ནང་འདུ་ཤེས་ཀྱི་གོ་རིམ་འཁྲུགས་སོང་ན་ཕྱི་དངོས་པོ་རང་སྟེང་ན་གོ་རིམ་ཞིག་མེད་ཚོད་རེད།

ཉེ་བའི་ཆར་གསེར་བྲག་ཞེས་པའི་ལྷ་རིས་པ་ཞིག་གིས་དམར་དམག་རྒྱང་བསྐྱོད་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་ཐང་གའི་ལུགས་སུ་བྲིས་པས་བོད་ཕྱི་ནང་ཀུན་ཏུ་གྲགས་པ་གླེང་བ་ཤུགས་ཆེར་བྱུང་དང་འབྱུང་གིན་འདུག་ཅིང་།

Tibet-Thangka-2017དེ་དག་གིས་ཐང་ཀ་ནི་བོད་ཀྱི་ཆོས་ལུགས་ཀྱི་ཆོ་ག་དང་འབྲེལ་བའི་དད་མོས་ཤིག་ཡིན་པས་དེ་རུ་དམར་དམག་ལྟ་བུའི་གཏུམ་སྤྱོད་ཅན་གྱི་ཕལ་བའི་མི་དག་འབྲི་མི་རུང་བ་དང་།

ཡང་ཕྱོགས་གཞན་ཞིག་ནས་དམར་དམག་ནི་བོད་ལ་རོགས་སྐྱོར་དུ་ཡོང་བ་མ་ཡིན་པར་བཙན་འཛུལ་དུ་ཡོང་བོ་ཡིན་པ་དང་། དམར་དམག་ལ་བོད་ཀྱིས་དགའ་བསུ་བྱས་མེད་པ་ཟད། ཕན་ཚུན་འཐབ་འཁྲུག་ཁྲག་གི་ལོ་རྒྱུས་ཀྱི་དོན་དངོས་མ་བྲིས་པས་ན། གཅིག་ནས་བོད་ཀྱི་དད་མོས་དང་རྒྱབ་འགལ་བྱས་པ་ཞིག་དང་། གཉིས་ནས་ལོ་རྒྱུས་ཀྱི་བདེན་པ་དང་རྒྱབ་འགལ་བྱས་པ་ཞིག་ཡིན་བཤད་ཀྱིན་འདུག

མི་རིགས་རིག་གཞུང་གི་ལྟ་བ་དང་། མི་རིགས་ཀྱི་འདུ་ཤེས། ལོ་རྒྱུས་ཀྱི་བདེན་པ་གཙུག་ཏུ་བཀུར་བའི་མི་སྣ་དག་ལ་འདི་དང་འདི་ལྟ་བུའི་གནས་ཚུལ་དང་ལེན་མི་ཐུབ་པའི་བློ་མིག་དང་། དང་ལེན་མི་བྱེད་པའི་བློ་གྲོས་དང་བློ་ཁོག་ཡོད་པ་གསལ་པོ་རེད།

བདག་གི་ཕ་ཡུལ་ནི་རྔ་བ་དང་རྒྱལ་རོང་གི་སོ་མཚམས་ནས་ཡིན་ཞིང་། དམར་དམག་རྒྱང་བསྐྱོད་སྐབས་ངེད་ཚང་གི་གཉེན་མི་མང་པོ་བསད་པ་དང་། ངེད་ཚང་ནགས་གསེབ་ཏུ་ཡིབ་ཏེ། ཁྱི་སྐད་འགོག་ཆེད་འདོགས་ཁྱུ་ཡི་མགོ་ལ་ཁུག་མ་བསྐོན་དགོས་བྱུང་བ་དང་། ཡུལ་སྡེ་ཧྲིལ་པོ་རི་ལ་བྱོལ་བའི་ངང་ཚུལ་ཡ་ང་བ་མང་པོ་བདག་གི་རྨོ་མོས་བཤད་པ་ད་ལྟའང་དྲན་སོས་ཀྱི་འདུག

མ་ཟད་དམར་དམག་ཨ་མདོ་རྔ་བའི་ཁོག་གཤོང་དུ་བསྡད་ཅིང་། དེ་གའི་འབྲུ་རིགས་ཟས་སུ་བཅས་ཏེ་དཔུང་ཤེད་བསགས་པས་ན། ཁྱིམ་ཚང་འབྱོར་ལྡན་དང་། དཔོན་ཚང་མང་པོས་རང་གིས་ཁང་བ་མེར་ཆེད་བསྲེགས་བྱས་པ་དང་། རྔ་བའི་ཡུལ་གྱི་འབྲུ་མཛོད་མེ་ལ་སྦར་བའི་དུད་པ་ལོ་ཡི་འཁོར་མོར་རྔ་བའི་བར་སྣང་དུ་ཆད་མ་མྱོང་བའི་ལོ་རྒྱུས་ལ་སོགས་པ་མེས་པོའི་ངག་རྒྱུན་དང་། དེས་བསླངས་པའི་དམར་དམག་གི་སྣང་བརྙན་ད་ལྟའང་དྲན་ལམ་ན་གསལ་པོ་ཡོད།
དེ་བས་ན་དམར་དམག་རྒྱང་བསྐྱོད་ཀྱི་ལོ་རྒྱུས་སྤྱི་དང་། ལྷག་པར་དམར་དམག་བོད་དུ་བསླེབས་པ་ནི། གསེར་བྲག་གིས་བྲིས་པ་ལྟ་བུའི་ཞི་འཇམ་དང་སྤྲོ་བསུ་ཞིག་མིན་ལ། ཁ་བཏགས་དང་འཛུམ་ཆུང་གི་ཀློང་ན་གཏན་ནས་མེད་པར། དེ་ནི་འཐབ་འཁྲུག་དང་དམར་གསོད། བྲོས་བྱོལ་དང་། བསྲེགས་གཏོར་གྱི་ནང་ན་ཡོད་པ་རེད།

འོན་ཀྱང་སྐབས་རེར་རང་ཅག་གིས་མཁས་པ་བྱེད་པ་ལ་རྔམ་ནས་གཟུ་བོ་བྱེད་མི་ཐུབ་པ་དང་། ལྷག་པར་་གཞན་གྱིས་ཆེད་བཟོས་ཀྱི་སྐྱོན་ཆ་མཐོང་ཡང་རང་ལ་ཤུགས་འབྱུང་དུ་གནས་པའི་སྐྱོན་ཆ་དག་མཐོང་མི་ཐུབ་པར་འདུག
དཔེར་ན་བོད་ཕྱི་ལོག་ནས་སྒྱུ་རྩལ་བ་ཡིན་ཞེས་པ་ཞིག་གིས་གསུང་རབ་ཐུག་པར་བསྐོལ་ནས་ཟོས་ཤིང་འཐུང་། བོད་ཀྱི་གསུང་རབ་ནི་ཁྲོ་སླང་དང་ཕོར་བའི་ནང་དུ་ཐུག་པ་བྱས་ཏེ་འཐུང་བ་དེ་ལ་སྒྱུ་རྩལ་གྱི་ངོས་ནས་བཤད་པ་དང་མཚོན་དོན་ཡོད་ངེས་ཀྱང་། བོད་པའི་དད་མོས་ཀྱི་ངོས་ནས་དང་ལེན་བྱ་ཐུབ་པ་ཞིག་མིན།

དེ་བཞིན་དུ་བོད་ཕྱི་ལོགས་ཀྱི་དགོན་སྡེ་རེ་ཟུང་གི་དགོན་པའི་འདུ་ཁང་གི་ལྡེབ་རིས་ངོས་སུ་དགོན་བདག་བླ་མ་དང་དེའི་ནང་མི་བུ་ཕྲུག་དང་བཅས་པའི་ཁྱིམ་ཚང་ཧྲིལ་པོ་བྲིས་པ་དེ་འདྲ་འདུག དགོན་པ་བྱེ་བྲག་པ་དེ་དགོན་བདག་བླ་མ་ལ་དབང་ངེས་ཀྱང་། དགོན་པ་ཞིག་གི་འདུ་ཁང་གི་གྱང་རིས་སུ་ཕལ་བའི་ཁྱིམ་ཚང་ཧྲིལ་པོ་ཞིག་བྲིས་པ་དེ་ཡང་རྒྱུན་སྲོལ་དང་མི་མཐུན་པ་ཞིག་ནི་ལོས་ཡིན་འདོད།

དེ་བཞིན་དུ་དེང་སྐབས་བོད་ཀྱི་བླ་ཆེན་མང་པོའི་སྐུ་པར་ནི་ཧ་ལམ་ཚོང་རྟགས་ལྟར་བཀོལ། བོད་ཕྱི་ཕྱོགས་ཀྱི་བོད་ཀྱི་མགྲོན་ཁང་མང་ཆེ་བའི་མགྲོན་པོ་སྣེ་ལེན་བྱེད་ས་རུ་བོད་ཀྱི་བླ་ཆེན་ཁག་དང་། ལྷག་པར་༸གོང་ས་རྒྱལ་པ་རིན་པོ་ཆེའི་སྐུ་པར་ཆེན་པོ་རེ་བཀལ་བའི་དར་སྲོལ་ཁྱབ་བརྡལ་དུ་གྱུར་ཡོད།

བདག་ཅག་གི་སྔ་སྲོལ་གྱི་དབང་དུ་བྱས་ན་དགོན་པའི་འདུ་ཁང་གི་སྒོ་མཆོད་དུའང་འཇིག་རྟེན་པའི་ལྷ་དང་། རྒྱལ་ཆེན་སྡེ་བཞི་ལྟ་བུ་ལས། སངས་རྒྱས་དང་བྱང་སེམས་ཀྱི་རི་མོ་འབྲི་སྲོལ་མེད་པས་ན། མགྲོན་ཁང་གི་སྣེ་ལེན་ས་ཚུགས་སུ་བླ་མའི་སྐུ་པར་བཤམ་པ་ནི་དེང་གི་བབ་ཅིག་ཡིན་པ་ལས་སྔ་མོའི་སྲོལ་ཞིག་ནི་ཏན་ཏན་མིན་ཚོད་འདུག

རྣམ་པ་གཞན་དུ་ན་འདི་དག་ནི་དུས་ཚོད་ཀྱི་འགྱུར་བ་ཞེས་པ་ཡིན་སྲིད་དེ། གནའ་བོའི་དུས་སུ་སྙན་ངག་ཏུ་ལྷ་དང་བླ་མ་དང་། རྒྱལ་པོ་དང་དཔའ་བོ་འབྲི་སྲོལ་དར་བས་མི་དཀྱུས་མ་ཆེར་མི་སླེབས་ལ། དེང་སྐབས་ནི་མི་ཕལ་བ་འབྲི་བ་དང་། ཕལ་བའི་སྤྱོད་པ་ཆེས་ཆེར་འབྲི་བར་ཕྱོགས་བཞིན་པ་རེདྲ།

ལར་ནས་མི་རིགས་དང་སྤྱི་ཚོགས་ཞེས་པ་དེའི་འདུ་ཤེས་ཀྱི་གོ་རིམ་དེ་འཁྲུགས་སོང་བའི་རྗེས་ལ་དངོས་པོ་རང་སྟེང་ན་གོ་རིམ་ཞེས་པ་ཞིག་ཀྱང་ཡོད་ཚོད་ཀྱང་མི་འདུག་པས། འདི་དག་ཚང་མ་ནི་ཆབ་སྲིད་ཀྱི་བཙན་གནོན་ཁོ་ན་ཞིག་གི་སྣང་ཚུལ་མ་ཡིན་པར། རིག་གནས་སྣ་ཚོགས་ཀྱི་གདོང་ཐུག་ཁྲོད་ནས་མི་རིགས་སོ་སོའི་རིག་གནས་ཀྱི་སྒྲིག་གཞི་ཐམས་ཅད་འཐོར་བཞིན་པའི་དཔེ་མཚོན་རེ་ཡིན་འདུག་ཨང་།

*ཞེས་སྣང་བ་ཆེར་མི་སྤྲོ་བའི་བར་གླེགས་ཤིག་ལ་གང་དྲན་ཤར་མར་བྲིས་པའི་ཁེར་ལབ་ཙམ་དུའོ། །
ཨ་འབྲུང་དཀོན་མཆོག་གིས་བྲིས། ༢༠༡༦ ༠༩ ༡༤  ཉིན་སྒྲེ་བོས་རྩོམ་སྒྲིག་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།