ཚན་རིག་པའི་ཉི་མའི་ཁྱིམ་རྒྱུད།
མཐའ་མའི་བསྐྱར་བཅོས། (༢༤༢༠༠༨༢༡༤༣) འབྲི་མཁན། ཡེ་ཤེས ་ ཆོས་བཟང་། ༡༤༢༠༠༨༡༨༠༧
ཚན་རིག་པའི་ཉི་མའི་ཁྱིམ་རྒྱུད་(Solar System)ལ་འཇིག་རྟེན་(Universal)དང༌། ཡང་ན་སྐར་ཚོགས་(Galaxy)སུ་གྲགས་པའི་རྒྱུ་སྐར་(Planet)ཁྱུད་རྣམས་སུ་བྲག་རྡོའི་རི་མཐོ་བང་རིམ་ཅན་དང་བཟོ་དབྱིབས་ངོ་མཚར་ཅན་མང་པོར་མེ་རི་རྒྱ་མཚོའི་རྦ་རླབས་ལྟར་འཕྱུར་བ། ལ་ལར་མེ་རིའི་རྡོ་ཤུན་གྱི་རྒྱུག་ཤུལ་རྣམས་གཙང་ཆུ་ལྟར་ཆགས་པ་དང་ལ་ལར་ཚ་གྲང་དང་རླུང་འཚུབ་སོགས་ཀྱི་རླབས་ཤུགས་དྲག་པོ་ལས་གྲུབ་པ། ལ་ལར་ཚ་ཤུགས་ཆེ་ལ་རྒྱུ་སྐར་གང་བོར་རྒྱ་མཚོས་ཁེངས་པ། དེ་དག་ཉི་མའི་འཐེན་ཤུགས་བཅས་ལ་བརྟེན་ནས་རང་ཉིད་འཁོར་བ་དང་ཉི་མར་ཡང་སྐོར་བ་རྒྱག་བཞིན་པ་བཅས་ནི་བར་སྣང་དུ་སྤྱིར་གྲངས་ཀྱིས་མི་ལངས་པ་དང༌། རྒྱུ་སྐར་དེ་དག་གི་གསེབ་ངོས་བཀོད་པ་རྣམས་དེ་ལས་ཀྱང་རྣམ་པ་མི་འདྲ་ལ། རྒྱབ་ཤུན་དང་བར་ངོས་རིམ་པ། དཀྱིལ་རྫས་དང་བཅས་པ་ས་རྡོའི་རིམ་པ་འདྲ་མིན་ལས་གྲུབ་སྟེ་ཕལ་ཆེ་བ་རླུང་དང་མེའི་འབྱུང་བའི་ནུས་ཤུགས་ཀྱིས་དབང་དུ་གྱུར་ཡོད་པ་མ་ཟད། རྒྱུ་སྐར་ཕལ་ཆེ་བར་མང་ཉུང་ལ་མ་ལྟོས་པར་རང་ཉིད་ཀྱི་འཁོར་ཟླ་བ་སོགས་ཀྱིས་སྐོར་བཞིན་ཡོད༌།
དེ་ཡང་དབང་སྒྱུར་བྱེད་པོ་ཉི་མར་གཙོ་བོར་བརྟེན་ནས་རང་བཞིན་གྱིས་ཚ་དྲོད་གྲང་ངར་གྱི་འགྱུར་ལྡོག་ལྡན་མིན་གྱི་ཁྱད་པར་ནི་ཤིན་ཏུ་ཆེ་ལ། ཡོངས་རྫོགས་འཐེན་ཤུགས་དང་འདྲེས་ཏེ་གཅིག་ལ་གཅིག་བརྟེན་གྱིས་གཙོ་འཁོར་དུ་གནས་པ་རེད། རྒྱུ་སྐར་དེ་རྣམས་ཀྱི་བར་ཐག་རིང་ཐུང་ལ་ཁྱད་པར་ཆེན་པོ་ཡོད་པ་དང་དེར་རྒྱུ་སྐར་རིག་པས་རྒྱུ་སྐར་བར་གྱི་རྒྱང་ཚད་(Astronomical Units)ཅེས་བརྗོད་པ་རེད། ད་དུང་རྒྱུ་སྐར་དེ་དག་གི་ངོ་ཞིང་དང་གཟུགས་དབྱིབས། དུས་རབས་གང་དུ་གྲུབ་མིན། རླུང་དང་ཆུའི་འབྱུང་ཁམས། འཁོར་སྐྱོད་ཀྱི་མྱུར་ཚད། དཀྱིལ་རྫས་དང་ངོ་ཤུན། བྲག་རི་དང་མེ་རི། འབྱུང་བའི་གནོན་ཤུགས་བཅས་ནི་རྒྱུ་སྐར་རིག་པས་དཔྱད་གཞི་གཙོ་བོ་རེད། བྲག་རྡོ་ཕ་བོང་ལས་གྲུབ་པའི་རྒྱུ་སྐར་གྲངས་ཀྱིས་མི་ལངས་ལ་ཆེ་ཆུང་ཡང་སྣ་ཚོགས་ཤིག་ཡོད་པ་དང༌། མང་པོ་ཞིག་གཟའ་ཆེན་དེ་ཚོའི་ཕྱོགས་གང་སར་ལྷུངས་ཏེ་རང་ཉིད་འཐོར་བའམ་གཟའ་ཆེན་དེ་དག་ཏུ་བརྡབ་སྐྱོན་ཕོག་གི་ཡོད།
དེ་བཞིན་ང་ཚོའི་སའི་གོ་ལར་ཡང་ཉེན་ཁ་དང་ཇེ་ཉེར་འགྲོ་བཞིན་ཡོད་ལུགས་འགྲེལ་བརྗོད་བྱས་པ་རེད། ཡིན་ཡང་སྐར་མ་དུ་བ་མཇུག་རིང་སོགས་རྒྱུ་སྐར་རྣམས་ཉི་མའི་ཁྱིམ་རྒྱུད་གྱི་གཟའ་ཆེན་དུ་བརྩིས་མེད། འདི་སྔོན་སྤྱིར་ཉི་མའི་ཁྱིམ་རྒྱུད་ཡོངས་གྲགས་ཀྱི་རྒྱུ་སྐར་ལ་༩ ཡོད་ཅིང་ཚན་རིག་པ་ཚོས་ཀྱང་ད་བར་དེ་རྣམས་སུ་འཕྲུལ་རིགས་འདྲ་མིན་བེད་སྤྱད་དེ་དཔྱད་ཞིབ་རིམ་པ་བྱས་ཡོད་ནའང༌། ཕྱིའི་དངོས་པོ་སྨྲ་བའི་དཔྱད་ཞིབ་ཀྱི་གོ་རིམ་ལ་མཐའ་མེད་ཅིང་དེའི་གསར་རྙེད་ཀྱི་དངོས་པོའམ་གྲུབ་འབྲས་རྣམས་དེ་ལས་ཀྱང་རྫོགས་མཐའ་མེད་པ་ཞིག་རེད། ༡༩༧༩ ལོར་ཨ་རིས་བར་སྣང་དུ་མངགས་གཏོང་བྱས་པའི་རྒྱང་སྐྱོད་ཉུལ་ཞིབ་པ་༡ པོ་(Voyager 1)དང་ཉུལ་ཞིབ་པ་༢ པ་(Voyager 2)ཞེས་པ་གཉིས་འཛམ་གླིང་གི་ཕ་རོལ་དུ་མངགས་གཏོང་བྱས་པས་དཔྱད་ཞིབ་བརྒྱུད་རྒྱུ་སྐར་རྣམས་ཀྱི་ངོ་བོ་དང་དེ་དག་གི་ངོ་མའི་ཁྱད་ཆོས་རྣམས་ངོ་རྟགས་ཆོད་པར་ཕན་རླབས་ཆེན་པོ་བྱུང་བ་རེད།
ཡང་ཉེ་དུས་ཉི་མ་སོགས་ཀྱི་གཙོ་འཁོར་གཞན་ཞིག་གསར་རྙེད་བྱུང་བ་དང༌། ཡོངས་གྲགས་ཀྱི་ད་ལྟའི་རྒྱུ་སྐར་གྱི་ཁོངས་སུ་མེད་པའི་རྒྱུ་སྐར་ཞིག་གསར་རྙེད་ཐུབ་ཡོད་ལ། གསར་རྙེད་བྱུང་བའི་རྒྱུ་སྐར་དེ་ཡང་སྐར་མ་མཚོ་རྒྱལ་ལས་རྒྱང་ཐག་རང་བའི་རྒྱུ་སྐར་ཞིག་རེད་ལ། དེའི་ཁྱད་མིང་ཡང་གསར་དུ་གདགས་རྒྱུ་རེད། གནའ་བོའི་སྐར་རྩིས་རིག་པ་དང་སྐར་རྩིས་ཆེད་ལས་མཁས་པ། གཞན་ཡང་སྔ་མོའི་ཚན་རིག་སྨྲ་བ་ཚོས་ཉི་མ་དང་དེའི་ཁྱིམ་རྒྱུད་རྣམས་སྲོག་དང་འོད་ཅན་དུ་སྨྲས་པ་མ་ཟད། སྔ་མོའི་ཆོས་ལུགས་ཀྱི་ལྟ་གྲུབ་འགའ་ཤས་ཀྱི་ཐོག་ནས་ཀྱང་རྒྱུ་སྐར་རྣམས་དཀོན་མཆོག་གིས་བཀོད་བཟོས་བྱས་པ་དང་དེ་རྣམས་སྲོག་ཅན་དང་རང་བཞིན་གྱིས་འོད་ཟེར་གྲུབ་ལུགས། ཡང་ཕྱོགས་གཞན་ནས་རིམ་པས་ཚན་རིག་འཕེལ་རྒྱས་ཀྱིས་རྒྱུ་སྐར་དེ་དག་གྲུབ་པའི་ཚུལ་སོགས་ཀྱི་ལོ་རྒྱུས་རྣམས་དུས་རབས་༡༥ ནས་ད་བར་འཛམ་གླིང་དུ་དོ་སྣང་དང་འབད་བརྩོན་ཆེན་པོས་དཔྱད་གཞི་གཙོ་བོ་ཞིག་ཏུ་གྱུར་པ་དང༌། དེ་ནས་རིམ་བཞིན་བར་སྣང་དུ་འཕྲུལ་རིགས་དང་མིས་བཟོས་སྲུང་སྐར་མངགས་གཏོང་བྱས་པ་རེད།
༡༩༥༧ ནས་འགོ་འཛུགས་ཀྱིས་༡༩༦༡ ནས་གོ་ལ་འདི་དང་ཤིན་ཏུ་རྒྱང་ཐག་རིང་བའི་བར་སྣང་དུ་ཕྱིན་ཏེ་དཔྱད་ཞིབ་འགོ་བཙུགས་ཐུབ་ཡོད་པ་དང༌། དེང་སང་འཛམ་གླིང་དང་རྒྱང་ཐག་ཉེ་བའི་རྒྱུ་སྐར་ཐོག་ཏུ་མིས་ཀྱང་འགྲོ་སྐྱོད་དང་བར་ཐག་རིང་བའི་རྒྱུ་སྐར་སྟེང་འཕྲུལ་རིགས་དང་སེམས་ཅན་བཏང་བ། ཚན་རིག་འཕེལ་རྒྱས་ཕྱིན་པའི་རྒྱལ་ཁབ་མང་པོས་ཟླ་བ་ཙམ་མ་ཟད། རྒྱུ་སྐར་གཞན་གཟའ་སྐར་དམར་པོ་མིག་དམར་བཅས་ཀྱི་ཐོག་ལའང་རླུང་དང་ཆུའི་འབྱུང་བ་སོགས་གནས་མིན་དཔྱད་ཞིབ་དང༌། རྒྱུ་སྐར་དེ་ཚོའི་བཟོ་དབྱིབས་དང༌། དེ་དག་ལ་བྲག་དང་མེ་རི་མཐོ་བོ་ཇི་ཙམ་ཡོད་མེད་བཅས་ཀྱི་ཚོན་ཅན་པར་རིས་སོགས་མཁོ་སྤྲོད་བྱེད་ཐུབ་པའི་མི་བཟོའི་སྲུང་སྐར་སྣ་ཚོགས་མངགས་གཏོང་གིས་མི་ཡང་གཏོང་རྒྱུའི་འགྲན་སྡུར་གྱི་མཇུག་མཐའ་ནི་ད་ལྟའང་རྫོགས་མེད་ཅིང་ཡར་རྒྱས་ཀྱི་རྣམ་པའང་ཐོན་ངེས་རེད།
གང་ལྟར་ཡང་ད་ལྟ་རྗོད་བཞིན་པའི་ཉི་མའི་གཙོ་འཁོར་དུ་གནས་པའི་རྒྱུ་སྐར་ལ་༩ ཡོད་ཅིང༌། ཉི་མ་ནས་བརྩིས་པའི་རྒྱུ་སྐར་གསུམ་་པའམ་ང་ཚོའི་ཁྱིམ་རྒྱུད་སའི་གོ་ལ་(Earth)ནི་ཉི་མ་དང་རྒྱང་ཐག་ཀི་ལོ་མི་ཊར་ས་ཡ་༡༥༠ ལྷག་གི་སར་གནས་ཤིང་དེ་ནི་ཚན་རིག་པའི་རྒྱང་ཚད་(1AU)ཡིན་པ་དང་རང་ཉིད་ཀྱི་འཁོར་ཟླ་བའང་༡ ཡོད་པ་མངོན་སུམ་དུ་གསལ་ཞིང༌། གོ་ལའི་ངོས་ཀྱི་གཞི་ཁྱོན་བརྒྱ་ཆ་༧༡ ཙམ་ཆུས་ཁེངས་ཡོད་པ་དང༌། ཉི་མའི་འཐེན་ཤུགས་ཀྱིས་ཆུ་ཚོད་༡ ནང་ཀི་ལོ་མི་ཊར་༡༠༧༠༠༠ ཙམ་བར་འཁོར་ཏེ་སྐྱོད་ཀྱི་ཡོད་པ་རེད། ཡོངས་གྲགས་ཀྱི་ཉི་མ་དང་བར་ཐག་རིང་ཤོས་རྒྱུ་སྐར་༩ པའམ་བྲག་རྡོ་དང་ཤིན་ཏུ་གྲངས་ངར་ཅན་གྱི་སྐར་མ་ཤིན་རྒྱལ་(Pluto)ནི་ཉི་མ་དང་རྒྱང་ཐག་ཀི་ལོ་མི་ཊར་ཐེར་འབུམ་༥་༩༡ (39AU)སར་གནས་ཏེ་ཉི་མར་སྐོར་བ་ཐེངས་གཅིག་འཁོར་བར་ལོ་༢༤༧་༧ ལྷག་འགོར་གྱི་ཡོད་པས་སའི་གོ་ལ་འདིས་ཉི་མར་སྐོར་ཐེངས་གཅིག་རྒྱབ་པར་ཉིན་༣༦༣ འགོར་བ་དང༌། ཉི་མ་དང་བག་ཐག་རིང་ལོས་བཅས་ལ་བརྟེན་ནས་རྒྱུ་སྐར་རྣམས་ཀྱིས་ཉི་མར་ཐེངས་གཅིག་སྐོར་བ་ཐེབས་ཕྱོགས་ལ་ལོ་དུས་མང་ཉུང་གི་ཁྱད་པར་ཆེན་པོ་ཡོད་པ་དང་རྒྱུ་སྐར་དེའི་འཁོར་དུ་ཟླ་བ་གནས་པ་རེད།
ཉི་མ་དང་རྒྱང་ཐག་རིང་ཤོས་སུ་གནས་པའི་རྒྱུ་སྐར་ཆུང་བའི་གྲས་ནི་སྐར་མ་དུ་བ་མཇུག་རིང་ངམ་ནུབ་ཕྱོགས་པས་སྐར་མ་སྐྲ་ཡོད་(Comet)
ཟེར་བ་དེ་དག་གྲངས་མང་ཞིང་ཉི་མ་དང་བར་ཐག་(500AU)དང་ཡང་ན་དེ་ལས་མང་བའི་སར་གནས་ཡོད་པར་བརྟེན་དཔྱད་ཞིབ་མཐར་ཕྱིན་པ་ཞིག་བྱེད་ཐུབ་ཀྱི་མེད། རྒྱུ་སྐར་༨ པ་དང་རྒྱུ་སྐར་ཆེ་ཤོས་༢ པ་བྲག་རྡོ་དང་འཁྱགས་རོམ་གྱི་ཨ་ལོང་གིས་སྐོར་བའི་སྐར་མ་མཚོ་རྒྱལ་(Neptune)དེ་ཉིད་མདོག་སྔོ་ལ་ཉི་མ་དང་རྒྱང་ཐག་ཀི་ལོ་མི་ཊར་ཐེར་འབུམ་༤་༥ སར་གནས་པས་AUསྐར་མ་ཤིན་རྒྱལ་ལས་ཉུང་བ་དང་དེར་ཟླ་༨ ཡོད་པ་རེད།
རྒྱུ་སྐར་༧ པ་སྐར་མ་གནམ་རྒྱལ་ (Uranus)ཉི་མ་ནས་བར་ཐག་ཀི་ལོ་མི་ཊར་ཐེར་འབུམ་༢་༨༧ སར་འཁོར་ཞིང་ཁ་དོག་སྔོ་ལྗང་འདྲེས་མ་དང་བྲག་རི་མང་པོས་བསྐོར་བ་མ་ཟད། ཕལ་ཆེ་བར་གཏིང་མཐའ་རིང་བའི་རྒྱ་མཚོས་ཁེངས་ཏེ་རླུང་ཁམས་ཡང་པོའི་བར་སྣང་གི་མཐའ་མཚམས་དང་འབར་ནུས་མེད་པའི་རྫས་རླངས་དང་ན་རླངས་ཀྱང་ཤིན་ཏུ་མང༌། རྒྱུ་སྐར་དེ་ནི་གཟའ་ཆེན་ཞིག་ཡིན་པས་ཨ་ལོང་༡༡ དང་དེའི་ཟླ་བ་ཡང་གྲངས་༢༨ ཙམ་གསར་རྙེད་ཐུབ་ཡོད་ཅིང༌། དེའི་འཁོར་དུ་གནས་པའི་གཟའ་སྐར་དམར་པོ་མིག་དམར་ནི་སའི་གོ་ལའི་མིག་དམར་ལས་ལྡབ་༡༤་༥ ཙམ་གཞི་ཁྱོན་ཆེ་བ་དང་ངོ་ཞིང་གཞི་ཁྱོན་སའི་གོ་ལའི་ལྡབ་༡་༡༧ ཆེ་བ་དང་སྐར་མ་གནམ་རྒྱལ་ལས་ཉི་མ་དང་བར་ཐག་ཉེ་བ་དང༌། ༡༧༨༡ ནས་དེའི་སྐོར་ཐོག་ཉམས་ཞིབ་བྱེད་འགོ་བཙུགས་ཡོད་པ་རེད། རྒྱུ་སྐར་༦ པ་གཟའ་ཆེན་སྤེན་པ་(Saturn)ནི་རྒྱུ་སྐར་ཆེ་ཤོས་༢ པ་ནི་ཨི་ཊ་ལིའི་ཚན་རིག་མཁས་ཅན་གྷ་ལི་ལེའོ་ནས་༡༦༡༠ ལོར་གསར་རྙེད་བྱུང་ཡོད་ཅིང༌། གཟའ་སྐར་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་དེ་ནི་རང་ཉིད་ལ་བསྐོར་བའི་ཁ་དོག་སྣ་ལྔས་བརྒྱན་པའི་ཨ་ལོང་གི་ཕྲེང་བ་འདྲེས་མ་སྟོང་ཕྲག་བརྒྱ་སྐོར་ཞིག་ང་ཚོས་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་དེ་རེད།
དེའི་འཁོར་གྱི་ཟླ་བ་སོགས་རྒྱུ་སྐར་༣༢ ཙམ་ཡོད་ཅིང་དེ་རྣམས་སུའང་གནོན་ཤུགས་དང་ཆུ་རླུང་སོགས་གནས་མིན་གྱི་ཁྱད་པར་ཡང་ཆེན་པོ་ཡོད་པ་རེད། རྒྱུ་སྐར་༥ པ་གཟའ་སྐར་ཕུར་བུ་(Jupiter)ནི་ཉི་མའི་ཁྱིམ་རྒྱུད་ནང་ནས་ཆེ་ཤོས་དེ་ཡིན་པ་དང་འོད་རླབས་ཆེ་ཤོས་༤ པ་དེ་ཡིན་པ་རེད། དེའི་ཤོང་ཚད་སའི་གོ་ལ་ལས་ལྡབ་༡༣༠༠ ཙམ་ཆེ་དང་ཉི་མ་དང་རྒྱང་ཚད་ཀི་ལོ་མི་ཊར་ས་ཡ་༧༨༠ ཙམ་གྱི་སར་ཡོད་ཅིང༌། གཡས་གཡོན་དུ་རང་ཉིད་ཀྱི་འཁོར་ཡང་༣༩ ཙམ་གྱིས་བསྐོར་བ་དང་ཉི་མར་ཐེངས་གཅིག་སྐོར་བར་ལོ་༡༡་༩ འགོར་བ་རེད། རྒྱུ་སྐར་འདི་ནི་མཁྲེགས་ཤིང་དེའི་རླུང་ཁམས་ཀྱང་ལྡབ་མང་པོ་གཞི་ཁྱོན་ཆེ་ལ། དེར་ཡོད་ཀྱི་སྤྲིན་དང་རླངས་རྫས་སོགས་འཁྲུག་པའི་མྱུར་ཚད་ནི་སའི་གོ་ལ་ལས་ལྡབ་༢་༥ མྱུར་བས་རང་འཁོར་བར་ཤུགས་རྐྱེན་ཐཻབས་ཀྱི་ཡོད།
བཞི་པ་གཟའ་སྐར་མིག་དམར་(Mars)དང་ཉི་མ་བར་གྱི་བར་ཐག་ནི་ཀི་ལོ་མི་ཊར་ས་ཡ་༢༢༨ ཡིན་ཞིང༌། སྐབས་རེར་དེར་དྲོ་ཚད་ཨང་༡༠༠ ལ་སླེབས་པ་དང་སྤྱིར་གྲང་ངར་ཆེ་བའི་རྒྱུ་སྐར་ཞིག་ཏུ་ངེས་ལ། གྲུབ་པའི་ལོ་དུས་དེ་ཉིད་སའི་གོ་ལ་དང་གཅིག་མཚུངས་ཡིན་པ་རེད། རྒྱུ་སྐར་དེར་ཆུ་དང་སྲོག་ཅན་ཡོད་མེད་ཀྱི་གནས་ཚུལ་ད་དུང་གོ་རྟོགས་གཏིང་ཟབ་ཅིག་མེད་ཀྱང་མེ་རིའི་རྡོ་ཤུན་དང་རྒྱུག་ཤུལ། གཙང་ཆུ་རྒྱུག་ཤུལ་སོགས་གསལ་པོ་ཡོད་པས་ལོ་རབས་མང་པོའི་སྔོན་དུ་སྲོག་ཅན་གནས་མྱོང་བའི་ལུང་འདྲེན་བྱེད་ཀྱི་ཡོད་པ་མ་ཟད། དེའི་འཁོར་དུ་གནས་པའི་ཟླ་བ་༢ ཡོད་པ་རེད། ༡༩༦༤ ནས་རྒྱུ་སྐར་དེར་དཔྱད་ཞིབ་ཆེད་འགྲུལ་བཞུད་འཕྲུལ་ཆས་མངགས་གཏོང་གིས་ཆུ་རླུང་དང་དེའི་རླན་བཤེར་གཡོ་གསུམ་སྐོར་གྱི་གནས་ལུགས་ཕྱིར་མཁོ་གཏོང་བྱས་ཡོད་པ་རེད། གཟའ་སྐར་པ་སངས་(Venus)ནི་ཉི་མ་དང་ཟླ་བ་ཕུད་པའི་འོད་རླབས་ཆེ་ཤོས་དང་ཞོགས་པའི་སྐར་མའང་འབོད།
ཡང་དྲོད་ཚད་༤༦༠ ཙམ་ཡིན་པས་རྒྱུ་སྐར་ཚ་ཤོས་ཀྱང་ཡིན་པ་དང་ཉི་མ་མ་ཤར་སྔོན་ཆུ་ཚོད་༣ དང་ནུབ་ནས་ཆུ་ཚོད་༣ རྗེས་སུ་མ་གཏོགས་ནམ་ཡང་གསལ་པོ་མཐོང་མི་ཐུབ་པ་རེད། རྒྱུ་སྐར་དེའི་འཁོར་དུ་ཟླ་བ་མེད་པ་དང་ཉི་མ་དང་བར་ཐག་ཉེ་ཤོས་༢ པ་ཡིན་ཞིང༌། དེའི་སྤྲིན་ཐུག་པོ་རྣམས་དང་རླུང་ཁམས་ཀྱི་གཡོ་འགུལ་ཉི་མའི་འཐེན་ཤུགས་ལ་འབྲེལ་འདྲེས་ཆེན་པོ་ཡོད་པས་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། རྒྱང་ཤེལ་ནས་ཟླ་བའི་གཟུགས་དབྱིབས་ལྟར་མཐོང་ཐུབ་ཅིང་ཉི་མར་སྐོར་བ་ཐེངས་གཅིག་འཁོར་བར་ཉིན་གྲངས་༢༢༦ ཙམ་འགོར་བ་རེད། ཉི་མ་ནས་བརྩིས་པའི་རྒྱུ་སྐར་དང་པོ་ལྷག་པ་(Mecury)ཉི་མ་དང་བར་ཐག་ཀི་ལོ་མི་ཊར་ས་ཡ་༥༨ ཙམ་ལས་མེད་པས་ཉི་མ་དང་ཉེ་ཤོས་དང་ཉི་མའི་འཐེན་ཤུགས་སའི་གོ་ལ་ལས་ལྡབ་༣ ཆེ་བ་དང་དཀྱིལ་རྫས་དང་དེའི་སའི་བར་རིམ་ཆགས་སྟངས་སའི་གོ་ལ་དང་གཅིག་མཚུངས་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་དེས་ཉིན་༨༨ རེར་ཉི་མར་སྐོར་བ་ཐེངས་རེ་དང་རང་ཉིད་ཐེངས་གཅིག་འཁོར་བར་ཉིན་༥༨་༧ འགོར་བ་དང་དེར་རླུང་ཁམས་ནི་ཤིན་ཏུ་ཞན་པ་རེད།
རྒྱུ་སྐར་གྱི་གཙོ་བོ་ཉི་མ་(Sun)ནི་མེའི་རང་བཞིན་ལས་གྲུབ་ཅིང་ལོ་ཐེར་འབུམ་༤་༦ གོང་ནས་བྱུང་བ་དང་ད་དུང་ལོ་ཐེར་འབུམ་༧ ལྷག་གནས་རྒྱུའི་འབར་བཞིན་པའམ་ཁོལ་བཞིན་པའི་གཟའ་སྐར་ཆེན་མོ་ཞིག་ལ་བརྗོད། ཉི་མའི་དཀྱིལ་མཚམས་ནས་ངོའི་བར་གཞི་ཁྱོན་ཀི་ལོ་མི་ཊར་༦༩༥༥༠༨ ཡོད་ཅིང་སའི་གོ་ལ་ལས་ལྡབ་༡༠༩ གཞི་རྒྱ་ཆེ་བ་དང༌། གལ་ཏེ་ཉི་མ་ཁོག་སྟོང་ཡིན་ཚེ་སའི་གོ་ལ་ས་ཡ་༡ ལྷག་ཤོངས་ཐུབ། དེའི་ལྗིད་ཚད་ནི་ཀླད་ཀོར་༢༤ ལས་བརྒལ་བས་གྲངས་ཀྱིས་མི་ལངས་ལ། རང་གི་ངོས་ཆ་ཤས་ཤིག་གི་དྲོ་ཚད་དེ་༥༥༠༠ འགོ་འཛུགས་བྱེད་པ་དང༌། དེའི་སྟོབས་ནུས་ཆེ་བའི་འཐེན་ཤུགས་ཀྱིས་རང་ཉིད་དང་སའི་གོ་ལས་མཚོན་རང་གི་འཁོར་དུ་གནས་པའི་རྒྱུ་སྐར་གཞན་ཐམས་ཅད་དབང་དུ་སྒྱུར་ཞིང༌། དེའི་འོད་རླབས་དང་ཚ་དྲོད་ལ་བརྟེན་ནས་གོ་ལར་ཚེ་སྲོག་འཚོ་བ་དང་རྩི་ཤིང་སྐྱེ་བ་དང་སྐྱེད་པར་བྱེད་པ་དང༌། འབར་ནུས་མེད་པའི་རླུང་རྡུལ་(Hydrogen)དང་འབར་ནུས་ཡོད་པའི་རླུང་རྡུལ་(Helium)འཁྲུག་སྦྱོར་ལས་འོད་རླབས་དང་རྫས་རླངས་ཀྱིས་འབར་རྫས་ནུས་རྡུལ་ཊོན་ས་ཡ་༦༠༠ ལྷག་སྐར་ཆ་གཅིག་རེའི་ནང་བཟོ་སྐྲུན་བྱེད་ཀྱི་ཡོད།
སྤྱིར་ཉི་མའི་འོད་གུར་སྐོར་ཤོད་སྟངས་སྣ་ཚོགས་ཡོད་ཀྱང་༢༠༠༣ ལོར་རྒྱང་སྐྱོད་ཉུལ་ཞིབ་པས་འོད་གུར་(Heliopause)དང་ཐག་ཉེར་སླེབས་ཡོད་ལུགས་དང༌། དེ་ནི་ཉི་མ་དང་རྒྱང་ཚད་86AU སར་འཕུར་བསྐྱོད་ཀྱིས་རྡུལ་ཕྲན་འདྲེས་མའི་རླུང་འཚུབ་བཅས་ལ་དཔྱད་ཞིབ་བྱས་ལུགས་ཕྱིར་བསྒྲགས་ཡོད་ཀྱང་ཚན་རིག་པ་མང་པོས་དེ་ནི་བདེན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། གང་ལྟར་ཡང་དེང་སང་འོད་རླབས་དེ་དག་སའི་གོ་ལའི་མི་རྣམས་ལ་བེད་སྤྱོད་ཆེན་པོར་གྱུར་པ་མ་ཟད། མཚན་མོར་རྒྱུ་སྐར་གཞན་རྣམས་ཀྱང་འོད་ཅན་དུ་སྒྱུར་བ་རེད། ཉི་མའི་འོད་རླབས་ཀྱི་རྒྱུན་མི་ཆད་པར་གནས་པ་དང་དེ་དག་རེ་རེ་བཞིན་སའི་གོ་ལར་འཕོག་རྒྱུར་སྐར་མ་༨ ཙམ་འགོར་བ་རེད།།
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|
