གསར་འགྱུར་གསར་པ།:

བོད་རྒྱ་ཞི་མོལ་ཐེངས་བརྒྱད་པ་དང་མ་འོངས་བོད་ཀྱི་ཁ་ཕྱོགས།

ཕྱི་ཟླ་༡༡ཚེས་༦ ཉིན་ྋགོང་ས་མཆོ་གི་སྐུ་ཚབ་རྣམ་པ་པེ་ཅིང་ནས་ཕྱིར་རྒྱ་གར་རྒྱལ་ས་ལྡི་ལིར་ཁོར་ཞིང༌། རང་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་དུ་ལྡི་ལིར་ཕེབས་ཏེ། དམིགས་བསལ་ཚོགས་ཆེན་མ་བསྐོངས་སྔོན་ཐེངས་འདིའི་ཞི་མོལ་ཕྱི་བསྒྲགས་མི་བྱེད་རྒྱུའི་ཐག་བཅད། འོན་ཀྱང་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་ཕྱི་ཚེས་༦ཉིན་རྒྱ་ནག་ཆབ་སྲིད་གྲོས་མོལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང༌། རྒྱ་དམར་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཅིག་ལྕོགས་ཏུའུ་ཆིན་ལིང་གིས་གོང་ས་མཆོག་གི་སྐུ་ཚབ་དང་མཇལ་འཕྲད་གནང་ལུགས་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་ཞིང༌། གསལ་བསྒྲགས་དེའི་ནང་ཏུའུ་ཆིང་ལིང་གིས་རྣམ་འགྱུར་མཁྲེགས་པོའི་ཐོག་རྒྱུན་འཁྱོངས་དགོས་པ་གསུམ་དང༌། མི་འགྲིག་པ་གསུམ་ཞེས་པ་ནན་བཤད་བྱས་ཏེ། ཐེངས་འདིའི་ཞི་མོལ་གྱི་རག་དབྱིབས་འཛམ་བུ་གླིང་གི་མདུན་དུ་བཤམས་ཡོད།

ཕྱི་ཟླ་༡༡ཚེས་༡༠ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་སྡེ་ཚན་ནས་ཆེད་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། རྒྱ་དམར་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་འགོ་གཙོ་གཞོན་པ་ཀྲོའུ་ཝེ་ཆོན་དང༌། འགོ་གཙོ་གཞོན་པ་སྲི་ཐར། བོད་རང་སྐྱོང་ལྗོངས་ཀྱིརྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་འཕྲིན་ལས་བཅས་གདན་འདྲེན་ཞུས་ཏེ་ཐེངས་འདིའི་གྲོས་མོལ་སྤྱི་ཡོངས་ཕྱི་བསྒྲགས་བྱས་ཡོད་པ་དང༌། དེ་ནི་༢༠༠༢ལོར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཐུབ་པ་ནས་བཟུང་ད་བར་ཐེངས་དང་པོ་ཡིན་ཞིང༌། གསར་འགོད་ལྷན་ཚོགས་དེའི་སྒང་རྒྱ་ནག་གི་སྐུ་ཚབ་རྣམ་པས་ལངས་ཕྱོགས་མཁྲེགས་བཟུང་ཐོག ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་ལ་འཛིན་པའི་རྩ་བའི་སྲིད་བྱུས་དང་རྩ་དོན་གསལ་སྟོན་བྱས་ཡོད་ལ། དེས་ང་ཚོར་ནམ་རྒྱུན་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་གསུངས་བཞིན་པའི་གླང་ཆེན་གྱི་རྩྭ་ཟ་བའི་མཆེ་བ་དེ་ད་དུང་བསྟན་མེད་ལ། བོད་རྒྱ་ཞི་མོལ་བརྒྱུད་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཕྲ་མོ་ཞིག་དེ་བས་ཀྱང་སྟེར་མེད།

གསར་འགོད་ལྷན་ཚོགས་ཐོག་ཀྲོའུ་ཝེ་ཆོན་གྱིས་ངོ་སྤྲོད་གནང་སྐབས། ཐོག་མ་གོང་ས་མཆོག་གི་སྐུ་ཚབ་བར་འབྲེལ་མཐུད་དང་གྲོས་མོལ་ཐེངས་དགུ་བྱས་ཡོད་ལུགས་ཐེངས་ངོས་ལེན་གསལ་པོ་བྱས་ཡོད་རུང༌། ད་ཐེངས་ཀྱི་ཞི་མོལ་ནང་ཐེངས་དང་པོ་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་གཞོན་པ་པད་མ་འཕྲིན་ལས་ཞུགས་བཅུག་པ་ནི་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་གཅིག་པུའི་གནད་དོན་མཚོན་བྱེད་ཙམ་ཡིན་པ་ཆབ་སྲིད་ཞིབ་འཇུག་པ་ཚོས་བརྗོད་ཀྱི་ཡོད།

དེའང་ཀྲུའོ་ཝེ་ཆོན་གྱིས་ངོ་སྤྲོད་གནང་དོན། ད་ཐེངས་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིང་གིས་ྋཏཱ་ལའི་བླ་མའི་སྒེར་གྱི་སྐུ་ཚབ་དང་མཇལ་འཕྲད་གནང་སྐབས། གཙོ་བོ་དོན་གནད་གསུམ་ནན་བཤད་བྱས་ཡོད། དང་པོ་ནི་རྒྱ་ནག་ཏུ་ཚོགས་པ་དང་མི་སྒེར་སུ་ཡིན་རུང༌། ཚང་མས་རྩ་ཁྲིམས་ལ་བརྩི་འཇོག་བྱ་དགོས། གུང་ཁྲན་ཏང་གི་འགོ་འཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང༌། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁ་རྒྱུན་འཁྱོངས་བྱེད་དགོས་པ། མི་རིགས་ས་ཁུལ་རང་སྐྱོང་གི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་ནི་རྒྱ་ནག་གི་རྩ་ཁྲིམས་སུ་གཏན་འབེབས་གསལ་པོ་ཡོད་པས། སུ་ཞིག་གིས་ཀྱང་རྩ་ཁྲིམས་དང་འགལ་བ་དང༌། རྒྱུན་འཁྱོངས་གསུམ་ལ་ཁས་ལེན་མི་བྱས་པའི་བྱ་སྤྱོད་གཏན་ནས་སྤེལ་མི་ཆོག གཉིས་པ་ནི་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་ལ་ཤེས་རྟོགས་ཡང་དག་པ་བྱེད་དགོས་པ་དང༌། དེ་ནི་རྒྱལ་ཁབ་འགའ་ཞིག་ཏུ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཕྲན་མཉམ་འབྲེལལམ་ལུགས་སམ། རྒྱ་ནག་གིས་ཧོང་ཀང་དང་མའེ་ཀའོ་སོགས་སུ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་གཅིག་མཚུངས་མིན་སྟབས། སུ་ཞིག་གིས་ཀྱང་རང་སྐྱོང་དངོས་ཟེར་བ་ཁར་འཁྱེར་ནས་མི་རིགས་ཁ་བྲལ་དང༌། མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་སྤྱོད་སྤེལ་མི་ཆོག གསུམ་པ་ནི་མི་འགྲིག་པ་གསུམ་ཡིན་ཞིང༌། དེ་ནི་ཏཱ་ལའི་བླ་མས་བོད་རང་བཙན་རྩོད་ན་མི་འགྲིག་པ་དང༌། ཕྱེད་རང་བཙན་དང་རྣམ་པར་འགྱུར་བའི་རང་བཙན་ཡང་མི་འགྲིག་ལུགས་གསལ་བཤད་བྱས་ཡོད།

གོང་དུ་དོན་ཚན་གསུམ་ལ་བལྟས་ན་བོད་རྒྱའི་བར་ཞི་མོལ་ གྱི་གཞི་རྩའང་མེད་ཅིང༌། ཀྲུའུ་ཝེ་ཆོན་གྱིས་ད་དུང་ང་ཚོས་རྒྱ་རི་སོགས་ཏཱ་ལའི་བླ་མའི་འཐུས་ཚབ་ངོས་ལེན་ཞུས་ཏེ་ཁོ་ཚོ་དང་ཐུག་འཕྲད་དང་གྲོས་མོལ་གནང་བ་དེ། ཏཱ་ལའི་བླ་མས་ཁ་བྲལ་རིང་ལུགས་ཀྱི་ལངས་ཕྱོགས་དང་བྱ་སྤྱོད་རྦད་དེ་མཚམས་འཇོགས་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཡོངས་མི་མང་དགོངས་དྭངས་ཡོང་ཐབས་དང༌། ཁོ་རང་སྒེར་དང་གཡས་གཡོན་གྱི་མི་སྣ་ཉུང་ཤས་ཤིག་གི་མདུན་ལམ་ཐོག་སྐད་ཆ་བཤད་པ་ལས། ཁོ་ཚོ་མཉམ་བོད་ཀྱི་གནད་དོན་ཞེས་པ་རྩ་བ་ནི་གྲོས་མོལ་བྱེད་མི་སྲིདཅེས་བཤད།

ང་ ཚོས་གསར་པ་ཤེས་ཐུབ་པ་ཞིག་ལ། ད་ཐེངས་ང་ཚོའི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་རྫོགས་རང་སྐྱོང་ དངོས་ཐོབ་ཐུབ་པའི་བརྗེད་ཐོ་ཞིག་ཕུལ་ཡོད་ཅིང༌། བརྗེད་ཐོ་དེའི་ནང་དོན་ད་ལྟ་ང་ཚོ་སུས་ཀྱང་ཤེས་ཀྱི་མེད་ཀྱང༌། རྒྱ་ནག་གཞུང་གིས་བརྗེ་ཐོ་དེའི་ནང་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས་ཀྱི་ཚིག་འབྲུ་བེད་སྤྱོད་བྱས་ཏེ་མཛེས་རྒྱན་སྤྲས་ཡོད་ཀྱང༌། མགོ་བརྗོད་ནས་ནང་དོན་བར་ད་དུང་བོད་ཆེན་པོ་དང༌། ཆེ་མཐོའི་རང་སྐྱོང་སོགས་ང་ཚོས་སྔོན་ནས་གསལ་སྟོན་བྱས་ཚར་བའི་ཕྱེད་རང་བཙན་ དང༌། རྣམ་པ་འགྱུར་བའི་རང་བཙན། དོན་དམ་དུ་བཤད་ན་རང་བཙན་དངོས་རང་རེད་འདུག་ཅེས་ཁས་ལེན་བྱས་མེད།

གསར་འགོད་ལྷན་ཚོགས་ཐོག་གོང་ས་མཆོག་གིས་བཏོན་གནང་བའི་ཞི་བའི་དོན་ཚན་ལྔར་རེ་རེ་བཞིན་དགག་ལན་བརྒྱབ་པ་མ་ཟད། དེ་ནི་འགྲུབ་ཐབས་མེད་པའི་རང་བཙན་འཁྲུལ་མེད་ཡིན་ལུགས་སྐྱོན་བརྗོད་བྱས་པ་དང༌། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་ནང་མ་ཎི་བགྲང་བ་ལྟར་བགྲང་བཞིན་པ་དང༌། འགའ་ཞིག་གིས་དེ་ནི་ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་གཞི་རྟེན་ལྟ་བུར་བརྩིས་བཞིན་པའི་ཏིང་ཞའོ་ཕིང་གིས་རང་བཙན་ཕུད་གཞན་གང་ཡིན་རུང་ཚང་མ་གྲོས་མོལ་བརྒྱུད་ཐག་གཅོད་བྱེད་ཆོག་ཅེས་པའི་སྐད་ཆ་དེའང་ད་ཐེངས་རྒྱ་ནག་གིས་ཁས་ལེན་བྱེད་མེད་ ཅིང༌། རྒྱ་ནག་གི་སྐུ་ཚབ་ཚོས་ཏིང་ཞའོ་ཕིང་གི་སྐད་ཆ་དེ་འདྲ་ཞིག་བཤད་མྱོང་མེད་ལ། དེ་ནི་ཏིང་ཞའོ་ཕིང་གི་གསུང་བཤད་ལ་འཁྱོག་བཤད་དང༌། གལ་སྲིད་སུས་ང་ཚོའི་རླབས་ཆེན་རྒྱལ་གཅེས་པ་ཏིང་ཞའོ་ཕིང་གི་གསུང་བཤད་ཁྲོད་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་སྤེལ་བར་མཁོ་བའི་ཚིག་རེ་གཉིས་བསྒྲུབ་ཐབས་བྱས་ན། དེ་ནི་ལྐུག་པ་ལྐུག་རྐྱང་རེད་ཅེས་བཤད།

གསར་འགོད་ལྷན་ཚོགས་ཐོག་ད་དུང་བོད་ཀྱི་གནས་བབ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་ལུགས་དང༌། བོད་ནང་གནས་ཚུལ་ཛ་དྲག་ཡོད་ཟེར་བ་དེ་རྡུང་གཅོག་འཕྲོག་སྲེག་བྱེད་མཁན་ཉུང་ཤས་དང་དེར་རྒྱབ་སྐྱོར་བྱེད་མཁན་ཚོ་ཛ་དྲག་ཏུ་གྱུར་སྲིད་པ་ལས། རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་ཞིང་འབྲོག་མི་མང་ནི་བོད་བརྟན་ལྷིང་གི་གཞི་རྩ་ ཡིན་ལུགས་དང༌། ལྷག་པར་དུ་གསར་འགོད་པས་ད་ལྟ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དགོང་ལོ་མཐོན་ པོ་ཆགས་པ་དང༌། ཁོང་གི་དབུ་མའི་ལམ་ལ་ཁྱེད་ཚོས་མཐའ་གཅིག་ཏུ་སྐྱོན་བརྗོད་བྱས་སྟབས། གལ་སྲིད་མ་འོངས་པར་གཞོན་སྐྱེས་ཚོས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བ་དང༌། དྲག་སྤྱོད་ཐོག་བོད་རང་བཙན་རྩོད་ལེན་བྱེད་པར་དགོངས་པ་འཁོར་ཡོད་མེད་སྐོར་དྲི་ བ་བཏང་དུས། རྒྱ་ནག་གི་སྐུ་ཚབ་ནས་ཁེངས་དྲེགས་དང་འཇིགས་བསྐུལ་ཆེན་པོའི་ངང་གལ་སྲིད་ང་ཚོར་དྲག་པོའི་ལས་འགུལ་སྤེལ་འདོད་ཡོད་ན། ང་ཚོ་སྔོན་མའང་འཛིན་མྱོང་མེད་པ་མ་རེད། ག་དུས་འཛིན་ནའང་མཇུག་འབྲས་གང་འདྲ་ཞིག་ཆགས་ཡོད་པ་ཁྱོད་ཚོས་ཤེས་གསལ་རེད། དེ་ནི་འགྲུབ་པའི་རེ་བ་སྣེ་གཅིག་མེད་ལ། ཆབ་སྲིད་ཐོག་སོ་སོ་རྩ་མེད་དེ་བས་མགྱོགས་པ་འགྲོ་བའི་རྒྱུ་ཉག་ཅིག་རེད་ཅེས་བརྗོད།

གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་སྐུ་ཚབ་རྣམ་པས་ད་བར་བོད་རྒྱ་ཞི་མོལ་ལ་གྲུབ་འབྲས་མ་ཐོན་པའི་རྒྱུ་མཚན་ཡོངས་རྫོགས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་གཞུང་ལ་ལྷག་བསམ་མེད་ལུགས་དང༌། ད་ལོ་ཕྱི་ཟླ་བདུན་པའི་ནང་ཁས་ལེན་བྱས་པའི་རྒྱབ་སྐྱོར་མི་བྱེད་པ་བཞི་ལག་བསྟར་བྱས་མེད་པའི་རྐྱེན་གྱིས་ཡིན་ལུགས་བརྗོད་ཡོད། མདོར་ན་ད་ཐེངས་ཀྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་སྐུ་ཚབ་རྣམ་པས་ལངས་ཕྱོགས་མཁྲེགས་བཟུང་དང༌། རྣམ་འགྱུར་གདུག་རྩུབ་བསྟན་པ་ནི་ཨོ་ལིམ་ཕིག་གི་ལུས་རྩལ་མཇུག་སྒྲིལ་རྗེས་རྒྱ་ནག་གིས་འཛམ་གླིང་གི་རྣམ་འགྱུར་ལ་བལྟ་མི་དགོས་ལ། བོད་ཀྱི་གནད་དོན་ཐག་གཅོད་བྱས་པའི་འཆར་གཞི་དང་ལྷག་བསམ་མེད་པ་དངོས་ར་གསལ་པོ་འཕྲོད་ཡོད།

ལར་ནས་ང་ཚོས་བོད་རྒྱ་ཞི་མོལ་བརྒྱུད་བོད་དོན་ཐག་གཅོད་བྱེད་ཐུབ་པའི་རེ་བ་བརླགས་ཟིན་ཞིང༌། དེ་བརླགས་པའི་རྐྱེན་རྩ་གཙོ་བོའང་རྒྱ་ནག་གི་རྩ་ཁྲིམས་དང་རང་སྐྱོང་ཁྲིམས་ ལུགས་སོགས་མིན་ཞིང༌། གཙོ་བོ་གུང་ཁྲན་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་ལ་ཐུག་ཡོད་སྟབས། གུང་ཁྲན་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་མཇུག་མ་བསྒྲིལ་ན་ང་ཚོའི་རླབས་ཆེན་དབུ་མའི་ལམ་ལ་འགྲོ་ལམ་མེད་པ་ཤེས་རྟོགས་གསལ་པོའི་ཐོག ང་ཚོས་སྟོབས་ཤུགས་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ནས། རྒྱ་ནག་ནང་དང༌། ཐའེ་ཝན། ཧོང་ཀང༌། ཕྱི་རྒྱལ་དུ་མང་གཙོ་དོན་གཉེར་ཅན་སོགས་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་བའི་སྟོབས་ཤུགས་ཡོངས་དང་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་བྱས་ཏེ། རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་བའི་ཉིན་མོ་དེ་ནི་རླབས་ཆེན་དབུ་མའི་ལམ་ལ་འགྲོ་ལམ་གཏོད་པའི་ཉིན་མོ་ཡིན།། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། བོད་ཀྱི་བང་ཆེན་དྲ་གནས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།