དགོངས་བཞེས་གནང་དགོས་པ་ཤིན་ཏུ་གལ་ཆེ།

སྤྱིར་བོད་ཀྱི་ནང་བསྟན་ཆོས་རིག་ནི་གངས་ཅན་པའི་སྲོག་དབང་ལྟ་བུ་དང་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་འབྱུང་བའི་གཞི་མ་ཡིན་ཞིང༌། སྒོས་སུ་དེ་འཛིན་སྐྱེས་བུ་དམ་པ་བླ་སྤྲུལ་དང་དགེ་བཤེས། གྲྭ་བཙུན་རྣམས་ནི་ནང་བསྟན་གྱི་བརྗིད་ཉམས་སམ། ཡང་ན་ཁ་བ་རི་པའི་ལུགས་གཉིས་ཟུང་འབྲེལ་གྱི་རྒྱལ་བསྟན་ཉམས་པ་བསྐྱར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་གཞི་རྩའི་ངོ་བོའི་མཚོན་རྟགས་ངོ་མ་ཡིན། ྋགོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་དང་བྱམས་བརྩེའི་བྱིན་འཐུ་བཅས་ལ་བརྟེན་ནས་གངས་ཅན་གྱི་ཁྱད་ནོར་འདིར་འཛམ་གླིང་ཁྱོན་ཡོངས་སུ་གུས་བཀུར་དང་བསྟོད་བསྔགས་ཀྱི་དད་པའི་མེ་ཏོག་འཐོར་བཞིན་ཡོད་པ་མ་ཟད། སྐྱབས་ཡུལ་བླ་སྤྲུལ་དང་དགེ་བཤེས། དགེ་འདུན་ཕལ་ཆེ་བས་ད་བར་འགྲོ་བ་ཡོངས་ཀྱི་ཕན་བདེའི་སླད་དུ་བོད་བསྟན་པ་ཆབ་སྲིད་དང་འཛམ་གླིང་ཞི་བདེ་བཅས་ཀྱི་དགོས་མཁོ་ཁོ་ནར་དགོངས་ཏེ་སྐུ་ངལ་ཚད་མེད་བསྐྱོན་དང་སྐྱོན་བཞིན་པ་འདིས་ད་ལྟ་གངས་ལྗོངས་ཀྱི་ཆོས་རིག་འདི་ཉིད་ངོམ་ཆོག་པ་དང་རང་རིགས་རྣམས་ཀྱིས་འཛམ་གླིང་ཐོག་འགོ་བཏེགས་ནས་འགྲོ་ཆོག་པ་འདི་བྱུང་བ་ཞིག་རེད།

ཡིན་ཡང་དེ་དང་ཆབས་ཅིག་ཏུ་དེང་སང་དུས་ཀྱི་འགྱུར་བའམ་ཚན་རིག་གི་འཕེལ་རིམ། ཡང་ན་དེང་རབས་ཀྱི་གསར་གཏོད་མཚམས་སུ། གང་ལྟར་ཕྱོགས་གཞན་ནས་རང་རིགས་ནང་བསྟན་གྱི་སྤྱི་ཚོགས་སུ་མ་འགྲིག་པའི་ཆ་ཁ་ཤས་ཡོད་འདོག་གིས་བཏོན་ཐབས་བྱེད་བཞིན་ཡོད་པ་དང༌། ཡང་ཕྱི་རྒྱལ་ཆོས་ཚོགས་དང་དད་ལྡན། རང་རིགས་ཀྱི་དད་ལྡན་བཅས་ཀྱིས་ཕྱོགས་གང་ས་ནས་རང་ཅག་གངས་ཅན་པ་རྣམས་ཀྱི་སྐྱབས་ཡུལ་དགེ་འདུན་པ་ཁ་ཤས་ཀྱི་ཆོས་ཕྱོགས་ཀྱི་ལས་དོན་ཚགས་ཚུད་མེད་ལུགས། བཙན་བྱོལ་སྤྱི་ཚོགས་ཀྱི་དཀྱིལ་འཁོར་ཆུང་ཆུང་ནང་ཡོད་པའི་བླ་སྤྲུལ་དགེ་བཤེས་དང་གྲྭ་བཙུན་མིང་འཛིན་འགའ་ཤས་ནས་ནང་བསྟན་ཆོས་རིག་གི་དོན་དམ་གྱི་ཉམས་ལེན་དང་ཚུལ་སྤྱོད་ལྟ་ཅི། འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་དང་ལས་དོན་མ་འོས་པ་མང་དག་ཅིག་སྤེལ་བཞིན་ཡོད་ཚུལ་བརྒྱུད་ལམ་འདྲ་མིན་ནས་ཕྱིར་བསྒྲགས་དང་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད། སྐུ་སྒེར་ཡིག་ཚང་དུའང་གནས་ཚུལ་དེའི་རིགས་ཕྱི་རྒྱལ་པས་གནས་བྲིས་ཀྱང་གང་མང་འབྱོར་ཡོད་འདུག

སྤྱིར་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ནག་པོའི་བགེགས་དང་བར་ཆད་མང་རུང༌། གནད་དོན་འགའ་ཤས་དོན་དངོས་ཡིན་སྲིད་པ་ཞིག་རེད། ཕྱི་རྒྱལ་ཆོས་ཚོགས་ཁག་ཏུ་གྲྭ་ཚང་ཁག་ནས་གཏོང་བཞིན་པའི་ནང་ཆོས་དགེ་རྒན་དང་གྲྭ་བཙུན་རྣམས་ལ་དམིགས་བསལ་སྟངས་འཛིན་དང་དོ་དམ་ནན་པོ་དགོས་རྒྱུར་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་ལུགས་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་རང་གཞུང་ཆོས་རིག་ལས་ཁུངས་བཅས་ནས་འབོད་སྐུལ་མི་ཉུང་བ་ཞིག་ཞུས་ཟིན་ཡང་ད་དུང་གནས་སྟངས་འགྱུར་བ་མེད་པ་ལྟ་བུ་ཡོད་པ་མ་ཟད། དགེ་བཤེས་དང་གྲྭ་བཙུན་མིང་འཛིན་པ་ཁ་ཤས་ནས་ནང་བསྟན་ཆོས་རིགས་སྤེལ་ཁུལ་གྱིས་ྋགོང་ས་མཆོག་དང་དགོན་པའི་མཚན་འཁྱེར་ཏེ་སྐུ་གསུང་ཐུགས་རྟེན་དང་འདོན་རྟ་དབྱངས། ཐིག་དང་རྡུལ་ཚོན། ཆོ་ག་ཕྱག་ལེན་དང་བཅས་པ་རྒྱལ་སྤྱིའི་ཁྲོམ་ར་ལྟར་དང༌། རང་ཉིད་ཀྱི་ཁེ་ལས་རྐྱང་པའི་ཆེད་ཚོང་ཟོག་བཞིན་བེད་སྤྱོད་གཏོང་བཞིན་པ་ནི་དེ་ལས་ཀྱང་ཤིན་ཏུ་མ་འོས་ཤིང༌། ད་དུང་བོད་ཀྱི་ནང་བསྟན་ལ་དད་ལྡན་ཕྱི་རྒྱལ་སྦྱིན་བདག་ཚོར་ཇུས་ངན་ལྐོག་བཤམས་ཀྱི་རང་ཉིད་ལ་འགྲོ་གྲོན་ཧ་ཅང་ཆེན་པོ་ཡོད་ཁུལ། དགེ་བཤེས་གཏོང་སྒོ་སོགས་ཀྱི་མིང་ཚིག་ཡིག་ངག་གཉིས་ནས་འགྲེལ་བཤད་ལོགས་བརྗོད་ཀྱིས་དངུལ་རྔན་ཚད་ལས་བརྒལ་བ་ལེན་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་ཐོན་གྱིན་ཡོད་པ་དེ་དག་གལ་ཏེ་དངོས་བདེན་ཡིན་ཚེ་བློ་ཕམ་དགོས་པ་ཞིག་མ་རེད་དམ། དཔེར་ན་བོད་པའི་གྲྭ་པ་ཞིག་གིས་ཕྱི་རྒྱལ་སྦྱིན་བདག་ལ་བསྐུར་བའི་ཡི་གེ་དེ་ངོ་བཤུས་བཅས་སྦྱིན་བདག་དེས་ྋགོང་ས་མཆོག་གི་མཚན་ཐོག་ཏུ་ཕུལ་ནས། དེ་དག་ཡག་པོ་མིན་ཚུལ་དང༌། དགེ་བཤེས་གཏོང་སྒོའི་འགྲོ་སོང་དེ་དག་ཀྱང་ལུགས་སྲོལ་ཡག་པོ་ཞིག་མིན་ཚུལ་བཅས་འཁོད་ཡོད་པ་རེད།

སྤྱིར་དགེ་བཤེས་གཏོང་སྒོའི་ལམ་སྲོལ་སོགས་ལ་ལེགས་པར་མ་བརྟགས་ཤིང་ཟུར་ཞིག་ནས་གླེང་སློང་བྱས་པ་ནི་སྤྱིར་ཕྱི་རྒྱལ་གྱི་མཐོ་སློབ་ཁག་གི་ལམ་ལུགས་དང་དེར་ཡོད་སློབ་མ་རྣམས་ཀྱི་སློབ་ཡོན་འགྲོ་གྲོན་དང་བཅས་པའི་སྐོར་ལ་དོ་སྣང་གཏན་ནས་བྱེད་མ་མྱོང་བའི་དངོས་རྟགས་ལྟ་བུ་ཡིན་པ་དང༌། ཕྱི་རྒྱལ་པས་བཤད་པ་གཅིག་པུ་གཙིགས་སུ་འཛིན་མི་རུང་བར་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད་ཅེས་གསུངས་པ་ལྟར། བརྒྱ་ཆ་བརྒྱ་ཡིད་ཆེས་བྱེད་འོས་པ་ཞིག་ཏུའང་ངོས་འཛིན་བྱེད་མི་རུང་སྙམ་ཡང༌། ཅིག་བྱས་ན་ྋགོང་ས་མཆོག་ལ་དད་གུས་དང་བོད་རིགས་ལ་ཤ་ཞེན་ཆེ་བས་མ་བཟོད་པའང་ཡིན་སྲིད་པ་ཞིག་རེད།

དེ་འདྲའི་ཆོས་ཕྱོགས་ཀྱི་དུས་ཚིགས་དེ་ནི་རང་ཉིད་ཀྱི་འཆད་རྩོད་རྩོམ་གསུམ་ལ་བརྟེན་ནས་བོད་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་བསྒྲུབས་པའམ་ནང་བསྟན་ཆོས་ཕྱོགས་ཀྱི་གནད་འགག་གལ་ཆེན་ཞིག་ཡིན་པ་སྨྲ་ག་ལ་དགོས། ཡིན་ཡང་དགེ་འདུན་པར་བསྙེན་བཀུར་ཆེད་སྐུ་འགྱེད་དང་མང་ཇ་སོགས་ནང་ཁུལ་འགྲན་སྡུར་ལྟ་བུར་གྱུར་ན་རང་རིགས་ཀྱི་སྲོལ་བཟང་དེ་ཉིད་ལམ་གཞན་དུ་འགྲོ་ཡི་ཡོད་པ་ལྟ་བུར་མཐོང་སྲིད་པ་ཞིག་རེད། དེས་ན་རང་རིགས་སྐྱབས་ཡུལ་དགེ་འདུན་རྣམ་པ་དང་ལྷག་པར་དུ་དགོན་སྡེ་ཁག་གི་མཁན་སློབ་རྣམ་པས་གནས་ཚུལ་དེ་རིགས་ལ་དགོངས་བཞེས་གནང་དགོས་པ་ཤིན་ཏུ་གལ་འགངས་ཆེ་སྙམ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།