ཚན་པ་གསུམ་གྱི་རང་སྐྱོང༌།

བོད་ཆོལ་ཁ་གསུམ་ལ་ཚན་པ་གསུམ་གྱི་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་བཀའ་ཤག་ལ་ཕུལ་བ།།

ཤམ་བྷ་ལ་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༠༣ཚེས་༡༢ཉིན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས།། ཞེས་པ་ལྟར་མཁས་པ་ལ་དྲན་གསོའི་ཚུལ་དུ་ཅུང་ཟད་ཅིག་སྤྲོས་འདོད་ཆེ་ལ།

 ཐེངས་འདིའི་ྋགོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་ནང་༼ད་ལྟའི་རྒྱ་གཞུང་གི་དབང་འཛིན་པ་རྣམས་ཀྱི་བྱེད་བབ་ལ་གཞིགས་ན་མགྱོགས་མྱུར་དོན་འབྲས་སོན་རེ་དཀའ་ཡང༌། རང་ཕྱོགས་ནས་འབྲེལ་མོལ་མུ་མཐུད་བྱ་རྒྱུར་འགྱུར་བ་མེད།༽ཅེས་རྒྱ་གཞུང་དང་འབྲེལ་མོལ་མུ་མཐུད་བྱ་རྒྱུའི་ཐུགས་ཐག་བཅད་པར་འགྱུར་མེད་རྡོ་རྗེ་རྟག་བརྟན་གྱི་གནས་སུ་འདུག་མོད། ཡང་གསུང་འཕྲིན་དེ་ཉིད་དུ་༼འདས་པའི་ལོ་སུམ་ཅུ་ལྷག་ཙམ་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་དང་འབྲེལ་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལན་དགུ་ཆད་མཐུད་ཀྱིས་བོད་མིའི་མངོན་འདོད་ཇི་ཡིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌།མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སྙིང་དོན་གཞིར་བཟུང་གསལ་བཏོན་བྱས་པར་དོན་འབྲས་གང་ཡང་མ་བྱུང༌།༽ཞེས་པའི་ཐུགས་ཕམ་ལྟབུ་ཞིག་ཀྱང་འདུག གོང་ཞུའི་བོད་རྒྱའི་འབྲེལ་མོལ་ལ་འགྱུར་བ་མེད་པར་ཐུགས་ཐག་བཅད་པའི་རྗེས་སུའང་གྲོས་ཚོགས་ལ་ཡིད་ཆེས་ལྟབུའི་ཐོག་ནས་༼འབྱུང་འགྱུར་བྱེད་ཕྱོགས་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་ཡོད་ན་དེའི་སྤྱོར་དངོས་རྗེས་གསུམ་གྱི་ལས་རིམ་གསལ་སྟོན་བྱ་དགོས༽ཞེས་གྲོས་ཚོགས་ཀྱི་དགོངས་འཆར་གསར་པ་གསན་རྒྱུའི་ཐུགས་འདོད་ཡོད་པར་ཡང་གསལ་སྟོན་གནང་འདུག་པས། དེའི་བསམ་འཆར་དང་མངོན་འདོད་གསར་པ་ཞེས་པ། འཆར་གཞི་གང་འདྲ་ཞིག་ལ་ཐུགས་རེ་གནང་གི་ཡོད་དམ།

དྲི་བ་འདིར་ད་ཐེངས་ཚང་མས་བསམ་བློ་གཏོང་དགོས་པའི་དུས་སུ་བབ་ཡོད། འདི་ལ་བརྟེན་ནས་ཁོ་བོས་འཆར་སྣང་འདི་གསལ་བཤད་བྱེད་ཀྱི་ཡོད། བོད་ཆོལ་ཁ་གསུམ་ལ་ཚན་པ་གསུམ་གྱི་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་འདི་དང་འབྲེལ་བའི་དྲི་བ་ཞིག་ཀྱང་མི་རྗེ་བཀའ་བློན་ཁྲི་པ་མཆོག་ལ་ལོ་སྔོན་མར་གུས་པས་ཕུལ་ཟིན་རུང༌། དེ་རིང་ཡང་འདི་དང་འབྲེལ་བའི་རྟོག་འཆར་གསར་པའི་ས་བོན་ཙམ་ཞིག་སྐྱར་དུ་འདེབས་རྒྱུའི་ཆ་ཤས་ལ་ཞུགས་ཆོག་པ་ཞུ།

གཅིག་ཏུ། བོད་ཀྱི་ཕྱོགས་ནས་ྋགོང་ས་མཆོག་གི་ཐེངས་འདིའི་གསུམ་དུས་གསུང་འཕྲིན་དུ་༼ ཉེ་ཆར་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་སྔར་དང་མི་འདྲ་བར་འབྱུང་འགྱུར་ཡར་རྒྱས་ཀྱི་ལས་འཆར་(བོད་རིགས་ས་ཁུལ་ཁག་གཅིག་མཚུངས་ཡོང་ཐབས་བྱེད་དགོས་)པར་གསལ་བ་བཞིན། ཉིན་ཤས་གོང་སྲིད་བློན་ཝུན་ཅཱ་པའོ་ཡིས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དུ་གསལ་སྟོན་གནང་བ་དེ་ནི་བཟང་ཕྱོགས་ཀྱི་གོམ་སྟབས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།༽གསུངས་པ་དེ་དང༌། སྐུ་ཚབ་ཐེངས་དགུ་པ་ཕྱིར་ལོག་རྗེས་གངས་སྐྱིད་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ༼ང་ཚོས་བོད་རིགས་ཡོད་དོ་ཅོག་གཅིག་གྱུར་གྱི་འཛིན་སྐྱོང་ཞིག་དགོས། ཞེས་པ་དེ་ཡང་རྩ་ཁྲིམས་དང་འགལ་བ་རེད། ཅེས་བཤད་ཡོང་དུས། རྙོག་དྲ་དེར་ལྷག་གི་འདུག ༽ཅེས་བཀའ་གནང་བ་བོད་ཀྱི་བང་ཆེན་གསར་ཤོག་འདོན་ཐེངས་༢༦༦ གི་མདུན་ངོས་སུ་བཀོད་ཡོད།

གཉིས་སུ། རྒྱ་ནག་གི་ཕྱོགས་ནས་སྔ་ཕྱི་བར་གསུམ་དུ་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རིགས་གཅིག་གྱུར་དགོས་པའི་དགོངས་གཞི་དང་བསམ་འཆར་ཡོངས་རྫོགས་ལ། མི་མངོན་པའི་རང་བཙན་དང༌། ཕྱེད་རང་བཙན། ཁ་བྲལ། རྩ་ཁྲིམས་དང་འགལ་བ་རེད་ཟེར་ནས་དོགས་འདྲོགས་ཁོ་ནས་དུས་ཚོད་བསྐྱེལ་བསྡད་པ་ཧ་ཅང་གསལ་པོ་རེད། གང་ལྟར་རྒྱ་བོད་གཉིས་ཀྱི་མི་མཐུན་པའི་འགག་རྡོ་དེ། བོད་པས་བོད་གཅིག་གྱུར་དགོས་ཟེར་བ་དང༌། རྒྱ་ནག་གིས་བོད་གཅིག་གྱུར་ལ་འདོད་པ་མི་བྱེད་པའི་ཁར་བོད་གཅིག་མཚུངས་དགོས། ཞེས་དོན་དག་འདི་གཉིས་ཀྱི་འགག་བསྡད་ཡོད་པའི་སྣང་ཚུལ་ཙམ་ཡོང་གི་འདུག་ལ། རྒྱ་ཕྱོགས་ནས་དེ་ལྟབུའི་མཁྲེགས་བཟུང་བྱེད་དགོས་དོན་ཡང་ཐོག་མ་ནས་བོད་དུམ་བུར་གཏོང་རྒྱུའི་སྲིད་ཇུས་ལ་མཐའ་གཅིག་ཏུ་བློ་གཏད་བཅོལ་བ་ལྟར་ད་ལྟ་ཡང་འགྱུར་བ་མེད་ཅིང༌། མ་འོངས་པར་ཡང་སྲིད་ཇུས་དེར་འགྱུར་བ་གཏོང་འདོད་ཡོད་པ་མ་རེད། དོན་གནད་འདི་དག་ལ་བརྟེན་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་ནས་བོད་ཆོལ་ཁ་གསུམ་ལ་ཚན་པ་གསུམ་གྱི་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་ལ་ཡིད་ཆེས་ཡོང་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད།

མདོར་བསྡུས་ན་རྒྱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་ཚན་པ་གསུམ་གྱི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་སྟེ། བོད་དབུས་རང་སྐྱོང་ལྗོངས། བོད་ཨ་མདོ་རང་སྐྱོང་ལྗོངས། བོད་ཁམས་རང་སྐྱོང་ལྗོངས། གསུམ་གྱི་འདོད་ཚུལ་འཛིན་ན་ཧ་ལམ་ཕྱོགས་གཉིས་ཀ་ནས་མོས་མཐུན་མི་ཡོང་བའི་རྒྱུ་མཚན་ཡོད་པ་མ་རེད། དེ་དག་གཅིག་གྱུར་གྱི་རང་སྐྱོང་མ་རེད་དེ། གཅིག་མཚུངས་ཀྱི་རང་སྐྱོང་ཆགས་ཀྱི་ཡོད།

 གནད་དོན་དེ་རྒྱག་ནག་གི་ཕྱོགས་ནས་བཤད་ན་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་ཀྱི་འབྱུང་ཁུངས་ལྟབུའི་ཡིག་ཆ། སྤྱི་ལོ་༡༩༤༩ ལོའོ་ཟླ་༩ ཚེས་༢༡ ནས་ཚེས་ ༣༠ བར་ཚོགས་པའི་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་སྐབས་གཏན་འབེབས་བྱས་པའི་མིང་ལ། རྒྱ་སྐད་དུ་གུང་ཐུང་ཀང་ལིན་ཟེར་བའི་ལེའུ་བདུན་དང་དོན་ཚན་༦༠ ཡོད་པ་ཐུན་མོང་རྩ་འཛིན་གྱི་ཡིག་ཆ་དེའི་དོན་ཚན་༥༡ པའི་ནང༌། ༼མི་རིགས་འདུས་སྡོད་ཀྱི་མི་འབོར་མང་ཉུང་དང་ས་ཁོངས་ཆེ་ཆུང་ལ་གཞིགས་ཏེ། མི་རིགས་རང་སྐྱོང་གི་ཚན་པ་ཁག་གསར་འཛུགས་བྱེད་དགོས། མི་རིགས་སོ་སོ་འདྲེས་སྡོད་ཀྱི་ས་གནས་སམ་མི་རིགས་རང་སྐྱོང་གི་ས་ཁོངས་ཀྱི་སྲིད་གཞུང་ཚན་པར་མི་རིགས་སོ་སོའི་སྐུ་ཚབ་ཀྱི་ས་མིག་གང་འཚམས་ཡོད་དགོས་པ་དང༌། མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་བའི་རང་དབང་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་སྲུང་འཛིན་ནམ་བཅོས་བསྒྱུར་གྱི་དབང་ཆ་ཡོད། ༽ཅེས་བཀོད་ཡོད་པ་མ་ཟད། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་དགུ་པའི་༼བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་ཏེ། རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང༌། ཡི་གེ། སློབ་གྲྭའི་སློབ་སྦྱོང་བཅས་གོང་འཕེལ་གཏོང་རྒྱུ། ༽ཞེས་པའི་ཁྲིམས་ལུགས་ཀྱི་ཆ་རྐྱེན་ཡང་ཐུན་མོང་རྩ་འཛིན་གྱི་གནད་དོན་ལ་གཞི་བཅོལ་བ་ཞིག་རེད་འདུག་ལ། དེའི་འཕེལ་རིམ་གྱི་མཐའ་མ་སྟེ། ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པ་དང༌། ཉེ་ཆར་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང༌། སྲིད་བློན་ཝུན་ཅཱ་པའོ་ཡིས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བོད་དོན་སྐོར་གྱི་གཏམ་བཤད་དང་ཡང་མཐུན་གྱི་ཡོད་པ་རེད།

བོད་ལ་མཚོན་ན་ནང་ཁུལ་འཐེན་འཁྱེར་གྱི་གནས་ཚུལ་ཉུང་ཞིང་དབུ་མའི་ལམ་གྱི་སྒྲོམ་གཞིའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་དོན་ལྟར། སྐད་ཡིག་དང༌། ལེགས་བྱང༌། ཆོས་ལུགས་དང་ཤེས་ཡོན། རང་བྱུང་ཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས་དང༌། ཁོར་ཡུག་སྲུང་སྐྱོབ། དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ། མང་ཚོགས་ཀྱི་འཕྲོད་བསྟེན་དང་མང་ཚོགས་ཀྱི་བདེ་འཇགས་སོགས་གཅིག་གྱུར་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་རུང་གཅིག་མཚུངས་ཀྱི་བོད་མིའི་གཞི་རྩའི་དགོས་མཁོ་ཁག་གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ལྟར་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་སྙམ།  

༼༨༧ ལོའི་ཞི་བའི་དོན་ཚན་ལྔ་ནི་ཕུགས་ཀྱི་འཆར་སྣང་ཡིན་པས་འབྲེལ་མོལ་ལ་ཐད་འབྲེལ་དེ་ཙམ་མེད་རུང༌། ༨༨ ལོའི་སི་ཊ་སི་སྦག་གི་གྲོས་འཆར་ལ་རྒྱ་གཞུང་གིས་བསམ་ཞིབ་གོ་བསྡུར་བྱེད་ཐབས་མེད་པའི་ཚིག་ཐག་གཙང་གཅོད་བྱུང་བར་བརྟེན་རང་བཞིན་ནུས་མེད་དུ་གྱུར།༽ ཞེས་ྋགོང་ས་མཆོག་གིས་གྲོས་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་དགུ་པར་བསྩལ་བའི་གསུང་འཕྲིན་དུ་གསལ་པོ་ཡོད།

ཕྱོགས་གཞན་ཞིག་ནས་གྲོས་ཚོགས་སུ་ྋགོང་ས་མཆོག་གིས་བསམ་འཆར་དང་མངོན་འདོད་གསར་པ་ཡོད་ན་དེའི་སྤྱོར་དངོས་རྗེས་གསུམ་གྱི་ལས་རིམ་གསལ་སྟོན་བྱ་དགོས། ཞེས་པའི་ནང་དོན་དེ་དངོས་ཡོད་ལོ་རྒྱུས་ཀྱིས་དཔང་པོ་བྱས་པའི་རང་བཙན་གཙང་མ་རྩོད་ལེན་གྱི་བསམ་ཚུལ་དེ་ཡིན་ན། མངོན་འདོད་གསར་པ་ཞེས་བཀའ་གནང་དགོས་དོན་མེད། འདི་དག་ནི་ཕྲན་གྱི་འཆར་སྣང་སྙིང་བསྡུས་ཙམ་གུས་ཕྱག་དང་བཅས་ལྷག་བསམ་ཟོལ་མེད་ཀྱི་ཞུས་ཁུལ་ཡིན། མ་གཞི་ཕྲན་སྒེར་གྱི་ཐོག་ནས་ད་ལོའི་དམིགས་བསལ་ཚོགས་ཆེན་སྐབས་སུ་རང་བཙན་གཙང་མ་རྩོད་ལེན་གྱི་དགོངས་ཚུལ་ལ་སྤྱི་མོས་སམ་མང་མོས་ཀྱི་རྒྱལ་ཁ་ཐོབ་པར་མོས་པ་ཙམ་བྱེད་ཀྱིན་ཡོད།

སེར་སྨད་བློ་དགའ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
གྲོགས་པ་ལགས། ཁྱེད་ཀྱི་བཀའ་འདྲིའི་ཚིག་རིས་ལྟར་འགྲེལ་ན། སོ་སོའི་བསམ་ཚུལ་ལྟར་གྱི་བཀའ་བློན་ཁྲི་པའི་འོས་མིག་ནང་རང་བཙན་གཙང་མར་རྒྱབ་སྐྱོར་མེད་མཁན་ཞིག་ཡོད་པ་ལྟབུའི་སྣང་ཚུལ་འདུག གཞི་རྩའི་ཆ་ནས་བོད་མི་ཤེས་ཡོན་ལྡན་པ་ཞིག་ཡིན་ཕྱིན་ལོ་རྒྱུས་ཀྱིས་བདེན་དཔང་བྱས་པའི་བོད་རང་བཙན་ལ་རྒྱབ་སྐྱོར་མེད་པ་དང་མི་དགོས་མཁན་སུ་ཡང་ཡོད་པ་མ་རེད། ཡང་རང་བཙན་གཙང་མར་རྩོད་མཁན་ཞིག་དགོས་ཀྱི་རེད་པས། ཞེས་པའི་བཀའ་འདྲི་ཞིག་གནང་གི་ཡོད་ན་དེ་ལ་དམིགས་བསལ་གྱི་བསམ་ཚུལ་བཤད་དགོས་པ་མ་མཐོང་། བོད་ཀྱི་མ་འོངས་པའི་སྲིད་ཇུས་དེ་གྲོས་ཚོགས་ཀྱིས་གཏན་ལ་ཕབས་པ། དེ་རང་གི་ཐོག་ཤར་སྐྱོད་བྱེད་དགོས་ཀྱི་རེད་མ་གཏོགས། བཀའ་ཁྲི་གསར་པར་གནས་ཚུལ་དེའི་ཐོག་རེ་བ་རྒྱག་མཁན་ཞིག་ཡོད་ན། རེ་བ་སྟོང་པ་རང་རེད། བཀའ་འདྲི་གནང་བར་ཐུགས་རྗེ་ཆེ།
མིང་དོན་མཚུངས་པའི་རང་སྐྱོང་ཟེར་ན་གཏན་ནས་ཁ་ཡ་བྱེད་ཀིན་མེད་པ་མ་གཏོགས། བོད་གཅིག་གྱུར་ཡིན་མིན་དང་། དབུས་ཨམ་ཁམས་གསུམ་གྱི་ཚན་པར་བགོ་མིན་དེ་གནད་དོན་མ་རེད། གྲོས་མོལ་ཅི་ལྟར་བྱེད་པའི་ཐབས་བྱུས་བསམ་བློ་གཏོང་བ་ལས་གཞན། དབུ་མའི་ལམ་དང་དེའི་ནང་དོན་བྱེ་བྲག་པར་བཟོ་བཅོས་ག་འདྲ་གནང་ཡང་དོན་མེད་སྟོང་ཟད་རེད། རྒྱ་གཞུང་ནས་གོང་ས་སོགས་ཡུལ་གྱར་བ་རང་སྒེར་གྱི་མདུན་ལམ་དང་གོ་གནས་སྐོར་མ་གཏོགས། བོད་དོན་དང་བོད་མི་མང་གི་བདེ་སྡུག་ཟེར་བ་ཞིག་གཏན་ནས་གླེང་རྒྱུ་མེད་ཟེར་བ་མ་ཐོས་སམ།
1 ༡༢༢༠༡༠༢༢༥༤
སེར་སྨད་བློ་དགའ་ལགས། ཁྱོད་བྱས་ན་མ་འོང་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་དེ་་རང་བཙན་གཙང་མ་ལ་རྒྱ་སྐྱོར་བྱེད་མཁན་ཞིག་དགོས་ས་རེད་དམ། ཡང་ན་ད་ལྟའི་བཀའ་བློན་ཁྲི་པ་བཞིན་རང་སྲིད་རང་སྐྱོང་ལ་རྒྱ་སྐྱོར་གནང་མཁན་ཞིག་དགོས་ས་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།