བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱེད་རྐྱེན་གང་ལ་ཐུག་གམ།

ཉེ་ཆར་ཀོ་པེན་ཧ་ཀེན་གྱི་འཛམ་གླིང་གནམ་གཤིས་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གི་སྲིད་བློན་དབུན་ཅ་པོ་ཡིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ལ་བརྙས་བཅོས་བྱས་པ་མ་ཚད་ཨ་རིས་སྣེ་འཁྲིད་བཞིན་པའི་རྒྱལ་སྤྱིའི་འགྲོ་ལུགས་དེ་ལ་མི་འདོད་པའི་རྣམ་འགྱུར་སྟོན་གང་ཐུབ་བྱས། དེ་རྗེས་གུ་གུལ་དོན་རྐྱེན་བྱུང་ལ་ཨ་རིའི་ཕྱི་འབྲེལ་བློན་ཆེན་ཧི་ལ་ལི་ནས་སྲིད་འཛིན་ཨོ་སྦ་མ་བར་གྱིས་དྲ་ཡིག་ལྐོག་འཛུལ་སོགས་པའི་དོན་ལ་རྒྱ་ནག་གཞུང་གིས་འགྲེལ་བཤད་གསལ་པོ་རྒྱག་དགོས་ཞེས་བཀའ་མོལ་དྲག་པོའི་ངང་ནས་ནན་བཙིར་གནང་བ་རེད། དེས་ན་རྒྱལ་སྤྱིའི་ཐོག་ཏུ་སྔ་ས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། བརྡ་འཕྲིན་ལ་བཀག་སྡོམ་བྱས་ནས་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་བརྡ་འཕྲིན་རང་དབང་རྩིས་མེད་གཏོང་བར་ཁ་རྡུང་དྲག་པོ་གཏོང་བཞིན་ཡོད་པས། དམར་ཤོག་སྒེར་གཅོད་ཀྱི་སྲིད་དབང་འགྱུར་ལྡོག་མེད་པའི་རྒྱ་ནག་གི་མིང་ཆད་ངན་པ་མུ་གེའི་སྟེང་དུ་ཟླ་ལྷག་གི་རྣམ་པ་ཞིག་ཤར་བ་རེད། ཛ་དྲག་པའི་དུས་འདིར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་བྱེད་པ་འདི་ཡང་རྒྱ་ནག་གི་ཐབས་དང་གཡོ་ཙམ་ཡིན་པ་ལས་དོན་ངོ་མར་འབྲས་བུ་ཅན་གྱི་གནས་ཚུལ་གང་ཞིག་ཐག་གཅོད་འདོད་པའི་ཆེད་དུ་མ་ཡིན་པ་ནི་གསལ་པོ་རེད།
ཡིན་ནའང་རྒྱ་ནག་གཞུང་ནས་བོད་དོན་ཐད་ཕྱི་ནང་གཉིས་སུ་གདོང་རིས་སྔོ་སེར་དམར་ལྗང་གཅིག་མཇུག་གཉིས་མཐུད་དུ་བརྗེ་ཡོང་བ་ལྟར་བསྟན་དུས་བོད་པ་ཁ་ཅིག་ལ་རེ་བ་སྐྱེ་བ་དང་། ཁ་ཅིག་དོགས་པ་ཟ་བ། ཁ་ཅིག་ནི་ད་ཡིན་ན་རྒྱ་མིས་ག་རེ་བསམ་གྱི་ཡོད་མིན་ཧ་གོ་ཡི་མི་འདུག་ཅེས་འུ་ཐུག་གི་རྣམ་པ་ཞིག་འཆར་བཞིན་འདུག
ཉམས་ཞིབ་པ་ཁ་ཅིག་གིས་རྒྱ་ནག་ནང་ཁུལ་གྱི་སྲིད་འཛིན་པ་རྣམས་སྲིད་སྐྱོང་ལམ་ལུགས་ཐད་ལག་པ་འཇམ་རྩུབ་མི་འདྲ་བས་བོད་དོན་ཐག་གཅོད་འདོད་ཡོད་པའི་ཕྱོགས་གཅིག་དང་། ཐག་གཅོད་འདོད་མེད་པའི་ཕྱོགས་གཅིག་ཡོད་པར་བརྟེན། འབྲེལ་མོལ་བྱེད་པའི་ཞོར་དུ་གོང་ས་མཆོག་ལ་ཁ་ཡང་གཏོང་བའི་བྱེད་སྟངས་རྒྱབ་འགལ་དེ་ཆགས་པ་རེད་ཟེར། གནས་ཚུལ་འདིར་ང་རང་གི་བསམ་ཚུལ་ཙམ་དཔྱད་གཞིའི་ཚུལ་དུ་ཕུལ་ན། རྒྱ་ནག་སྲིད་འཛིན་ནང་ཁུལ་དུ་ཕྱོགས་ཁག་གཉིས་ཡོད་པ་ནི་བདེན་པ་རེད། ཞིབ་པར་དབྱེ་ན་སྟོབས་ཆེ་ཆུང་མ་གཏོགས་ཕྱོགས་ཁག་གསུམ་བཞི་ཡོད་པར་འདུག ཧུ་ཅིང་ཐོ་ཡི་ཕྱོགས་ཁག་ནི་རྒྱ་ནག་ནང་ཁུལ་དང་རྒྱལ་སྤྱིའི་འབྲེལ་བའི་ཐོག་རྣམ་འགྱུར་འཇམ་ཙམ་བྱེད་མཁན་ཡིན་པ་དང་ཅང་ཙེ་མིན་གྱི་ཕྱོགས་དེས་ད་ཆ་རྣམ་འགྱུར་རྩུབ་པོ་འཛིན་པར་བཤད། འོ་ན་བོད་དོན་ཐག་གཅོད་ཐད་ཕྱོགས་ཁག་དེ་གཉིས་བར་ལ་འགལ་ཟླར་གྲུབ་པའི་རྩོད་པ་ཆེན་པོ་ཞིག་ཡོད་པར་བསམས་ན་ཤིན་ཏུ་ནས་ནོར་བ་ཡིན་ཏེ། ཧུ་ཅིང་ཐོ་བོད་དོན་ཐད་ལག་པ་ཁྲག་གིས་ཚོས་པའི་མི་ཞིག་ཡིན་ལ། ཅང་ཙེ་མིན་ཡང་རྒྱ་མར་འཇལ་ཡང་དེ་ལས་ཡང་རྒྱུ་གཏན་ནས་མེད། ཧུ་ཅིང་ཐོ་དང་ཅང་ཙེ་མིན་གཉིས་ཀ་ཏིང་ཞོ་ཕིན་གྱི་བཀའ་བསྐོས་རྗེས་འཛིན་པ་ཡིན་པ་དང་། བོད་དོན་ཐད་ཏིང་ཞོ་ཕིན་ནི་མའོ་ཙེ་ཏུང་ལས་ཀྱང་གཡོན་ཐལ་ཆེ་བའི་བསམ་མནོ་ཡོད་པ་རེད། སྔོན་ཆད་རྒྱ་ནག་ཡོངས་སུ་དམངས་གཙོ་བཅོས་སྒྱུར་བྱེད་དུས་མདོ་ཁམས་ཁུལ་དུ་དམངས་གཙོ་བཅོས་སྒྱུར་བྱེད་མིན་ཐད་མའོ་ཙེ་ཏུང་ཚམ་ཚོམ་ཆེན་པོ་བྱེད་མྱོང་ཡོད། གང་ལགས་ཟེར་ན་སྐབས་དེ་དུས་བོད་ལྗོངས་སུ་བོད་གཞུང་ཡོད་པ་དང་། མདོ་ཁམས་སུ་དམངས་གཙོ་བཅོས་སྒྱུར་བྱས་ན་བོད་གཞུང་དང་དེ་བཞིན་རྒྱ་དཀར་ནག་གི་འབྲེལ་བ་ལ་ཡང་དོ་ཕོག་མི་ཡོང་ངམ་བསམས།
འོན་ཀྱང་ཏིང་ཞོ་ཕིན་གཙོས་པའི་བོད་དོན་ཁོ་ནའི་ཐད་མའོ་ལས་ཀྱང་གཡོན་ཐལ་གྱི་བསམ་པ་འཛིན་མཁན་ཚོས་མདོ་ཁམས་སུ་དམངས་གཙོ་བཅོས་སྒྱུར་བྱེད་དགོས་པར་ཨུ་ཚུགས་བྱས་མཐར་སྲིད་ཇུས་ཀྱང་དེ་རྗེས་སུ་ཕྱིན་ཡོད། ད་ལྟ་རྒྱ་ནག་ནང་ཁུལ་དུ་ཆབ་སྲིད་སྟོབས་ཤུགས་ཆེ་ཤོས་གཉིས་ཧུ་དང་ཅང་གི་ཕྱོགས་ཡིན་པ་དང་།
དེ་གཉིས་ཀ་ཏིང་གི་བཀའ་བཞིན་བོད་དོན་སྲིད་ཇུས་ལག་ལེན་བསྟན་མཁན་རེད། དེས་ན་ཕྱོགས་དེ་གཉིས་ཀྱིས་རྒྱ་ནག་གི་སྲིད་དབང་ཁ་ལོ་སྒྱུར་བཞིན་པའི་སྐབས་སུ་དོན་མང་པོར་འགལ་ཟླ་ཡོད་རུང་བོད་དོན་ཐད་མ་གྲོས་གཅིག་མཐུན་ངང་ལག་པ་དམ་པོ་དང་རྣམ་འགྱུར་དྲག་པོ་བྱེད་ཀྱི་ཡོད་པ་མཐོང་གི་འདུག དེ་ནི་ཅང་ནས་ཧུ་བར་དུ་མི་ལོ་བཅུ་ཕྲག་གཉིས་ཀྱི་རིང་བོད་དོན་སྲིད་ཇུས་ཐད་འགྱུར་བ་གང་ཡང་བྱུང་མེད་པ་དེ་ལས་ར་སྤྲོད་བྱེད་ཐུབ། འོ་ན་རྒྱ་ནག་སྲིད་འཛིན་ནང་ཁུལ་དུ་བོད་དོན་ལ་རྩ་བ་ནས་ལག་པ་ཡང་ཙམ་བྱེད་འདོད་མཁན་མེད་དམ་ཟེར་ན་དེ་ཡང་མ་ཡིན་སྟེ་ཧུ་ཡོ་པང་གི་རྗེས་འབྲངས་འགའ་ཞིག་ཡོད་པ་ཡིན་མོད་ད་ལྟའི་ཆར་དེ་དག་གི་ནུས་པ་ནི་ཤིན་ཏུ་ནས་ཆུང་བ་རེད། འོ་ན་རྒྱ་ནག་ནས་བོད་རྒྱ་འབྲེལ་མོལ་ཐེངས་རེ་བྱེད་དུས་བོད་ལྗོངས་ཚགས་པར་སོགས་སུ་གོང་ས་མཆོག་ལ་མཚན་དམད་ཆེན་པོ་ཐེངས་རེ་བྱེད་དོན་གང་ལགས་བསམས་ན། རྒྱལ་སྤྱིའི་ཐོག་ནས་བཤད་ན་རྒྱ་ནག་གཞུང་གིས་ད་ལྟ་བོད་ཀྱི་གནས་ཚུལ་འདི་རྡོ་ཡར་བསྒྲུགས་ནས་མི་ལ་ཕར་གཡུག་པའི་བྱེད་ཐབས་དེ་བེད་སྤྱོད་བཞིན་འདུག གང་ལགས་ཟེར་ན་རྒྱ་གཞུང་ནས་རྒྱལ་སྤྱིའི་ཐོག་རང་ཉིད་ཀྱི་རྣམ་པ་བཟང་ཙམ་ཆགས་ཐབས་དང་། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་རྣམས་དང་མཐུན་སྒྲིལ་བྱེད་འདོད་ཡོད་ཚུལ་སྟོན་ཐབས། ལྷག་པར་དུ་ཉེ་ཆར་གྱི་གནས་ཚུལ་ལྟ་བུ་རྒྱལ་སྤྱིའི་ཆབ་སྲིད་མཁའ་དབུགས་ནང་དུ་དཀའ་ངལ་འཕྲད་ཚེ་དེ་དག་འཇམ་དུ་འབེབས་ཐབས་ཙམ་ལ་བོད་དོན་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། དཔེར་ན་རྒྱ་ནག་གཞུང་ནས་ནུབ་ཕྱོགས་རྒྱལ་ཁབ་ལ་རྣམ་འགྱུར་བཟང་པོ་རེ་སྟོན་ཁུལ་བྱེད་པའི་ཚུལ་དུ་ཆབ་སྲིད་བཙོན་པ་ཝིས་ཅིང་ཧྲེང་དང་། ཝང་ཏན་སོགས་སྔ་ཕྱིར་གློད་དཀྲོལ་བཏང་བའི་བྱེད་སྟངས་དང་གཅིག་པ་རེད། འོན་ཀྱང་བོད་རྒྱ་འབྲེལ་མོལ་བྱེད་པའི་སྐབས་སུ་རྒྱ་ནག་གཞུང་ལ་སེམས་ཁྲལ་ཆེན་པོ་ཞིག་ཡོད་པ་ནི་ནང་ཁུལ་དཔོན་འབངས་རྣམས་རེད། དེ་ནི་བོད་རྒྱ་འབྲེལ་མོལ་བྱས་པ་དེས་ནང་ཁུལ་གྱི་བོད་པ་ཚུད་པའི་མི་སེར་རྣམས་ལ་གོ་ནོར་ཆེན་པོ་ཞིག་ཐེབས་མི་ཡོང་ངམ་སྙམ་པ་དང་། ཁ་བྲལ་གྱི་ལྟོ་ཕོར་འཛིན་མཁན་དཔོན་རིགས་དག་སེམས་པ་འཁྱག་པར་དོགས་པ་སོགས་ནང་ཁུལ་སྤྱི་ཡོངས་ལ་བསམས་ནས་བོད་རྒྱ་འབྲེལ་མོལ་བྱེད་ཐེངས་རེར་གོང་ས་ལ་མཚན་དམད་བྱེད་པ་དང་། བོད་རྒྱ་འབྲེལ་མོལ་བྱེད་པ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལས་བཟང་ཕྱོགས་ཀྱི་འབྲས་བུ་གང་ཡང་ཡོང་མི་སྲིད་པའི་བརྡ་འཕྲིན་དེ་ནང་ཁུལ་གྱི་དཔོན་འབངས་རྣམས་ཀྱི་བློ་རུ་འཇགས་ཐབས་བྱེད་ཆེད་རེད་བསམ། སྐབས་ལྔ་པའི་བོད་ཀྱི་ལས་ཀའི་སྐོར་གྱི་ཚོགས་ཆེན་འཚོགས་པ་དེ་ནས་རབ་རིབ་ཙམ་གསལ་བ་ནི། མ་་འོངས་རྒྱ་ནག་གཞུང་ནས་མདོ་དབུས་ཁམས་གསུམ་གྱི་བོད་པ་རྣམས་ཀྱི་ཕྱིའི་དངོས་པོའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་ལྷན་དུ་ནང་བསམ་པའི་ལོངས་སྤྱོད་དུ་གྱུར་པའི་ཆོས་ལུགས་ལ་དོ་དམ་བྱེད་ཚད་ཤུགས་ཆེ་རུ་གཏོང་རྩིས་ཡོད།༢༠༠༨ལོའི་ཞི་རྒོལ་ཆེན་པོ་བྱུང་བ་དེ་ནས་བཟུང་ད་བར་དུ་བོད་མིའི་འཐབ་རྩོད་རྣོ་ངར་ཆེ་ས་མདོ་ཁམས་ནས་བྱུང་བ་དེས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཁེ་ཕན་གྱིས་ལས་བྱེད་དང་ཤེས་ཡོན་ཅན་རྣམས་བསླུ་བྲིད་བྱེད་པའི་སྲིད་ཇུས་དེ་བོད་ལྗོངས་ཙམ་མ་ཚད་མདོ་ཁམས་བོད་རིགས་གནས་ས་ཀུན་ཏུ་མི་འདོད་བཞིན་དུ་ལག་ལེན་བསྟར་དགོས་པ་ཞིག་འབྱུང་གི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་ནས་དཔལ་འབྱོར་ནས་བློས་གཏོང་བྱེད་པའི་དམིགས་ཡུལ་ནི་རྒྱུ་ནོར་གྱིས་མི་སེམས་ཉོ་ཐབས་དང་།
བོད་ནང་ཁུལ་གྱི་དགོན་པ་དག་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱིས་བེད་སྤྱོད་བྱེད་ཐབས། ཕྱི་རུ་ཡོད་པའི་བོད་གཞུང་དང་གནད་དོན་ཐག་གཅོད་བྱེད་འདོད་མེད་པ་མ་ཚད་བོད་རྒྱ་ཕྱི་ནང་གཞུང་གཉིས་ཀྱི་འཐབ་རྩོད་དེ་ཡུན་རིང་པོ་བྱེད་པར་གྲ་སྒྲིག་དང་སྟོབས་ཤུགས་ཡང་གསོག་བཞིན་ཡོད་ལ།
མཐར་ཐུག་ནང་ཁུལ་གྱི་བོད་མི་རྣམས་འཇོན་པ་རྒྱུ་ནོར་གྱིས་བསླུས་ནས་རིམ་པས་རྒྱ་འགྱུར་ལམ་དུ་ཁྲིད་པ་དང་། མ་འཇོན་པ་རྣམས་ག་ལེར་སྤྱི་ཚོགས་ཀྱི་ཟུར་དུ་ཕུད་ནས་རྒྱ་མིའི་དཀྱིལ་དུ་འཐིམས་བཅུག་ནས་བོད་མི་རིགས་འདི་རྩ་མེད་བཟོ་བའི་རྒྱང་རིང་གི་འཆར་གཞིའི་ལམ་བུ་ཞིག་ལ་སྙེག་བཞིན་ཡོད་པ་རེད། དེར་བརྟེན་རྒྱལ་སྤྱིའི་གནོན་ཤུགས་ཆེན་པོའམ་ཡང་ན་རྒྱ་ནག་ནང་ཁུལ་དུ་འཁྲུག་ཆེན་པོ་ཞིག་ཐེབས་ན་མ་གཏོགས་ད་ལྟའི་དམར་ཤོག་གི་སྲིད་དབང་གཉེར་སྟངས་འདིའི་འོག་ཏུ་བོད་དོན་ནམ་ཡང་ཐག་གཅོད་བྱེད་འདོད་མེད་པའམ་མདོ་དབུས་ཁམས་གསུམ་གཅིག་ཏུ་འདུས་པའི་རང་སྐྱོང་གཙང་མ་ཞིག་སྤྲོད་རྩིས་གཏན་ནས་མེད་པ་ནི་གསལ་པོ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།