེ་ཤེན་བྱས་པའི་འཇིག་རྟེན་པའི་སྡེ་ཚོགས་ནི་དོན་དམ་སྡུག་བསྔལ་གྱི་ཟམ་མི་ཆད་པའི་ཁོར་ཡུག་ཅིག་ཏུ་ལྷུང་ཡོད་པར་ཤེས།

༢། བཙན་བྱོལ་སྤྱི་ཚོགས་ནང་གི་གནས་སྟངས།

འོན་ཀྱང་བོད་ནང་གི་གནས་སྟངས་ལས་ལྡོག་སྟེ་བཙན་བྱོལ་སྤྱི་ཚོགས་སུ་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་དར་བཞིན་པ་མ་ཟད། ྋགོང་ས་རྒྱལ་བ་རིན་པོ་ཆེ་དབུས་པའི་ནང་པའི་ཆོས་རྒྱུད་ཁག་གི་སྐྱེས་རབ་ཚོས་འབད་བརྩོན་ལྷོད་པ་མེད་པའི་མཛད་བཟང་ལ་གཙོ་བོར་བརྟེན་ནས། ནང་ཆོས་ཀྱི་སྙིང་པོ་དེ་དག་ཀྱང་ནུབ་ཕྱོགས་གླིང་གི་ཡུལ་གྲུ་གང་སར་དར་སྤེལ་གཏོང་བཞིན་པ་དང༌། དེ་མིན་རབ་བྱུང་གི་སྡེ་ཚོགས་རྣམས་ཀྱང་གདན་སའི་ཁག་ཏུ་ནང་ཆོས་འཆད་རྩོད་རྩོམ་གསུམ་གྱི་གོ་རིམ་ལེགས་པོ་ཚུགས་ཡོད་པ་རེད། འོན་ཀྱང་དུས་མཚུངས་སུ་སྤྱི་ཚོགས་སུ་ད་དུང་ཡང་ཆོས་མིན་རྨོངས་དད་ཀྱི་ཆ་གང་མང་ཡོད་བཞིན་པ་ལྟར་འཇིག་རྟེན་པའི་སྡེ་ཚོགས་ནས་དགོས་ངེས་ཀྱི་ལུགས་མཐུན་གྱི་འགྲན་རྩོད་ཀྱི་ལམ་ནས་དར་སྤེལ་གཏོང་དགོས་པའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཡར་རྒྱས་གཏོང་ཕྱོགས་སྐོར་གཞན་མང་པོའི་ཆ་ནས་མིའི་རྗེས་སུ་ལུས་ཡོད་པར་ངེས་པར་དུ་ངོས་ལེན་བྱེད་དགོས༌། དེ་བཞིན་སྐྱ་བོའི་སྡེ་ཚོགས་སུའང་ཆོས་མིན་རྨོངས་དད་ཀྱི་བཤད་གླེང་དར་བཞིན་རང་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་གཏོང་བར་འགོག་རྐྱེན་ཆེན་པོ་འཕྲད་བཞིན་པ་དཔེ་མཚོན་ཆུང་ཆུང་ཞིག་གིས་འགྲེལ་ན། ཚོང་ལས་སམ་ཁེ་ལས་བ་ཞིག་གིས་རང་ངོས་ཀྱི་འབད་འབུངས་ལ་བརྟེན་ནས་རང་སྒེར་གྱི་ཁྱིམ་གཞིའི་ཕྱིའི་དཔལ་འབྱོར་གྱི་ཆ་རྐྱེན་ཡར་རྒྱས་གཏོང་ནས་ནང་མི་ཡོངས་ལ་ཕན་ཡོན་ཐོན་ཡོད་པ་དུས་མཚུངས་སུ་སྤྱི་ཚོགས་ཞབས་ཞུ་ལའང་ངེས་ལྡན་གྱི་ཕན་ཐོག་ཆེན་པོ་ཐོན་བཞིན་པ་ཡིན་ཡང༌། མི་མང་པོས་དཔལ་འབྱོར་གྱིས་མིའི་རིགས་ལ་ཕན་བདེ་སྐྲུན་བཞིན་པར་ལོག་ལྟ་ལྟ་བུས་དེར་གཟེངས་བསྟོད་ཀྱིས་དེ་ནི་བཟང་པོའི་བྱ་བར་མངོན་གསལ་དོད་པོས་ངོས་ལེན་བྱེད་ཀྱི་མེད་པ་བཞིན་རེད། འོན་ཀྱང་དོན་དམ་དུ་སྔར་ནས་ད་བར་གང་ཟག་གིས་འབད་བརྩོན་གྱི་ཚད་གཞིར་བརྟེན་ནས་ཡོངས་རྫོགས་དེའི་རྗེས་སུ་འབྲངས་བཞིན་པ་ཡིན། དེར་བརྟེན། བཙན་བྱོལ་ཡུལ་དུ་ནང་ཆོས་ཀྱི་སྙིང་པོ་སྦྱོང་བརྩོན་བྱ་ཡུལ་འཐུས་ཚང་ཡོད་ཀྱང་དམངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སོགས་ཕྱིའི་དཔལ་ཡོན་ཐད་ད་དུང་ཡང་མང་པོ་ཞིག་གཞན་བརྟེན་གྱི་དོ་ར་ནས་ཐར་ཐབས་མ་བྱུང་བ་མ་ཟད། རང་རྐྱ་འཕེལ་ཐབས་ལ་བསམ་བློ་ཙམ་ཡང་མི་བསྐོར་བ་གཞན་གྱི་རོགས་དངུལ་སྤྱོད་པར་ངོ་གནོང་དགོས་པ་རེད་བསམ་པ་ཙམ་ཡང་མེད་ཅིང༌། སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ཀྱི་ཁྲིམས་སྒོ་དོ་དམ་འོག་འཇིག་རྟེན་པར་མཁོ་ངེས་ཀྱི་འབུངས་བའི་ཧུར་སེམས་ཉམས་བཞིན་རྨོངས་དད་ལྟ་བུའི་སྐྱ་མིན་སེར་མིན་གྱི་བྱེད་སྒོ་མང་བའི་ཐོག་དོན་དངོས་མི་སེམས་ལ་སྒྱིད་ལུག་གི་རྣམ་པ་གསལ་བ་དེ་ནི་སྤྱི་མཚུངས་ཀྱི་ཞེན་ཆའམ་ཕྱོགས་ལྷུང་གི་གནས་སྟངས་ཀྱང་རེད།

༣། གཞིས་བྱེས་གཉིས་དབར་དཔྱད་བསྡུར་རགས་ཟིན།

གོང་གསལ་གཞིས་བྱེས་གཉིས་སུ་མངོན་ཚན་ཆེ་བའི་གནས་སྟངས་ཕྱོགས་གཉིས་ལ་ཕྱིའི་ཁོར་ཡུག་གྱི་ཆ་ནས་དང༌། གཞན་ནང་གི་དཀའ་ངལ་གྱི་གནད་དོན་སོགས་ཡོད་ངེས་ཀྱང༌། བོད་གཞིས་སུ་ཆོས་ཕྱོགས་ཀྱི་དད་འདུན་ལ་རྡོག་རོལ་གཏོང་བའི་གནས་སྟངས་དེའི་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པར་བརྟེན་ནས་བྱེས་འབྱོར་བོད་མི་ཚོས་ཐེངས་མང་གཞིས་ལུས་སྤུན་ཟླའི་ཆོས་མེད་ཀླ་ཀློའི་སྤྱི་ཚོགས་གང་སར་གྱི་གནས་སྟངས་སྐྱུར་མོ་མཐོང་སྟབས། ཡུལ་གྱར་གནས་སྡོད་རང་ཕྱོགས་ཀྱི་སྤྱི་ཚོགས་འཛུག་སྐྲུན་ཐད་ཀྱི་ཞེན་ཆ་ལ་ལྷོད་གཡེང་ཤོར་ནས་ཆོས་ཕྱོགས་ཀྱི་འབད་འབུངས་ཤུགས་ཆེར་བརྩོན་པ་དང༌། ཡང་ན་བོད་ནང་དུ་མཚོན་ན་ཆོས་ཕྱོགས་ཀྱི་དད་འདུན་མེད་པའི་རྐྱེན་གྱིས་མི་རྣམས་ངན་སྤྱོད་ཀྱི་སྤྱི་ཚོགས་སུ་སེམས་ཀྱི་གཏིང་དུ་སྡུག་བསྔལ་མྱོང་བཞིན་པ་བདེན་ནའང༌། དུས་མཚུངས་སུ་མང་པོའི་སེམས་ནང་ཕྱིའི་དཔལ་འབྱོར་གྱི་ཁེ་ཕན་ལ་གོ་མེད་ཚོར་མེད་ལྟར་གྱུར་བཞིན་པ་ཡིན་ལ། དེ་ནི་མུན་ནག་ཏུ་གནས་པའི་གང་ཟག་གིས་དུས་དང་རྣམ་པ་ཀུན་དུ་འོད་སྣང་ལ་རེ་འདུན་བཅངས་བཞིན་པ་དང༌། འོད་ཀྱི་ཁྲོད་ནས་ཁ་གྱེས་མྱོང་མེད་པའི་མི་རྣམས་ཀྱིས་མུན་ནག་གི་གནས་སྟངས་མི་རྟོགས་པ་ཡིན་ངེས་དང༌། ད་དུང་ཚ་བར་མ་བཟོད་པའི་མིས་བསིལ་ཆབ་ལ་རེ་འདུན་ཆེ་ཞིང༌། གྲང་ངར་གྱིས་བཙིར་བཞིན་པའི་གང་ཟག་གིས་དྲོད་ལ་རེ་བ་ཧ་ཅང་ཆེ་བ་ཇི་བཞིན་དོན་དངོས་ཕན་ཚུན་དབར་དགོས་ངེས་ཀྱི་དཔྱད་བསྡུར་གྱིས་རྟོགས་ཐུབ་པ་ཡིན། དེར་བརྟེན། གཞིས་བྱེས་ཕྱོགས་གཉིས་ཀྱི་ད་ལྟའི་གནས་སྟངས་དངོས་ལ་བལྟས་ཚེ། གཞིས་སུ་ཆོས་ཕྱོགས་སོགས་བསམ་པའི་བཟང་ཕྱོགས་ཀྱི་དད་འདུན་ཆེས་དབེན་པའི་རྐྱེན་གྱིས་མི་རྣམས་ཀྱི་ཆོས་མེད་ཀླ་ཀློའི་སྡུག་བསྔལ་མྱོང་བཞིན་པ་དང༌། བྱེས་སུ་དོན་དམ་དུ་ཚད་ལྡན་གྱི་གནས་སྟངས་ཡིན་མིན་གང་ལྟར་ཡང་ཆོས་ཕྱོགས་ལ་དོ་སྣང་ཆེ་བའི་རྐྱེན་གྱིས་འཇིག་རྟེན་པའི་སྡེ་ཚོགས་འཕེལ་རྒྱས་གཏོང་ཐབས་སུ་རྗེས་ལུས་ཀྱི་རྣམ་པ་ཧ་ཅང་གསལ་བ་དཔེར་ན། ཡུལ་གྱར་དུ་བགྲང་བྱ་ལྔ་བཅུ་ལྷག་ཕྱིན་ཚར་བ་ཡིན་ཡང༌། ཆེད་ལས་མི་སྣ་ཉུང་བའི་ཐོག་དེ་དག་ནང་ཆོས་མིན་པའི་ཆེད་ལས་ཀྱི་སློབ་གཉེར་ཐོན་ཐུབ་པ་ཉུང་ཤོས་བྱུང་ཡང༌། ལས་སྒོར་བཞུགས་པའི་ཁོར་ཡུག་མེད་པ་ལྟར་ཡིན་གྱི། དཔེར་ན་ཚན་རིག་ཆེད་ལས་ཐོན་མཁན་ཞིག་ཡིན་ན་སླར་ཡང་དགེ་རྒན་ལྟར་ལས་སྒོར་འཇུག་པ་ཙམ་ལས་ཚན་རིག་ཚོད་ལྟ་སོགས་ཀྱི་མཐུན་རྐྱེན་འཐུས་ཚང་དངོས་སུ་ཡོང་ཐབས་མེད་ཅིང༌། རང་གཞུང་ཁྱབ་ཁོངས་འོག་ཏུ་དེ་འབྲེལ་གྱི་ལས་འཇུག་གི་ཁོར་ཡུག་མེད་རྐྱེན་རང་རིགས་འདུ་ཚོགས་ཀྱི་ས་ནས་ཁ་གྱེས་དགོས་བྱུང་བ་རེད།

གསུམ་པ། ནང་ཆོས་གཙང་དག་ཡོང་ཐབས་འགའ།

༡། ཆོས་རིག་ལས་ཁུངས་ཁྲིམས་སྒོ་རང་དབང་གི་སྡེ་ཚན་ཞིག་ཏུ་བསྒྱུར་ཐབས།

ཁྲིམས་སྒོ་རང་དབང་ཟེར་བ་འདི་གཙོ་བོར་ཆོས་པའི་སྡེ་ཡིས་ཆོས་ཕྱོགས་དང་འབྲེལ་བའི་བྱ་བ་ཡོངས་ལ་གྲོས་བསྡུར་དང་ཐགཅོད་ཡོང་རྒྱུ་དང༌། འཇིག་རྟེན་པའི་སྡེ་ཚོགས་ནས་རྒྱུས་མེད་ཇུས་རྟོགས་མི་ཡོང་བའི་ཆེད་དུ་ཡིན་པ་ལས་རང་གཞུང་སྤྱིའི་སྒྲིག་འཛུགས་འོག་ཏུ་མེད་པའི་དོན་མ་ཡིན། འོན་ཀྱང་ནང་ཆོས་ནི་རང་མི་རིགས་ཀྱི་མངོན་ཚན་ཆེ་བའི་བཟང་པོའི་ཁྱད་ཡོན་ཞིག་ཡིན་ཕྱིན། ཆོས་ཕྱོགས་ཀྱི་གནད་དོན་ཡོངས་ཆོས་རྒྱུད་ཁག་རང་ངོས་ནས་ཐགཅོད་བྱ་བར་གོ་དགོས། དེའང་ད་ཆ་བོད་མི་རིགས་ལ་ཀུན་འབྱུང་རིལ་བུ་ལྟར་གྱུར་ཟིན་པ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདིའི་དོན་སྙིང་ཡིན་སྟབས༌། དེར་བགྲང་བྱའི་ཚད་བཀག་ཡོད་པའི་སྒོ་ནས་བསྟུན་མཁས་མི་བྱ་ཁག་མེད་ཀྱང་ཡིན། དེ་མིན་གཞན་ཡང་ནང་ཆོས་གཅེས་ཉར་ཡོང་བར་རྒྱལ་སྤྱིའི་རིག་དངོས་སྲུང་སྐྱོར་ཆེད་ལས་སྡེ་ཚན་གྱིས་ཐད་ཀར་སྲུང་སྐྱོར་ཡོང་ཐབས་སུ་དཔེར་ན་འཛམ་གླིང་གང་གི་གནའ་ཤུལ་ལྟ་བུ་ཞིག་རྒྱལ་སྤྱིའི་རིག་དངོས་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སུ་ཚུད་རྗེས་ས་གནས་རང་གི་རྒྱལ་ཁབ་དང་སྲིད་གཞུང་གི་དབང་འཛིན་པའམ་གཞན་གང་རུང་ཕྱོགས་ནས་དེར་གང་བྱུང་བཅོས་བསྒྱུར་དང་གཏོར་བཅོམས་གཏོང་མི་ཆོག་པར་འབྲེལ་ཡོད་ནས་སྟངས་འཛིན་ངེས་ཅན་ཡོད་པ་ལྟར་ཡིན། ནང་ཆོས་སྲུང་སྐྱོར་ཐད་རྒྱལ་སྤྱིའི་འབྲེལ་ཡོད་སྡེ་ཚན་དང་སྟོབས་ལྡན་རྒྱལ་ཁབ་ཚོའི་སྲུང་སྐྱོར་གྱི་ཁྱབ་ཁོངས་སུ་དངོས་སུ་བཙུད་ཐུབ་པར་འབྱུང་བའི་ཐོག རང་རིགས་ཆོས་པའི་སྡེ་ཚོགས་ཀྱིས་ཆོས་རིག་སྲུང་སྐྱོར་ཐད་ནུས་ལྡན་གྱིས་རྒྱ་བསྐྱེད་གཏོང་ཐབས་སུ་འབད་བརྩོན་བྱ་ན་སངས་རྒྱས་པའི་ཆོས་ལུགས་འཇིག་རྟེན་འདིར་ཡུན་གནས་ཀྱིས་འགྲོ་བའི་བདེ་དོན་ལ་ཕན་ནུས་སྔར་བའི་ཆེ་བར་ཐོན་ཐུབ་པ་ཡིན།

གཞན་ཡང་ཆོས་ཕྱོགས་ཀྱི་སྡེ་ཚོགས་ནས་ཆོས་སྒོའི་འདུ་ཁྲིམས་གཙང་དག་ཕྱག་ལེན་ཡོད་པའི་རྨང་གཞིའི་འགན་སྲུང་འོག་སོ་སོའི་ཕྱོགས་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་དང་ནང་ཆོས་དར་སྤེལ་དང་རྒྱ་བསྐྱེད། བསླབ་པ་སློབ་གཉེར་དང་དངོས་སུ་ཉམས་ལེན་བཅས་ལ་འབད་འབུངས་ཧུར་བསྐྱེད་དགོས་ངེས་ཀྱང་ཛ་དྲག་གི་གནས་སྟངས་ཕུད་རབ་བྱུང་ཚོས་ཆོས་ཕྱོགས་ཀྱི་ཕྱག་ལེན་ལས་འཇིག་རྟེན་པའི་ཆབ་སྲིད་ཀྱི་བྱ་བར་འཇུག་མི་དགོས༌། ཆོས་ཕྱོགས་ཀྱི་གནད་དོན་གཙང་མ་འགྱུར་ཐབས་དེ་ནི་དུས་མཚུངས་སུ་འཇིག་རྟེན་པའི་སྡེ་ཚོགས་ནས་སོ་སོའི་བྱ་བར་འབད་ཐབས་སུ་ནུས་ལྡན་གྱིས་བསྐུལ་མ་སྟེར་བ་ཡིན་སྟབས་དེའི་བྱས་རྗེས་ནི་བསུབ་དུ་མེད་པ་ཞིག་རེད།

༢། དགའ་ལྡན་ཁྲི་པ་ལྟ་བུའི་ནང་པའི་སྐྱེས་ཆེན་དམ་པས་ཆོས་རིག་ལས་ཁུངས་ཀྱི་དབུ་ཁྲིད་གནང་རྒྱུ།

དེ་སྔོན་ང་ཚོས་ཆོས་ཕྱོགས་ཀྱི་གནད་དོན་ཡིན་ན་ངེས་པར་དུ་ྋགོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་ལ་རེ་སྒུག་དང༌། ཡང་ན་དེ་སྔོན་སྐྱ་སེར་གཉིས་ཀྱི་ཆོས་རིགས་འགན་གཙོ་ཚོས་དེ་འབྲེལ་གྱིས་རྟོག་དཔྱོད་འོག་ཐགཅོད་ཡོང་ཐབས་ལས། གཞན་ཡང་ཆོས་ཀྱི་སྙིང་པོར་རྟོགས་དཔྱོད་ཀྱི་གཏིང་མཐའ་ཟབ་ཅིང་ཚད་མཐོའི་མཁྱེན་དཔྱོད་མངའ་བའི་གདན་ས་ཁག་གི་དགའ་ལྡན་ཁྲི་པ་དང༌། ས་སྐྱ་དང་སྙིང་མ། བཀའ་རྒྱུད་དང་བོན་ཆོས། དེ་བཞིན་ཇོ་ནང་བཅས་སོགས་ཆོས་རྒྱུད་གཞན་ཚོའི་སྐྱེས་ཆེན་དམ་པ་ཚོས་ཀྱང་དམངས་གཙོའི་འགྲོ་ལུགས་ལྟར་ཆོས་རྒྱུད་ཁག་མཉམ་རུབ་ཀྱིས་ནུས་པ་བཏོན་ཐབས་ཤིན་ཏུ་དབེན་པ་ལྟར་ཡིན་གྱི། ཆོས་ཕྱོགས་ཀྱི་གནད་དོན་འབྱུང་སྐབས་ཆོས་པའི་སྡེ་ཚོགས་སུ་བསྐུལ་འོས་ཀྱི་དབུ་ཁྲིད་གཞན་ཚོས་ཀྱང་རང་ཕྱོགས་ཀྱི་བློ་གྲོས་དང་འཇོན་ནུས་བཏོན་ནས་ཐགཅོད་ཀྱི་གྲོས་འགོ་བཏོན་ཐབས་ཀྱང་ཡོང་ཐུབ་རྒྱུ་རེད།

དེ་མིན་བྱ་ཐབས་འདིས་ཐད་ཀར་ད་ལྟའི་ཆར་བོད་རྒྱུད་ནང་བསྟན་དུ་ཡང་སྲིད་ངོས་འཛིན་གྱི་འགྲོ་ལུགས་དེ་ཆབ་སྲིད་སྡེ་ཚོགས་ནས་བཙན་པོ་དབང་ཡོད་ཀྱིས་འདི་ཡིན་དེ་མིན་གྱི་ལོག་སྤྱོད་སྤེལ་བར་ནུས་ལྡན་གྱིས་ཁ་གཏད་དུ་འགྲེང་ཐུབ་པ་ནི། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཙམ་ལས་ད་ལྟའི་ཆར་རང་རིགས་ཀྱི་ནང་པའི་ཆོས་རྒྱུད་ཁག་གི་སྐྱེས་ཆེན་དམ་པ་མང་ཆེར་བཙན་བྱོལ་ཡུལ་དུ་བཞུགས་ཡོད་སྟབས༌། མ་འོངས་ཆོས་ཕྱོགས་ཀྱི་གནད་དོན་གཞན་ལའང་རྒྱ་གཞུང་ནས་ལོག་བཤད་སྤེལ་ངེས་ལ་རང་ཕྱོགས་ནས་བླ་ཆེན་དམ་པ་ཡོངས་གཅིག་གྱུར་གྱིས་ཆོས་ཕྱོགས་ཀྱི་གནས་ཚུལ་གང་ཡང་རུང་བར་ནུས་ལྡན་གྱིས་འཛམ་གླིང་ཐོག་དུས་བསྟུན་བསྒྲགས་གཏམ་སྤེལ་ཆོག་པའི་དགེ་མཚན་ཅི་བས་ཆེ་བ་ཡོད་པ་དང༌། གཞན་ཤར་ནུབ་ཡུལ་གྲུ་གང་ཡང་རུང་བར་བོད་རྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་དར་བའི་ཆེད་དུ་ཡིན་ཚུལ་གྱི་གཞུང་སྒེར་ཚོགས་པ་སྣ་ཚོགས་དུས་བབ་གནས་སྟངས་ལ་བསྟུན་སྟེ་དབྱར་གཞུང་གི་ཤ་མོང་ལྡོལ་བ་བཞིན་འཕེལ་ངེས་ཚོས་ནས་ཀྱང་ཆོས་མིན་ཚུལ་ཆོས་ཀྱི་བྱ་བ་གང་སྤེལ་ངེས་ཆ་མེད་པ་ནི་དེང་གི་ཆར་གཞས་མ་དབྱངས་ཅན་ལྷ་མོས་ཨ་རིར་བོད་ཀྱི་རིག་གཞུང་དར་ཆེད་ཡིན་སྐོར་བརྗོད་དེ་ཆོས་ཚོགས་གསར་འཛུགས་བྱས་པ་ལྟར་རེད། གནས་སྟངས་དེས་སྤྱི་ཚོགས་གང་སར་ཤུགས་རྐྱེན་ཆེན་པོའང་བཟོ་མི་ཐུབ་པ་མིན་པས་བསམ་བློ་སྔོན་དུ་བཏང་ན་མཁས་པ་ཡིན་ཟེར་བ་ལྟར་ནང་པའི་སྐྱེས་ཆེན་དམ་པ་ཚོས་ངེས་པར་དུ་འདུ་ཁྲིམས་གཙང་དག་སྒོ་ནས་ནང་པའི་གནད་དོན་རང་ངོས་ནས་ཐགཅོད་ཡོང་ཐབས་ལ་ཅི་ནས་ཀྱང་གཅིག་གྱུར་ཡོང་ཐབས་ཕྱོགས་ལ་དགོངས་པ་རྒྱ་ཆེར་བཞེས་དགོས་ཀྱི་རེད།

༣། བཙུན་པའི་སྡེ་དང་ཆོས་རྒྱུད་ཁག་གི་གནད་དོན་ཡོངས་རང་ངོས་ནས་ཐག་གཅོད་གནང་རྒྱུ།

གོང་གསལ་ལྟར་ཆོས་རྒྱུད་ཁག་གི་སྐྱེས་རབ་ཚོས་ཕྱོགས་གཅིག་ཏུ་འདུས་ནས་མ་འོངས་ནང་པའི་ཆོས་ཕྱོགས་ཀྱི་གནད་དོན་ནུས་ཤུགས་ཆེན་པོས་ཐགཅོད་ཡོང་ཐུབ་ཐབས་དགོས་པ་དང༌། འདི་ལྟར་ཆོས་ཕྱོགས་གང་སའི་དབུ་ཁྲིད་གཙོ་འགན་བའི་འདུས་སྡེ་ཞིག་གྱུར་རྗེས། སླར་དེ་དག་གི་ནང་ནས་ཆོས་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཅིག་འབྱུང་ཐུབ་ན་མ་འོངས་པར་དེ་ལ་བཙུན་པའི་སྡེ་ཚོགས་ཚང་མས་བརྩི་བཀུར་དང་དད་འདུན་གཙོས་པའི་གོང་བཀུར་གྱི་ལམ་ལུགས་བཟང་པོ་ཆགས་ཐུབ་ལ། དེའང་ྋགོང་ས་རྒྱལ་བ་རིན་པོ་ཆེའི་དེ་སྔོན་གསུངས་མྱོང་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དམ་ཁོང་གི་མ་འོངས་ཆོས་ཕྱོགས་ཀྱི་ཡང་སྲིད་ཅིག་ཏུ་བགྲང་འོས་པའི་ྋགོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་རིན་བྲལ་གྱི་ཕྱག་རྗེས་བཟང་པོ་དང་གཟེངས་མཐོའི་མཚན་དང་སྙན་གྲགས་ཀྱང་ས་སྟེང་འདི་ནས་ཇི་སྲིད་བར་དུ་གནས་ཐབས་སུ་ཕན་རླབས་ཆེན་པོ་ཡོད་པ་རེད།

༤། རྒྱ་ནག་སྐམ་ས་ཆེན་མོར་ནང་ཆོས་སྤེལ་ཐབས།

ཉེ་སྔོན་རང་ཕྱོགས་ནས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་ཙམ་མཐུད་ཅིང༌། རང་རིགས་ཆཽལ་གསུམ་གཅིག་གྱུར་ངང་དོན་དམ་གྱི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་སྤྲད་ཡོད་པ་རེད། འོན་ཀྱང་བོད་རྒྱ་འབྲེལ་མཐུད་ཐད་རྒྱ་གཞུང་གི་ཆུ་སྣ་གང་འཁྲིད་ཀྱི་གནས་སྟངས་ངན་པ་འོག་ཡོད་པ་དང༌། རང་ཕྱོགས་ནས་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྲིད་རང་སྐྱོང་ཡོང་བར་གོང་གསལ་བསམ་འཆར་བཏོན་ཡོད་ཀྱང༌། དེ་ལ་དུས་ཚོད་ཀྱི་ཚད་བཀག་མེད་ཅིང༌། སྒེར་ཕྱོགས་ཀྱི་ཁེ་ཕན་ཁོ་ནར་བསམ་མཁན་རྒྱ་གཞུང་གིས་གང་ཟེར་ལ་ཉན་དགོས་པའམ་རེ་སྒུག་དགོས་པ་ལྟར་ཡིན་སྟབས། མ་འོངས་པར་རང་ཕྱོགས་ནས་ངེས་པར་དུ་ད་ཡོད་བསམ་འཆར་གྱི་རྨང་གཞིའི་ཐོག་གོམས་གང་མདུན་སྤོས་ཀྱི་བློ་བསྐྱེད་སྤེལ་དགོས་ལ། ད་ཆར་གཙོ་བོ་བོད་དོན་ཆབ་སྲིད་ཀྱི་ངོ་བོ་མཚོན་བྱེད་འབྲེལ་མཐུད་པའི་དམིགས་བསལ་སྐུ་ཚབ་ཡོད་མུས་ཐོག་རྒྱ་ཕྱོགས་སུ་རེ་འདུན་བཏོན་ཏེ་ྋགོང་ས་མཆོག་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོ་རིས་མོས་ཀྱིས་རྒྱ་ནག་གི་ནང་པའི་གདན་ས་ཁག་ཏུ་ཆོས་ཕྱོགས་ཀྱི་མཛད་རིམ་སྤེལ་ཐབས་དང༌། དེ་མིན་འདི་ཕྱོགས་ནི་ཆབ་སྲིད་དང་འབྲེལ་མེད་ཆོས་ཕྱོགས་ཀྱི་བྱ་བ་ཁོ་ནར་ཡིན་ཆོགས་པ་རེད། ཆབ་སྲིད་གནས་སྟངས་ཀྱིས་རྐྱེན་པས་དུས་ཡུན་ཐུང་ནང་བོད་གང་སར་འདི་ཕྱོགས་ནས་ཆོས་སྤེལ་ཐབས་ལ་དཀའ་ངལ་ཡོད་ངེས་ཀྱང༌། དེ་བཞིན་ང་ཚོའི་ཕྱོགས་རབ་བྱུང་གི་སྡེ་ཚོགས་ནས་དགེ་བཤེས་ལྷ་རམས་པ་གཙོས་པའི་ནང་ཆོས་ལ་མཁྱེན་དཔྱོད་ཟབ་པ་ཚོས་དམིགས་བསལ་གྱི་སྡེ་ཚན་ཞིག་གྲུབ་རྗེས་རྒྱ་ནག་གི་ནང་པའི་ཆོས་སྡེ་ཁག་ཏུ་ཆོས་སྦྱིན་དུ་ཕེབས་ཐབས་གནང་དགོས་པའི་རེ་འདུན་བཏོན་དགོས་ལ། ཆོས་མེད་ཀླ་ཀླའི་མི་རྣམས་ལ་རང་རིགས་བཙུན་པ་ཚོས་ནང་པ་སངས་རྒྱས་པའི་སྙིང་པོ་འགྲེལ་ཐུབ་ན་དེ་ནི་སྐོམས་པ་རྒྱུན་རིང་སོང་བའི་ཁུ་བྱུག་གི་ཁའི་ནང་སྲོག་སྐྱབས་བདུད་རྩིའི་སྙིང་པོའི་ཐིགས་པ་གཅིག་སོང་བ་དང་ཅི་ནས་ཀྱང་མཚུངས་སོ། འདི་ཡང་སྤོབས་པ་ཆེན་པོས་མདུན་སྙེག་གི་གོམས་སྟབས་སྤོ་ཐབས་གཅིག་ཡིན་ལ། འདི་བཞིན་ཆབ་སྲིད་ཀྱི་གནད་དོན་གླེང་མེད་སྒོ་ནས་རྒྱ་ནག་ནང་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་རིམ་སྣ་ཚོགས་དར་སྤེལ་གཏོང་བར་ད་དུང་རྒྱལ་སྤྱིའི་ནང་པའི་སྡེ་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཅིག་གྱུར་གྱི་ཆོས་ཕྱོགས་ཀྱི་བྱ་འགུལ་ཐད་ལའང་གང་ཐུབ་ཀྱིས་འཛུལ་བཞུགས་ཐུབ་ཀྱི་རེད། འདིའང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་དམིགས་པའི་ནང་པའི་དོན་སྙིང་ཡིན་ལ། བོད་དོན་བདེན་མཐའ་གསལ་བའི་རྩ་བའི་འགན་སྲུང་ཡང་ཡིན་སྟབས་བློ་ལྡན་དཔྱོད་ཤེས་ཚོས་དགོངས་པ་མང་ཙམ་བཞེས་དགོས་པའི་ཕྱོགས་ཀྱང་ཡིན་ནོ་སྙམ།

༥།ཧི་མ་ལའི་རི་རྒྱུད་ཀྱི་ཆོས་མཐུན་རྣམས་ལ་ནང་ཆོས་དང་རིག་གཞུང་སྤེལ་ཐབས་ཀྱི་ལས་འགུལ་རྒྱ་ཁྱབ་གཏོང་དགོས།

ཉེ་སྔོན་ཙམ་ནས་ྋགོང་ས་རྒྱལ་བ་རིན་པོ་ཆེས་བཀའ་སློབ་ཀྱི་སྣེ་འཁྲིད་འོག་རིགས་མཐུན་ནམ་ཆོས་མཐུན་གྱི་ཧེ་མ་ལའི་རི་རྒྱུད་དུ་གངས་འདབས་ཀྱི་ཡུལ་གྲོང་ཁག་ཏུ་ནང་ཆོས་དང་རིག་གཞུང་སྤེལ་ཐབས་ཀྱི་འགོ་བཙུགས་ཚར་བ་ཡིན་ཡང༌། ད་དུང་ཧེ་མ་ལ་ཡའི་རི་རྒྱུད་ཁག་ཏུ་ནང་ཆོས་སྤེལ་ཐབས་དང༌། དེ་མིན་ས་ཁམས་རང་བྱུང་གི་ཁོར་ཡུག་ཡར་རྒྱས་དང༌། ཤེས་བྱ་ཡོན་ཏན་གཞན་ཡང་སྦྱོང་བརྩོན་ཆོག་པའི་ཁོར་ཡུག་འཐུས་ཚང་མེད་ཅིང༌། ཡུལ་ལུང་ཁོར་ཡུག་གི་འཕྲོད་བསྟེན་དང་འགྲིམ་འགྲུལ་སོགས་ཀྱང་ཧ་ཅང་སྐྱོ་པོ་ཡིན་པ་མིག་ཡོད་ཚད་ཀྱིས་མཐོང་བཞིན་པའི་གནས་སྟངས་རེད། འོན་ཀྱང་གཅིག་མཐུན་གྱི་རིགས་རྒྱུད་འདི་དག་ལ་ཕན་རོགས་དང་ལེགས་པོའི་མཐུན་ཕྱོགས་སྐྲུན་ཐབས་སུ་ཤེས་འཇོན་ཅན་ཚོས་དངོས་སུ་དཔལ་ཡོན་དར་སྤེལ་གྱི་ཕྱོགས་ནས་རྒྱ་བསྐྱེད་མ་ཐུབ་པའི་སྐྱོན་ཆ་ངེས་ཅན་ཡོད་ངེས། དེར་བརྟེན། རང་གཞུང་འོག་གི་སློབ་གསོའི་ཁྱབ་ཁོངས་སུ་རང་གི་སྐད་ཡིག་དང་རིག་གཞུང་སྦྱོང་བརྩོན་གྱི་སྤུས་ཚད་ལྡན་པའི་གཞོན་ནུའི་སྡེ་ཚོགས་དང༌། ནང་པའི་ཆོས་རྒྱུད་ཁག་གི་དགེ་བའི་བཤེས་གཉེན་དམ་པ་ཚོས་ངེས་པར་དུ་རབ་དང་རིམ་པའི་ཐོག་ནས་ཧེ་མ་ལ་ཡའི་རི་རྒྱུད་དུ་ཆོས་མཐུན་གྱི་རང་རིགས་རྣམས་ལ་ནང་ཆོས་ཀྱི་སློབ་གཉེར་འཐུས་ཚང་དང༌། རིག་གཞུང་དར་སྤེལ་གྱི་ལས་འགུལ་གང་མང་སྤེལ་བའི་བྱ་བ་སྣ་ཚོགས་བརྩམས་དགོས་པ་རེད། དཔེར་ན། རང་ཕྱོགས་མི་སྣ་མང་དག་ཅིག་ཡུན་རིང་ཁུལ་དེ་དག་ཏུ་རྒྱུན་རིང་འགྲོ་བསྡོད་དཀའ་ཡང༌། དུས་ཚོད་ངེས་ཅན་ལྟར་བསྒྲིགས་ནས་ཆོས་དང་རིག་གཞུང་དར་སྤེལ་གཏོང་མཁན་དངས་བླངས་བའི་ཆོད་འགན་བཞག་པའི་ཚོགས་སྡེ་ཞིག་གཟུག་ཐབས་ཀྱིས། ཚོགས་སྡེ་དེས་དམིགས་བསལ་ཧེ་མ་ལ་ཡའི་རི་རྒྱུད་དུ་ཆེད་སྤྱོད་ཀྱིས་རང་རིགས་ཀྱི་ཆོས་མཐུན་རྣམས་ལ་ཐབས་ཤེས་ཡོད་རྒུ་བཏོན་ནས་ཕྱོགས་མང་ནས་ལེགས་སྐྱེས་ཕུལ་བའི་ལུགས་སྲོལ་འགོ་བརྩམས་དགོས་པ་རེད།

བཞི་པ། འཇིག་རྟེན་པའི་སྡེ་གཙང་དག་ཡོང་ཐབས་འགའ།

༡། ཁྲིམས་སྒོ་ཁག་ནས་བཟུང་ནང་ཁུལ་དོ་དམ་གྱི་ཁྲིམས་དག་དངོས་སུ་ལག་བསྟར་ཡོང་ཐབས།

སྤྱིར་ན་ད་ལྟའི་ཆར་ང་ཚོ་ཡུལ་གྱར་བོད་མི་རྣམས་གཞན་ཡུལ་དུ་བྱོལ་ནས་བཟུང་རང་གཞུང་གི་བཅའ་ཁྲིམས་དང་རྩ་ཁྲིམས། ཁྲིམས་བཟོ་ལྷན་ཁང་སོགས་ཀྱི་ཁྲིམས་ལུགས་འཛིན་སྐྱོང་སྡེ་ཚན་ཡོད་མུས་ཀྱང༌། ད་དུང་གནས་ཚང་རྒྱལ་ཁབ་ཀྱི་ཕྱིའི་ཆབ་སྲིད་ཀྱི་ཁོར་ཡུག་གིས་རྐྱེན་པས་བཙན་བྱོལ་སྤྱི་ཚོགས་ནི་རྒྱ་གར་གཞུང་དམངས་ལ་བསྟུན་མཁས་མང་དག་དགོས་སྟབས། ཁྲིམས་ལུགས་ཀྱི་དོན་ཚན་ལྟར་རེ་རེ་བཞིན་ལག་བསྟར་དང་དོན་འཁྱོལ་ཡོང་ཐབས་མེད་པ་ནི་དངོས་མཐོང་ལྟར་ཡིན་གྱི། རང་རིགས་ཀྱི་སྤྱི་ཚོགས་སུ་དེ་སྔར་བཞིན་ལྷོད་གཡེང་ངང་བསྡད་ན་ཛ་དྲག་གི་དུས་སུ་འབྱོར་ཚེ་ཁྲིམས་ལུགས་དོ་དམ་དང་སྤྱི་ཚོགས་སྟངས་འཛིན་ནུས་ལྡན་བྱེད་པ་ནི་ཧ་ཅང་དཀའ་ལས་ཁག་པོར་གྱུར་ངེས་ཡིན། དེར་བརྟེན། ཁྲིམས་སྒོ་དོ་དམ་ནན་པོ་ཡོང་ཐབས་སུ་ཁྲིམས་ཆད་དངོས་སུ་བཅད་ཐབས་དཀའ་བར་ཡིན་ཡང༌། སྤྱི་ཚོགས་གང་སར་ཁྲིམས་ཐོག་གི་ཐག་གཅོད་བྱས་པའི་བསྒྲགས་ཡིག་ཤུགས་ཆེར་ཁྱབ་བསྒྲགས་སྤེལ་དགོས་པ་དང༌། དེ་མིན་སྤྱི་ཚོགས་ཟང་ཟིང་ལ་སྟངས་འཛིན་ཡོང་ཐབས་སུ། སྐབས་བབས་སུ་སྤྱི་ཚོགས་གང་སར་ནས་བསམ་བློའི་ཀུན་སྤྱོད་དང་ལུས་གཟུགས་སྦྱོང་བརྡར་གྱི་གོ་རིམ་བརྒྱུད་དེ་མི་གྲངས་བརྒྱ་དང་ལྔ་བརྒྱ་བར་གྱི་སྤྱི་ཚོགས་དོ་དམ་ཚོགས་པ་གཅིག་རང་གཞུངས་བདེ་སྲུང་གི་ཁྱབ་ཁོངས་འོག་ཏུ་ཛ་དྲག་གིས་བཙུགས་ཐུབ་ན་དེས་རང་རིགས་ལས་མེད་རྣམ་གཡེང་རོལ་མཁན་གྱི་སྡེ་ཚོགས་ཉུང་དུ་འགྲོ་རྒྱུ་དང༌། དུས་མཚུངས་སུ་དེ་དག་ནི་རང་རིགས་ཡུལ་གྱར་སྤྱི་ཚོགས་སུ་གཞོན་དར་ཚོས་དམིགས་དཔེར་འོས་པའི་ཚོགས་སྡེ་གཅིག་ཀྱང་འགྱུར་ཐུབ་ལ། འབྱུང་འགྱུར་ནང་ཡུལ་མི་དབར་གྱི་རྩོད་རྙོགས་འདྲའང་འབྱུང་ཚེ། སྤྱི་ཚོགས་བདེ་འཇགས་ཀྱི་དཔུང་སྡེ་དེས་རང་རིགས་ཀྱི་ཁོར་ཡུག་སྲུང་སྐྱོར་ཐུབ་པའི་སྔོན་འགྲོའི་འགན་སྲུང་ཡང་ཡོང་ཐུབ་པ་ཡིན། དེའང་ལུས་རྩལ་འགྲན་རྩོད་སྣ་ཚོགས་དང་སློབ་ཆེན་ཁག་གི་གཞོན་ནུ༌། དེ་མིན་གཞོན་དར་རྣམས་སྤྱི་ཚོགས་གང་སར་ནས་ཡོང་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ལྟར་དགོས་པ་དང༌། སྤྱི་ཚོགས་གང་སར་ལས་མེད་དང་ལྷོད་བསྡོད་བྱེད་མཁན་གྱི་ཚོགས་མི་ཉུང་དུ་འགྲོ་རྒྱུར་ཕན་ནུས་ཐོན་ཐུབ་པའི་ཐོག ཡུལ་གྱར་སྤྱི་ཚོགས་གང་སར་ལུས་སྦྱོང་དང་གཟུགས་པོའི་འཕྲོད་བསྟེན་གྱི་དར་སྲོལ་ཞིག་ཀྱང་འགྱུར་ཐུབ་པའི་དགེ་མཚན་ཆེ། གོང་གསལ་གྱི་སྤྱི་ཚོགས་བདེ་འཇགས་ཚོགས་པ་གསར་འཛུགས་དེ་ནི་ད་ལྟའི་རང་གཞུང་གི་ཁྲིམས་དོན་ཁག་ལག་བསྟར་ཡོང་བར་རོགས་ཕན་སྡེ་ཚན་ཞིག་ཡིན་ལ། དུས་མཚུངས་སུ་ནུས་སྟོབས་ལྡན་པའི་ཚོགས་སྡེ་དེ་ནི་སྤྱི་ཚོགས་སུ་རང་གཞུང་གི་ཁྲིམས་ལུགས་ཁག་དུས་བསྟུན་གྱི་ཁྱབ་བསྒྲགས་སྤེལ་མཁན་ནུས་ལྡན་གྱི་ཁྲིམས་སྒོ་རང་སྲུང་ཡོང་ཐབས་སུ་ཆབ་སྲིད་ལུས་འགུལ་ཚོགས་པ་ཞིག་ཀྱང་ཡིན་ཆོག་པ་དང༌། དེ་མིན་དུས་དང་རྣམ་པ་ཀུན་དུ་རང་རིགས་སྲུང་སྐྱོར་གྱི་དཔུང་ཁག་ཅིག་ངེས་པར་དུ་གང་མགྱོགས་མྱུར་ནས་གསར་འཛུགས་དགོས་པ་ནི་དུས་བསྟུན་ཛ་དྲག་གི་གནས་སྟངས་འོག་རང་སྲུང་གི་རྩ་བའི་ཆ་རྐྱེན་ཡིན་ལ། དེ་མིན་ངན་ཕྱོགས་ཀྱི་བྱ་ངན་དག་ལ་འགོག་རྒོལ་གྱི་བདེན་སྲུང་དཔུང་ཁག་ཅིག་ཀྱང་ཡིན་སྟབས་དེ་རྒྱ་ཁྱབ་གཏོང་གང་ཐུབ་བྱ་དགོས།

༢། རྒྱལ་སྤྱིའི་དམངས་གཙོའི་འཕེལ་འགྲོས་དང་བསྟུན་ནས་སྡེ་ཚན་རེ་རེའི་ཕན་ནུས་ཐོན་ཐབས།

ད་ཆ་རང་རིགས་ཀྱི་ཁྱབ་ཁོངས་འོག་ཏུ་རྒྱལ་སྤྱིའི་འགྲོ་ལུགས་ཀྱིས་སྐྱ་བོའི་སྡེ་ནང་རང་གི་ལས་དོན་དང་འབྲེལ་ནས་གོ་རིམ་བརྒྱུད་སྐབས༌། ད་དུང་ཡང་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་མང་དག་ཅིག་གིས་ལས་དོན་བྱེད་ཕྱོགས་སུ་འཚང་ཀ་ཆེ་བའི་རྣམ་པ་ཧ་ཅང་གསལ་པོ་ཡོད་པ་དང༌། ལས་ཞོར་གྱི་བྱ་བའི་ཐད་དུའང་ཧ་ཅང་གུ་དོག་པོ་ལྟར་ལས། ལས་གནས་དང་འབྲེལ་བའི་བྱ་འགུལ་མེད་ཅིང༌།ལས་ཞོར་གྱི་རྩེད་རིགས་སོགས་ཀྱང་ཧ་ཅང་ཉུང་བ་ལྟར་རེད། དེར་བརྟེན། རང་གཞུང་སྡེ་ཚན་སུ་ཡིན་ཡང་རང་ཕྱོགས་ལས་དོན་དང་འབྲེལ་ཏེ་སྤྱི་ཚོགས་སུ་བྱ་བ་སྤེལ་ཐབས་དགོས་པ་རེད། དེ་འདྲ་མེད་པའི་རྐྱེན་གྱི་སྐྱ་བོའི་སྡེ་ཚོགས་ཚོས་ཀྱང་སོ་སོའི་སྤྱི་ཚོགས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བརྩོན་སེམས་ཉམས་ཤིང༌། ཀླད་མེད་ཀྱི་སྐབས་འཚོལ་བ་འགའ་ཡིས་ཆོས་མིན་སྐྱ་མིན་གྱི་གནས་སྟངས་སུ་འགྲེང་ནས་སྒྱིད་ལུག་གི་ངན་སྤྱོད་ཅིག་རང་རིགས་སྤྱི་ཚོགས་གང་སར་ནད་ཡམ་ལྟ་བུས་ཁྱབ་སྤེལ་གཏོང་བཞིན་འདུག དེ་ནི་ཆོས་ཕྱོགས་ནས་བཟང་ཕྱོགས་ཀྱི་བྱ་བར་མགོ་ལ་མེ་ཤོར་ལྟར་གྱི་བརྩོན་སེམས་མིན་ལ། སྐྱ་བོའི་སྡེའི་ནང་ངེས་པར་དུ་ཡར་རྒྱས་གཏོང་དགོས་པའི་ཕྱོགས་ལའང་གཅིག་མཚུངས་ཀྱིས་བརྩོན་སེམས་མེད་པར་ཆོས་མིན་རྨོངས་དད་ཀྱི་མི་ཚེ་ཡ་མ་གཡེང་གི་རྫོགས་མཁན་ཤིན་ཏུ་མང་བའི་གནས་སྟངས་འདི་བྱུང་བ་རེད། ཡང་ཅོལ་ཆུང་འགས་མི་ཚེ་སྒྱིད་ལུག་གིས་བསྐྱེལ་སྟངས་འདི་བཟང་ཕྱོགས་སུ་བགྲང་གང་ཐུབ་ཀྱིས་ནམ་འཆི་ངེས་མེད་སོགས་ཀྱི་གཏམ་གླེང་འཁྱེར་ཡོང་ནས་ཧུར་བསྐྱེད་ཅན་ཚོར་འཕྱ་བའང་སྲིད་ཅིང་དེ་ནི་ཇི་འདྲ་ཡ་ང་ཞིང་ཡིད་སྐྱོ་བའི་ན་ཚ་ཅན་གྱི་སྤྱི་ཚོགས་གཅིག་མ་རེད་དམ།

༣། འཇིག་རྟེན་པའི་སྡེའི་ནང་གི་ཆེད་ལས་པ་དང་ཤེས་ཡོན་པའི་སྡེ་ལ་རྒྱབ་སྐྱོར་བྱ་ཐབས།

བོད་མི་ཡུལ་གྱར་དུ་བྱོལ་ནས་བགྲང་བྱ་ལྔ་ཅུ་ལྷག་སོང་བའི་དུས་འདིར༌། ྋགོང་ས་མཆོག་གིས་རང་རིགས་སུ་རིག་གཅིག་རྐང་འཛིན་བ་གསོ་སྐྱོང་དགོས་སྐོར་གྱི་བཀའ་ནན་ཆེར་ཕེབས་དགོས་པའི་གནས་སྟངས་འདི་ནི་སྤྱི་ཚོགས་སུ་རིག་གཅིག་རྐང་འཛིན་བ་ནི་སྟོང་ཆ་ལྟར་ལུས་བསྡད་པ་མ་ཡིན་ཡང༌། དེ་སྔོན་རང་ཕྱོགས་ཀྱི་ཧུར་བརྩོན་ལ་གཙོ་བོར་བརྟེན་ནས་ཉུང་ཙམ་བྱུང་བ་དེ་དག་ལ་ལས་འཇུག་གི་གོ་སྐབས་མེད་ཅིང༌། ཤེས་ཡོན་པ་དེ་དག་ལ་དགོས་ངེས་ཀྱི་ཆེ་མཐོང་དང་གཟེངས་མཐོའི་བསྟོད་སྨོན་མེད་པའི་རྐྱེན་གྱིས་ཀྱང་རེད། མ་འོངས་པར་ང་ཚོའི་སྤྱི་ཚོགས་ནས་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་མི་སྣ་ཐོན་ཐབས་ཡོང་ངེས་ཀྱང༌། དེ་དག་ཆེད་ལས་སྦྱོང་བརྩོན་མཐར་ཕྱིན་རྗེས་ལས་འཇུག་གི་ཁོར་ཡུག་མེད་ན་མཁས་པ་ཡོད་ཀྱང་དོན་འཁྱོལ་ཡོང་མི་ཐུབ། གནས་སྟངས་དེ་འདྲར་བརྟེན་ནས་ཆེད་ལས་མི་སྣ་ཉུང་ཞིང༌། ཉུང་ཉུང་ཁག་ཅིག་ཡོད་པ་དེ་ཚོའང་འཐུས་ཚང་གི་ལས་སྒོར་འཇུག་ཐབས་མེད་ན། སོ་སོའི་སྦྱང་བརྩོན་བྱས་པའི་ཤེས་བྱ་བེད་སྤྱོད་བྱ་བའི་ཁོར་ཡུག་གཞན་ནས་མི་འཚོལ་ཀ་མེད་ཡིན། དེ་བཞིན་ཡིག་སྒྱུར་སྡེ་ཚན་གཅིག་པུར་མཚོན་ན། དེ་སྔོན་རང་གཞུང་འབྲེལ་ཡོད་སྡེ་ཚན་ནས་གཞུང་སྒེར་ཚོགས་པ་གང་རུང་ནས་དུས་ཡུན་རིང་ཡིག་སྒྱུར་མི་སྣ་མཉམ་འཛོམས་ཡོང་ཐབས་ཀྱིས་ཐ་སྙད་གསར་པ་གཏན་འབེབས་སྐབས་སུ་ལའང་དཀའ་ཁག་མང་དག་བརྒྱུད་ཅིང་མཐའ་འཁྱོལ་ཁག་པའི་གནས་ཚུལ་ལྟར། འདི་འདྲའི་གལ་ཆེན་དང་ནུས་ལྡན་གྱི་ཚན་པ་ཞིག་ཀྱང་ད་ལྟའི་བར་དུ་རྒྱུན་མཐུད་ཀྱིས་བཙུགས་ཐུབ་པ་བྱུང་མེད། གཞན་སྡེ་ཚོགས་ཁག་ནས་དགོས་ངེས་ཀྱི་ཡིག་སྒྱུར་ཆེད་ལས་མི་སྣ་མཁོ་མུས་སུ་དེ་དག་ལ་དཔའ་འབྱོར་དང་འཚོ་ཐབས་ཀྱི་རྩ་བའི་རྨང་གཞི་ནི་ངེས་པར་དུ་རམ་འདེགས་གང་ཐུབ་དགོས་པ་ལས། གནད་ཆེའི་མི་སྣ་དེ་དག་ལའང་མཐུན་རྐྱེན་ཞེན་ཙམ་གྱིས་འགྲིག་ཐབས་བྱེད་ན་རི་རྒྱལ་ལྷུན་པོ་བརྒལ་ཐུབ་པའི་གཤོག་པ་ཡོད་མཁན་ཚོས་ཨ་སྔོན་གནམ་ལ་མི་ཕྱོགས་ཁག་མེད་རེད་དོ།

༤། ཤེས་འཇོན་ཅན་གྱི་རྒན་རབས་ཚོགས་སྡེ་ཞིག་རང་གཞུང་སྟངས་འཛིན་འོག་གི་སྡེ་ཚན་ཞིག་ཆགས་ཐབས།

དམངས་གཙོའི་འགྲོ་ལུགས་དངོས་སུ་ལག་བསྟར་བྱ་བར་སྟངས་འཛིན་སྡེ་ཚན་དགོས་ངེས་དང༌། རང་གཞུང་ལ་དམངས་གཙོ་ཀ་བ་གསུམ་གྱིས་ཁྲིམས་བཟོའི་འགན་འཁྱེར་ཡོད་པ་དང༌། དེ་མིན་མི་ཚེ་ཧྲིལ་པོར་ཡུལ་གྱར་གཞུང་དམངས་གཉིས་ལ་ལུས་ངག་ཡིད་གསུམ་གྱིས་ལེགས་སྐྱེས་ཕུལ་བའི་བྱས་རྗེས་ཅན་གྱི་སྐྱ་སེར་ཕོ་མོ་རྒན་རབས་ཚོ་ནི་རང་རིགས་གཞུང་སྒེར་དང་སྤྱི་ཚོགས་ལས་དོན་ཐོག་གི་སྐྱོན་ཆ་མཐོང་ཐུབ་པའི་ཤེས་འཇོན་ཅན་གྱི་ཚོགས་སྡེ་མ་བསྒྲིག་རང་འགྲིག་ལྟ་བུ་ཞིག་ཡིན་པས། དེའང་རང་གཞུང་འཛིན་སྐྱོང་སྡེ་ཚན་འོག་གི་ཆབ་སྲིད་ཚན་པ་ཞིག་ཆགས་ཐབས་དགོས། དེ་དག་གི་བྱ་འགུལ་ནི་དུས་ཐོག་སྤྱི་ཚོགས་ཀྱི་གནད་དོན་ཁག་ལ་གཡས་ཕྱོགས་གཡོན་ཐལ་མེད་པའི་སྒོ་ནས་གོང་རིམ་དང་འབྲེལ་ཡོད་ཚོར་གནད་དོན་སྙན་འབུལ་དང་ཡོ་བསྲང་ཡོང་ཐབས་ཀྱི་ལེགས་བཅོས་ཡོང་བའི་སྲིད་ཇུས་ཀྱི་གྲོས་འགོ་བཏོན་རྒྱུ་དང༌།  དེ་བཞིན་རང་སྡེ་ལའང་སྟངས་འཛིན་ཡོང་ཐབས་སུ་དུས་ཚོད་གཏན་འབེབས་ཀྱིས་བསམ་འཆར་མཁོ་སྤྲོད་བྱ་རྒྱུ་དེ་རེད། འདི་བཞིན་རང་གཞུང་དང་ཚོགས་སྡེ་གང་ས་ཅིའི་ཐད་ཀྱི་ཁྱབ་ཁོངས་ནས་རྒན་རབས་ཀྱི་འཐུས་ཚབ་རེ་འདེམས་སྒྲུབ་ཀྱིས་ལམ་ནས་ཉུང་མཐའ་ཡང་ལས་གནས་དང་ཁྱབ་ཁོངས་མི་འདྲ་བའི་ཕྱོགས་བཅུ་གྲངས་ཡས་ཀྱི་འཐུས་ཚབ་ཚང་ཐུབ་པ་འབྱུང་ན་དེ་བས་དགེ་མཚན་ཆེ་བ་ནི། ལས་རིགས་དང་ཁོར་ཡུག་གམ་གནས་སྟངས་མི་འདྲ་བའི་གང་སར་ཐད་ནས་རང་རིགས་ཀྱི་གནད་དོན་དང་འབྲེལ་ནས་ལེགས་བཅོས་ཀྱི་ཐབས་ལམ་བཏོན་ཐུབ་པའི་ཆེད་དུ་ཡིན།

གོང་གསལ་བརྗོད་ཟིན་པ་ལྟར་རིམ་གྱིས་ཆོས་སྲིད་གཉིས་གཙང་ཡོང་ཐབས་འབྱུང་ན། རྒྱལ་བ་དོན་གྱི་བདག་པོ་ཁོང་གི་ཆོས་སྲིད་གཉིས་ཀྱི་ཡང་སྲིད་ཐད་ལའང་བློ་བསྐྱེད་ཆོག་པའི་རྩ་བའི་འགན་སྲུང་ཕྱོགས་གནས་ཡོད་པ་དང༌། དེ་མིན་རང་རིགས་ཀྱི་དངོས་ཡོད་གནས་སྟངས་ལྟར་ཡིན་སོང་ན་འཇིག་རྟེན་པའི་སྡེ་ཚོགས་ཀྱིས་ཆོས་པའི་སྡེ་ལ་སྲུང་སྐྱོར་དང་རམ་འདེགས་དགོས་པ་ནི་ལུགས་མཐུན་ལྟར་ཡིན་དགོས་པའི་གནས་སྟངས་ལས་ལྡོག་སྟེ་ཆོས་ཕྱོགས་ཀྱི་བླ་ཆེན་དང་ཕྱིའི་སྟོབས་འབྱོར་རྒྱལ་ཁབ་མང་པོས་ཡུལ་གྱར་བོད་མི་མང་པོ་གསོས་ནས་བསྡད་པའི་གནས་སྟངས་ངན་པ་འདིའང་གཙོ་བོ་འཇིག་རྟེན་པའི་སྡེ་ནས་རང་གི་ཁོར་ཡུག་ངོ་མ་ལ་བརྟེན་ནས་དགོས་ངེས་ཀྱི་འབད་བརྩོན་ཞེན་སོང་བས་རེད་དོ།

ཇུག་བྱང༌།

བྱ་བ་གང་ཞིག་ཡིན་ཡང་དུས་བབ་དང་བསྟུན་ནས་གང་ལ་གང་དགོས་དེ་ལ་དེ་བཏོན་གྱིས་ཐབས་ལམ་ལེགས་བཅོས་དགོས་པ་ནི་ཡར་རྒྱས་གཏོང་བར་རྩ་བའི་འགན་སྲུང་ཡོད་པ་ཡིན་ལ། ཀླད་རྙིང་མཁྲིག་བཟུང་གིས་རང་མི་རིགས་འདི་མ་འོངས་འཕེལ་རྒྱས་དང་བཅོས་སྒྱུར་ཐད་ལ་རྣོ་བསམ་བསྐོར་ནས་དེར་དངོས་སུ་གོམས་སྟབས་སྤོ་འདོད་ལ་ཁ་ཕྱོགས་འདོད་མེད་ན། གཙན་དན་ཤིང་ཡིན་ཡང་སོལ་བར་བསྒྱུར་བའི་ཉེན་ཁ་ཡོད། དེས་ན་བོད་མི་རིགས་འདིའི་སྐྱ་བོའི་སྡེ་སྐྱོང་ཐབས་ནི་ནང་ཆོས་རྒྱུད་སྤེལ་གྱི་རྩ་བའི་ཁོར་ཡུག་ལ་འགན་སྲུང་ཡིན་སྟབས། གལ་ཏེ་འཇིག་རྟེན་པའི་གནས་སྟངས་སྤྱི་མཚུངས་ལྟར་ཕྱིའི་དཔལ་ཡོན་དང་རང་རིགས་སྲུང་སྐྱོར་སོགས་ཀྱི་ཕྱོགས་ནས་ཉམས་ཆགས་སོང་ན། ནང་ཆོས་ཀྱི་དོན་ལྟར་ན་འཇིག་རྟེན་སྟོང་བར་བཟང་པོའི་ཕྱོགས་ཡིན་སྲིད་ཀྱང༌། དེ་ནས་བཟུང་ཆོས་མིན་སྲིད་མིན་ལྟར་ཇི་སྲིད་བར་དུ་རང་མི་རིགས་ཀྱི་ནུས་སྟོབས་ཉམས་ཤིང་གཞན་གང་རུང་གི་བཙན་པོའི་དབང་ཡོད་མྱོང་དགོས་ངེས་ཡིན་ནོ།། །།

གོང་གསལ་གྱི་རྩོམ་ནང་གཤམ་གསལ་དོན་ཚན་ཁག་གསལ་ཐབས་བྱས་ཡོད།
དང་པོ། ཆོས་སྲིད་གཉིས་ལ་ཕྱོགས་ལྷུང་ཙམ་ལས་དོན་དམ་གྱི་གཙང་དག་མེད་པའི་དངོས་ཡོད་གནས་སྟངས།
གཉིས་པ། བོད་གཞིས་བྱེས་གཉིས་སྤྱིའི་གནས་སྟངས་ཀྱི་དོན་དངོས་གསལ་རྟོགས་དགོས་པ།
གསུམ། ཆོས་པའི་སྡེ་ཚོགས་ཁྲིམ་སྒོ་རང་དབང་གི་ཐོག་ནས་གཙང་དག་ཡོང་ཐབས།
བཞི། འཇིག་རྟེན་པའི་སྡེ་གཙང་དག་ཡོང་ཐབས་སུ་སྐྱ་བོའི་ཚོགས་ཀྱིས་འབད་འབུངས་དགོས་པ།
ལྔ་པ། རྒྱ་བོད་འབྲེལ་མཐུད་སྐོར་རྒྱ་ཕྱོགས་ལ་བཏོན་པའི་བསམ་འཆར་གྱི་རྨང་གཞིའི་ཐོག་རྒྱ་ནག་གི་ཁྱབ་ཁོངས་སུ་ཆོས་ཕྱོགས་ཁོ་ནའི་བྱ་བ་སྤེལ་ཐབས་གྲོས་འགོ་བཏོན་དགོས།
དྲུག་པ། ཆོས་སྲིད་གཉིས་གཙང་འབྱུང་རྗེས་མ་འོངས་གོང་ས་མཆོག་གི་ཆོས་ཕྱོགས་ཀྱི་ཡང་སྲིད་དང༌། སྲིད་སྐྱོང་གི་རྒྱུད་འཛིན་གཉིས་ཀ་ཡོང་ཐབས།
བདུན། ཟང་ཟིང་ཛ་དྲག་གི་ཡུལ་གྱར་དུས་རིམ་ནང་རང་རིགས་ཡུལ་གྱར་གཞུང་དམངས་སྲུང་སྐྱོར་ཡོང་ཐབས་སུ་ངེས་པར་དུ་བདེ་སྲུང་དཔུང་ཁག་གྱི་སྡེ་ཚན་གསར་འཛུགས་སམ་རྒྱ་བསྐྱེད་་གཏོང་དགོས།
བརྒྱད། བོད་རྒྱུད་ནང་བསྟན་སོགས་རང་རིགས་ཀྱི་ཆོས་རྒྱུད་ཁག་ངེས་པར་དུ་དུས་དང་རྣམ་པ་ཀུན་དུ་འདུན་པ་གཙང་དག་གིས་གཅིག་སྒྲིལ་ཡོང་ཐབས།
དགུ། ཆོས་ལ་གནོད་པའི་སྲིད་དོན་ཀླ་ཀློའི་བྱ་ངན་ལ་རང་ཕྱོགས་ནས་དོན་དངོས་ལ་གཞིག་སྟེ་རྒྱལ་སྤྱིའི་ཐོག་ནུས་ལྡན་གྱིས་བསྒྲགས་གཏམ་སྤེལ་ཐབས།
བཅུ། ཆོས་སྲིད་གཉིས་གཙང་གི་རྨང་གཞིའི་ཐོག་རང་རིགས་གཅིག་གྱུར་ཕྱོགས་ནས་བོད་དོན་བདེན་མཐའ་གསལ་ཐབས།

སྒེར་གྱི་བསམ་འཆར་ལ་གོང་གསལ་ལྟར་མ་འོངས་ཆོས་སྲིད་ཕྱོགས་གཉིས་ཀྱི་གཙོ་འགན་བ་དག་དབང་ཆའི་གོ་རིམ་ནང་འདི་ལྟར་ད་ཡོད་རང་རིགས་བོད་ཕྱི་ནང་གི་གནས་སྟངས་དངོས་ལ་གཞིགས་ཏེ་མིང་ཆེན་པོ་དང་རྒྱུ་ཆེན་པོ། ཁྱིམ་ཆེན་པོ་དང་འབྱོར་ཆེན་པོ་དག་གི་ཆོ་ལོ་ཡོད་མཁན་གྱི་མི་སྣ་མངོན་གསལ་ཅན་དང༌། ཡང་ན་གང་ལའང་མི་རྟོགས་པའི་གང་ཟག་ཕལ་པ་བློ་ལྡན་ཅན་ཅི་འདྲ་ཞིག་ཡིན་ཡང་དམིགས་བསལ་གྱི་དོན་འགའ་ཕུད་དེ་མིན་རང་རིགས་འཕེལ་རྒྱས་དང་གོང་སྤེལ༌། བོད་གཞིས་བྱེས་མི་མང་གི་འདོད་དོན་དངོས་འགྲུབ་པའི་ཐབས་ལམ་འདི་དང་དེ་ཟེར་ནས་དམངས་ཡོངས་ལ་སྤྱི་བསྒྲགས་སྤེལ་བའི་ལུགས་སྲོལ་བཟང་པོ་ཞིག་ད་ནས་བཟུང་སྤེལ་དགོས་པ་དང༌། དེར་རང་རིགས་ཡོངས་ནས་ཀྱང་ཡིན་མིན་གྱི་དཔྱད་པ་གཏོང་པའི་གོ་རིམ་འཐུས་ཚང་ཡོང་ཐབས་གནང་དགོས་པའི་རེ་འདུན་ཆེའོ།།
ཕྱི་ལོ་༢༠༡༠ཟླ་༤ཚེས་༡༥ཉིན་ཚར་བ་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།