རང་དབང་འདི་དམྱལ་ཁམས་ནས་བསུ་དགོས་ཀྱང་བསུ་དགོས།

གངས་རི་མེ་ཡིས་བཞུར། རྩྭ་ཐང་འཁྱགས་ཀྱིས་བསྡམས།

བར་སྐོར་གཡས་གཡོན་ན་མི་དང་ལྷན་དུ་སྲོག་ཤོར་བཞིན་པའི་ཁྱི་འཁྱམ་ཚོའི་ཟུག་ངུ་ནི་བསྐལ་པ་མཐའ་མའི་མེ་འོབས་སུ་ལྷུང་དང་མཚུངས། མི་རྣམས་ཀྱི་ཚེ་སྲོག་ནི་མགོ་བོ་བཏེགས་ནས་གོམ་པ་སྤོ་དབང་གི་ལ་རྒྱ་ཞིག་གི་ཆེད་དུ་ཤོར་བཞིན་ཡོད་ལ། ཡ་ང་བའི་ཁྱི་འཁྱམ་དེ་དག་ནི་སྒྲོག་རྩེའི་སྟེང་གི་ཚལ་སྣ་ཞིག་མང་བའི་ཆེད་དུ་རེད། པོ་ཏ་ལའི་གཡས་གཡོན་དུ་ཀླ་ཀློ་ཡི་སྐད་སྒྲ་ཉིན་བཞིན་འཕེལ་བ་དང༌། ཀླ་ཀློ་ཡི་ཚོགས་པ་ཇི་ཙམ་འཕེལ་བ་དེ་ཚད་ཀྱིས་ཁོང་ཚོའི་ཁོག་ལ་ཡོད་པའི་ང་རྒྱལ་གྱི་ལྒང་བུ་དེ་ཡང་ཆེ་རུ་འགྲོ་བ་མ་ཚད། བོད་པ་དང་འབུ་སྲིན་མཉམ་དུ་རྡོག་རྫིས་གཏོང་འདོད་པའི་བསམ་བློ་དེ་ནི་ཉིན་བཞིན་རྒྱས་པར་གདའ། དགུང་སྔོན་གྱི་དབྱིངས་ནས་སྲོང་བཙན་གྱིས་སྡང་མིག་ཇི་ཙམ་བལྟ་ན་ཡང༌། སྤྲིན་དཀར་གྱི་བར་ནས་ཁྲི་རལ་གྱིས་རྡོ་རིང་ལ་ཇི་ཚད་མཛུབ་མོ་བཙུགས་ཀྱང་རུང༌། གངས་རི་ཡི་ཁྲག་རྒྱུན་རྣམས་སླར་ཡང་བཙན་པོ་དབང་ཡོད་དང༌། ཐབས་ངན་ཇུས་ངན་གྱི་འོག་ཏུ་རི་དང་བྲག་ལ་འདེད་བཞིན་ཡོད།

ལག་གདང་སྦྲེལ་ཤོག སྙིང་ཉེ་བའི་སྤུན་ཟླ་ལགས། ང་ཚོ་ནི་སྲོང་བཙན་གྱི་རྣམ་ཤེས་ཡིན་ལ་ང་ཚོ་ནི་ཁྲི་སྲོང་གི་ཟུངས་ཁྲག་ཡིན། ཀླ་ཀློས་ང་ཚོའི་རྣམ་ཤེས་གད་སྙིགས་ནང་འཕྱག་བཞིན་ཡོད་ལ། ཀླ་ཀློས་ང་ཚོའི་ལུས་པོ་འབེན་དུ་འཇོག་བཞིན་ཡོད་པ་མ་ཚད། ཀླ་ཀློས་ང་ཚོ་ཁྱིམ་གཞིས་ནས་འབུད་བཞིན་ཡོད། ལག་གདང་སྦྲེལ་ཤོག སྙིང་ཉེ་བའི་སྤུན་ཟླ། གངས་རི་ལ་དྲོད་མ་ཡལ་བའི་ཟུངས་ཁྲག་དྲོན་མོ་རེ་ང་ཚོ་ཚང་མའི་སེམས་ཁོངས་སུ་འཁྱིལ་ཡོད་ལ། གངས་སེང་ལ་བརྩེ་བ་མ་ཡལ་བའི་སྙིང་ཆུང་གསོན་པོ་རེ་ང་ཚོའི་བྲང་ཁོག་ན་འཕག་བཞིན་ཡོད།

ངའི་དགེ་རྒན་དམ་པ་དེ་ཞིང་དུ་ཕེབས་ཁར་སྐྱབས་མགོན་རིན་པོ་ཆེ་ལན་གཅིག་མཇལ་མ་ཐུབ་པ་དང་བོད་རང་དབང་གི་ཉིན་མོ་མཐོང་མ་ཐུབ་པ་དེ་ནི་ཁོང་གི་ཆེས་ཐུང་བའི་མི་ཚེའི་ནང་གི་སྐྱོ་གར་ཞིག་ཡིན་ཟེར། ཁོང་གི་འདྲེན་བྱེད་ལས་འཕྲོ་བའི་རེ་ཆད་ཀྱི་མདངས་དང༌། རྒྱ་མི་ལ་སྡང་བའི་ང་རྒྱལ། ད་དུང་སེམས་སྡུག་དང་སྡེབ་པའི་འཆི་ཁ་ཁའི་དབུགས་རིང་དེ་དག་ངས་དུས་ནམ་ཡང་བརྗེད་པར་དཀའ། ཁོང་ཉིད་ད་ལྟ་རིགས་དྲུག་གང་ཞིག་ཏུ་སྐྱེས་ཡོད་མིན་མི་ཤེས་མོད། ངས་རྟག་ཏུ་ཞལ་བགྲད་མཆེ་བ་གྱེན་དུ་བཙིགས་ཤིང་རྣོ་ངར་རལ་གྲི་གནམ་ལ་འཕྱར་བའི་བོད་སྐྱོང་བསྟན་སྲུང་གི་གྲལ་དུ་ཚུད་ཡོད་པར་གསོལ་བ་སྨོན་ལམ་འདེབས་ཀྱིན་ཡོད། དགེ་རྒན་དམ་པ་དེ་ཞལ་འཚོ་བཞུགས་ཀྱི་རིང་དུ། ང་ལ་ཡང་ཁོང་ཉིད་འཚོ་ཚེ་བོད་པའི་མི་དང་འཆི་ཚེ་བོད་པའི་འདྲེ་ཡིན་བརྗོད་མྱོང༌། ཁོང་གིས་ང་ལ་རང་ཉིད་མི་རིགས་འདིའི་བདག་པོ་ཡིན་པར་སྤོབས་པ་སྐྱེ་རུ་བཅུག་ལ། ཁོང་གིས་ང་ལ་རང་གི་སྐད་ཡིག་ཙམ་མ་ཡིན་པར་རྒྱ་ཡིག་དང་དབྱིན་ཡིག་སྦྱངས་ནས་བོད་མི་རིགས་ཀྱི་མདུན་ལམ་འཚོལ་དགོས་པའི་ལམ་སྟོན་གནང༌། ད་ལྟ་ངས་བོད་རྒྱ་དབྱིན་གསུམ་ཀློག་ཁུལ་བྱེད་པ་དེ་ཡང་དགེ་རྒན་དམ་པ་དེའི་དྲིན་ལས་འཁྲུངས་ལ། ང་ཡང་གསོན་ན་བོད་པའི་མི་དང་འཆི་ན་བོད་པའི་འདྲེ་ཡིན།

སྙིང་ཉེ་བའི་སྤུན་ཟླ་ལགས། ཉི་འོད་ལ་དྲོད་མེད་ཅིང་སྐར་ཚོགས་ལ་མདངས་མེད་པའི་མཐོ་སྒང་འདི་ན། ང་ཚོ་ནི་དམིགས་པ་གཅིག་གིས་རྣམ་ཤེས་ཀྱི་གོང་བུ་གཅིག་ཏུ་འགྲིལ་བ་དང༌། འདུན་པ་གཅིག་གིས་ཟུངས་ཁྲག་གི་ཆུ་ཀླུང་ཕྱོགས་གཅིག་ཏུ་བཞུར་བཞིན་པའི་མཇུག་མ་རྫོགས་པའི་སྒྲུང་དེབ་ཅིག་ཀྱང་ཡིན། སྒྲུང་དེབ་འདིའི་ནང་དུ་འཛམ་གླིང་འདིར་ཆེས་སྐྱོ་འོས་པའི་གཏམ་རྒྱུད་བཀོད་ཡོད་པ་སྟེ། འཛམ་གླིང་འདིར་ལོ་ན་ཆུང་ཤོས་ཀྱི་ཆབ་སྲིད་བཙོན་པ་དང༌། འཛམ་གླིང་འདིར་ཡུལ་གྱར་དུས་ཚོད་རིང་ཤོས་ཀྱི་བླ་མ། འཛམ་གླིང་འདིར་ཆེས་དཀོན་པའི་རྩ་ཆེའི་རིག་གནས་ཞིག་ཀླ་ཀློའི་འདོད་རྔམ་འོག་ཏུ་རྩ་གཏོར་དུ་འགྲོ་བཞིན་པ། རིག་གནས་དེ་དག་གི་རྒྱུད་འཛིན་པ་རྣམས་ད་ལྟ་ཀླ་ཀློའི་མེ་མདའི་སོ་ཁ་ན་ཚུད་ཡོད་པ་མ་ཚད། ཉིན་རེ་བཞིན་དུ་འཛམ་གླིང་ས་ཕྱོགས་གང་སར་འཐོར་བཞིན་ཡོད་པ་ལགས།

སྙིང་ཉེ་བའི་སྤུན་ཟླ་ལགས། ལག་གདང་སྦྲེལ་ཤོག བོད་པ་བརྡུང་པ་དང་བོད་པ་ལ་བརྙས་བཅོས་བྱེད་པ་མཐོང་ཐེངས་རེར། བོད་པ་བཙོན་དུ་བཅུག་པ་དང་བོད་པ་དམར་གསོད་བྱས་པ་གོ་ཐེངས་རེར། ད་དུང་དེ་ལས་ཀྱང་ག་ལ་ཚད། བརྙན་འཕྲིན་གྱི་ལམ་ནས་བོད་པ་བཀྱིགས་བཞག་པ་དང་བོད་པའི་ཁྲག་བོད་པའི་རོ་སོགས་མཐོང་དུས་ན། ང་ཚོའི་རྩ་ལམ་ན་རྒྱུ་བའི་ཁོང་ཁྲོ་ཡི་ཁྲག་ང་རྒྱལ་གྱི་རླུང་སྙིང་རྗེ་ཡི་དྲོད་རྣམས་ལ་ཁྱད་པར་སྤུ་ཙམ་མེད། ང་ཚོ་ནི་སྲོང་བཙན་རྟ་དམག་གི་རྨིག་སྒྲ་ད་དུང་མ་ཡལ་པ་ཞིག་དང༌། ཁྲི་སྲོང་འབུམ་དམག་གི་རུ་གླུ་མཇུག་མ་རྫོགས་པ་ཞིག་གམ་དྲོད་མ་ཡལ་བའི་ཁྲི་རལ་གྱི་རལ་པའི་རྒྱུན་ཞིག་ཀྱང་ཡིན་པས་ང་ཚོ་ལ་ང་དང་ཁྱོད་ཅེས་ཁྱད་པར་རྩ་བ་ནས་མེད།

ལག་གདང་སྦྲེལ་ཤོག སྙིང་ཉེ་བའི་སྤུན་ཟླ་ལགས། གྲུབ་མཐའི་ཞེན་ཁོག་རེ་ཞིག་བཞག་ནས་མི་རིགས་ཀྱི་ལས་དབང་འཚོལ་དུ་འགྲོ། ཡུལ་ལུང་གི་ཕྱོགས་རིས་རེ་ཞིག་སྤངས་ནས་མི་རིགས་རང་སྐྱོབ་ཀྱི་སྙིང་ཆུང་འདི་ཁོ་ན་འཕག་ཏུ་འཇུག མི་རིགས་ཀྱི་རང་དབང་འདི་དམྱལ་ཁམས་མཐིལ་ནས་བསུ་དགོས་ཀྱང་རུང༌། ཤ་ཁྲག་ཚེ་སྲོག་གིས་ལམ་བུ་ཇི་ཙམ་རིང་བ་ཞིག་འདིང་དགོས་ན་ཡང༌། མཐོ་སྒང་གི་ཡུལ་གྲུ་འདིར་རང་དབང་གི་ཉི་མ་མ་ཤར་བར་དུ་ང་ཚོས་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་ཡིན། སྤུན་ཟླ་ལགས། ཁྱེད་ཀྱིས་བཤད་ན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།