ངོ་རྟགས་མ་ཆོད་པའི་འཕུར་དངོས།

ངོ་རྟགས་མ་ཆོད་པའི་འཕུར་དངོས་ནི་ནམ་མཁའི་དབྱིངས་ནས་འཕུར་སྐྱོད་བྱེད་པའི་དངོས་པོའམ་འོད་དབྱིབས་ཅན་ཞིག་ལ་འདོད། དེ་ལྟ་བུའི་དངོས་པོའི་སྐོར་འཛམ་གླིང་ཡུལ་གྲུ་མང་པོར་བརྗོད་ཚུལ་དང་མཐོང་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་ཙམ་ལས། དེང་དུས་ཚན་རིག་མཁས་པ་སོགས་ཀྱིས་དོན་ངོ་མའི་ཐོག་ནས་འཕུར་དངོས་དེའི་གོ་དོན་ནམ་ཡང་ན་བྱུང་རིམ་བཅས་ཀྱི་སྐོར་ཤེས་རྟོགས་གཏིང་ཟབ་ཅིག་མེད་པ་དང༌། ཚིག་ཐག་ཆོད་པོས་འགྲེལ་བརྗོད་ཅིག་བྱེད་ཐུབ་ཀྱི་མེད་པར་བརྟེན་ངོ་རྟགས་མ་ཆོད་པའི་འཕུར་དངོས་(Unidentified Flying Object; U.F.O)ཞེས་འགྲེལ། ༡༩༤༧ལོའི་རྗེས་སུ་འཕུར་དངོས་དེ་ཚོའི་སྐོར་ཨ་རིའི་མི་མང་ནང་ཁུལ་དུ་ཁྱབ་བསྒྲགས་ཆེན་པོ་བྱུང་རྗེས་འཛམ་གླིང་ཡོངས་སུ་མི་མང་སྟོང་ཕྲག་མང་པོས་དེའི་སྐོར་གླེང་སློང་བྱེད་ཅིང༌། དེ་དག་གི་གཟུགས་དབྱིབས་དང་མཁའ་དབྱིངས་སུ་འཕུར་སྐྱོད་ཀྱི་མྱུར་ཚད། དེ་དག་དབང་སྒྱུར་བྱེད་པ་པོའི་དབྱིབས་དང་ཁྱད་ནུས་སོགས་ཀྱི་སྐོར་བརྗོད་ཚུལ་དང་མཐོང་ཚུལ་ཡང་སྣ་ཚོགས་བྱུང་ཡོད།

འཛམ་གླིང་གི་ཚན་རིག་པ་ཚོས་འཕུར་དངོས་དེ་དག་ཉུང་མཐར་བརྒྱ་ཆ་༩༠ རྟོག་བརྟག་གི་དངོས་པོ་ཙམ་དུ་འདོད་ནའང༌། དེ་དག་ཉམས་ཞིབ་བརྒྱུད་གོ་རྟོགས་གཏིང་ཟབ་ཅིག་བྱ་ཐུབ་རྒྱུ་གལ་གནད་ཅན་ཞིག་ཏུ་རྩི་ཡི་ཡོད་པ་རེད། ཡིན་ཡང་བྱ་དང་བྱིའུ་རིགས། དབུགས་ལྒང༌། ཤོག་བྱ། གློག་འཕྲུལ་རིགས། སྤྲིན་གྱི་དབྱིབས་ངོ་མཚར་ཅན། སྐར་མདའ། མིས་བཟོས་སྲུང་སྐར་བཅས་ལའང་མི་མང་པོའི་སྣང་བ་འཁྲུལ་ནས་འཕུར་དངོས་སམ་འོད་དབྱིབས་ཅན་གྱི་དངོས་པོ་དེ་དག་གོ་ལ་གཞན་ནམ། སྐར་མ་ནས་ཡོང་བའི་འཕུར་གྲུ་ཞིག་ལ་ངོས་འཛིན་བྱས་ཡོད་ཅིང༌། ཡང་མང་པོས་དེའི་སྐོར་རྒྱུ་མཚན་ཆུང་ཚགས་རིགས་ལ་བསྙད་དེ་གཏམ་འཆལ་སྣ་ཚོགས་སྤེལ་བ་དང༌། གང་ལྟར་རྒྱུ་མཚན་ཁུངས་སྐྱེལ་ཡང་དག་ཅིག་མ་བྱུང་བ་བཅས་ལ་བརྟེན་ནས་ཚན་རིག་པས་འཕུར་དངོས་དེ་དག་ཡིན་པ་མི་སྲིད་པ་ཙམ་དུ་འགྲེལ་བརྗོད་བྱས་ཡོད་མོད།

ཕྱི་ལོ་༡༩༤༧ ནས་༡༩༦༩ བར་ཨ་རིའི་དབུས་གནམ་དམག་ལས་དོན་ཁང་ནས་ཉམས་ཞིབ་རིམ་པ་བརྒྱུད་འཕུར་དངོས་དེ་དག་གིས་ཨ་རིའི་བདེ་འཇགས་ཐོག་གནོད་སྐྱོན་འཕོག་སྲིད་པའི་དྲིལ་བསྒྲགས་ཀྱང་བྱེད་མྱོང་ཡོད་པ་མ་ཟད། སྐབས་དེ་དག་ཏུ་ཉམས་ཞིབ་བརྒྱུད་དེའི་སྐོར་སྙན་ཐོ་གྲངས་༡༢༦༡༨ ལྷག་འབྱོར་སོན་བྱུང་བ་དང་དེའི་ནང་ནས་སྙན་ཐོ་གྲངས་༧༠༡ དང་ཡང་ན་སྙན་ཐོ་བརྒྱ་ཆ་༥་༦ ཙམ་གྱི་སྐོར་གཞུང་གིས་གསང་ཉར་དང་གནད་དོན་ཕྱིར་བསྒྲགས་བྱས་མེད་ནའང་དབུས་གནམ་དམག་ལས་དོན་ཁང་ནས་འཕུར་དངོས་དེ་དག་གི་ཞིབ་ཕྲའི་སྐོར་དང༌། དེའི་ཐོག་ཉམས་ཞིབ་ཀྱི་བརྒྱུད་རིམ། ཨ་རིའི་བདེ་འཇགས་ཐོག་དོ་ཕོག་ཡོད་མེད་བཅས་ལ་དོན་ཕན་སོན་པའི་མཐའ་མའི་གསལ་བསྒྲགས་ཤིག་སྤེལ་མེད་པར་བརྟེན། མི་མང་པོར་རྣམ་རྟོག་སྣཚོགས་ཤིག་ཡོད་པ་རེད། ༡༩༦༩ བར་ངོ་རྟགས་མ་ཆོད་པའི་འཕུར་དངོས་དེའི་ཐོག་ཨ་རིའི་གཞུང་གི་ལྷན་ཁང་ཁག་གང་གིས་ཀྱང༌། ཚད་ལྡན་ཉམས་ཞིབ་ལས་རིམ་བརྒྱུད་ལག་བསྟར་ཞིག་བྱས་ཐུབ་མེད་པ་དང༌། ༡༩༥༠ དང་༡༩༦༠ ཡས་མས་སུ་བྱུང་བའི་འཕུར་དངོས་སྐོར་གྱི་སྙན་ཐོ་ཕྱེད་ཙམ་ཨ་རིའི་དབུས་གནམ་དམག་ལས་དོན་ཁང་གིས་ཆེས་གསང་ཉར་བྱས་ཡོད་ལུགས་མི་མང་ཡོངས་ལ་གྲགས་པ་དང༌། ཡིན་ཡང་དེ་དག་ནི་ནམ་མཁར་ཤིན་ཏུ་འཕུར་ཚད་མཐོ་བའི་ཨ་རིའི་གསང་ཉུལ་འཕུར་གྲུ་ྕ་༢རྐྱརྟགས་ཅན་དང་ྔང་༧༡རྟགས་ཅན་བཅས་ཀྱི་སྐོར་ཡིན་ལུགས་ཕྱི་ལོ་༡༩༩༧ ནང་ཨ་རིའི་དབུས་གསང་བའི་ལས་ཁུངས་ནས་ཕྱིར་བསྒྲགས་བྱས་ཡོད་པ་རེད།

མི་མང་པོས་དངོས་པོ་དེ་དག་ནི་ཚན་རིག་གི་ཐོག་ནས་དངོས་བདེན་ར་འཕྲོད་ཀྱི་ཁུངས་སྐྱེལ་དཔང་རྟགས་གང་ཡང་མེད་ནའང༌། ཕྱི་གླིང་གཞན་ནམ་ཡང་ན་སྐར་མའི་སྟེང་གི་སྲོག་ཆགས་དང༌། དེ་དག་གི་འཕུར་གྲུ་ཞིག་ལ་ཡིད་ཆེས་བྱས་ཏེ་སྲིད་གཞུང་གིས་མི་མང་ལ་གསང་བ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་པ་དང༌། ༡༩༨༧ ལོར་ཨ་རིའི་ལྷོ་དབུས་ས་གནས་བཅས་སུ་དེ་འདྲའི་འཕུར་དངོས་ཐེངས་འགའ་ཤས་ཤིག་སླེབས་པ་ས་གནས་དེ་གའི་མི་མང་པོས་དངོས་སུ་མཐོང་ནས་དབུས་གཞུང་ལ་འཕྲལ་མར་ཞུས་ཏེ་ཨ་རིའི་དབུས་གནམ་དམག་ལས་དོན་ཁང་གིས་ཞིབ་འཇུག་ཞིབ་ཕྲ་བྱས་རུང༌། སླར་ཡང་དེའི་སྐོར་དཔང་རྟགས་གང་ཡང་མ་རྙེད་ལུགས་ཕྱིར་བསྒྲགས་བྱས་པ་རེད། ཚན་རིག་པ་ཕལ་ཆེ་བས་གལ་ཏེ་དེ་ལྟ་བུའི་འཕེལ་རྒྱས་ཕྱིན་པའི་ཕྱི་གླིང་གི་སྲོག་ཆགས་དང་འཕུར་དངོས་རིགས་འཇིག་རྟེན་ཁམས་སུ་ཡོད་སྲིད་ཀྱང༌། གོ་ལ་འདིར་གནོད་སྐྱོན་ཕོག་རྒྱུ་མིན་ཚུལ་དང༌། མཐོང་ཚུལ་དང་བཤད་སྲོལ་དུ་མ་ཞིག་ཡོད་པའི་འཕུར་དངོས་དང་སྲོག་ཆགས་དེ་དག་གི་བརྙན་རིས་དང་འདྲ་པར་སོགས་ཡང་དག་གམ་ཆ་ཚང་བ་ཞིག་ད་དུང་རྙེད་སོན་བྱུང་མེད་ཅིང༌། གནས་ཚུལ་དེ་དག་གི་འབྱུང་ཁུངས་དང་བྱུང་རིམ་ཁག་ཀྱང་གསལ་ཁ་དེ་ཙམ་མེད་ནའང༌། མ་འོངས་པར་དེའི་སྐོར་གསལ་པོ་ཆགས་སྲིད་ཚུལ་འགྲེལ་བཤད་རྒྱག་གི་ཡོད་པ་རེད།

ཡང་ཕྱོགས་གཞན་ནས་གནས་ཚུལ་དེ་དག་དངོས་བདེན་ཡིན་པས་མ་ཚད་མི་ཁ་ཤས་འཕུར་དངོས་དེ་དག་བརྒྱུད་ཕྱི་གླིང་གཞན་ཞིག་ཏུ་སླེབས་པ་དང༌། གླིང་དེའི་འགྲོ་བ་དང་མིའི་འགྲོ་བ་གཉིས་ཀྱི་ཁྱད་པར་དང༌། ཚན་རིག་ལག་རྩལ་གྱི་ཚད་གཞི་མཐོ་དམན། ཁོང་ཚོའི་ཐུན་མོང་མ་ཡིན་པའི་གཤིས་ལུགས་དང་ནུས་ཤུགས་བཅས་ཀྱི་སྐོར་སྣ་ཚོགས་དངོས་མཐོང་བྱུང་ཡོད་ལུགས་འགྲེལ་བརྗོད་བྱས་ཀྱང༌། འཛམ་གླིང་གི་ཚན་རིག་པ་ཚོས་ཞིབ་འཇུག་བརྒྱུད་དེ་དག་ཁུངས་སྐྱེལ་འདང་ངེས་ཤིག་ད་དུང་ཡང་རྙེད་མེད་པ་རེད། གཞན་ཡང་ཨེ་ཤ་ཡ་དང་ཨ་ཧཕི་རི་ཀ དེ་བཞིན་ཡོ་རོབ་ཀྱི་ཡུལ་གྲུ་མང་པོར་དེ་འདྲའི་བྱུང་རིམ་རེ་དང་བཤད་སྲོལ་རེ་ཡོད་པ་མ་ཟད། ཆོས་ལུགས་ཁག་གི་མི་སྣས་ཀྱང་རང་གི་ཆོས་ལུགས་དང་མཐུན་པའི་འགྲེལ་བཤད་རེ་རྒྱག་གི་ཡོད་ཅིང༌། ནང་པ་སངས་རྒྱས་པའི་ཆོས་ལ་གནས་ཚུལ་དེ་ནི་གསར་པ་ཞིག་མིན་པར་སྔ་མོ་ནས་འགྲོ་བ་རིགས་དྲུག་དང༌། འཛམ་གླིང་བྱེ་བ་ཕྲག་བརྒྱ་ཞེས་འཇིག་རྟེན་གྱི་སྣོད་གླིང་གྲངས་མེད་དང༌། དེར་གནས་བཅུད་ཀྱི་སེམས་ཅན་ཡང་གྲངས་མེད་ཅིང༌། གླིང་དང་སེམས་ཅན་དེ་དག་གི་ཁྱད་ནུས་དང་ཚེ་རིང་ཐུང་ཚུན་གྱི་སྐོར་འགྲེལ་བ་དུ་མ་ཞིག་ཡོད་པར་བརྟེན། ཕྱོགས་གཅིག་ནས་དེའི་སྐོར་ངོ་མཚར་ཆེན་པོ་ཞིག་སྐྱེ་ག་ལ་དགོས།

གང་ལྟར་ཉེ་ལམ་ཚན་རིག་པས་འཇིག་རྟེན་དུ་ཉི་མའི་འཁོར་ཆ་ཚང་བ་གཞན་ཞིག་གསར་རྙེད་བྱུང་བའི་ནང་གི་གོ་ལའི་འགྲོ་བ་གང་འདྲ་ཞིག་ཡོད་མེད་བཅས་ཀྱི་སྐོར་ཞིབ་རྒྱས་གནས་ཚུལ་དུས་རབས་གསར་པའི་ཚན་རིག་འཕེལ་རྒྱས་ཀྱི་མྱུར་ཚད་ལ་གཞིགས་ན་གང་མགྱོགས་ཐོན་སྲིད་པ་ཞིག་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།