ང་ཚོ་ལ་རེ་བ་ཡོད་པ་ཡིན།

དོན་གྲུབ་དབང་ཆེན་གྱིས་བསྐྲུན་པའི་གློག་བརྙན་ལས་ང་ཚོས་རེ་བ་ཡི་མེ་ཏོག་མཐོང་ཐུབ་པ་དང་། འཇམ་དབྱངས་ནོར་བུའི་རིག་པའི་སྤུ་གྲིས་མ་རུང་བདུད་ཀྱི་སྦྱོར་ངན་སྐེ་དག་འཕེན་བཞིན་ཡོད་ལ། བསྟན་འཛིན་བརྩོན་འགྲུས་ཀྱི་སྙིང་སྟོབས་དང་འོད་ཟེར་ལགས་ཀྱི་ལྗགས་རྩོམ་ལས་མདུན་སྐྱོད་ཀྱི་འོད་སྣང་མཐོང་ཐུབ་པ་ཡིན།   དཔའ་བོ་དཔའ་མོ་གྲངས་ལས་འདས་པའི་ཟུངས་ཁྲག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྱན་ཆབ་དང་ཟུང་དུ་མ་ཡུམ་མཐོ་སྒང་འཛིན་མའི་པང་དུ་རུམ་ཡོད་ལ།  ཟུངས་ཁྲག་གི་ཁྲོད་དུ་འཚར་ལོངས་བྱུང་བའི་གདོང་དམར་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་སེམས་སུ་ལ་རྒྱ་ཡི་འཕར་རྩ་ལྡིང་བཞིན་ཡོད།   ང་ཚོ་ལ་རེ་བ་ཡོད་པ་ཡིན།  ལོ་ངོ་ཉི་ཤུ་ཙམ་དམར་ཕྱོགས་ཀྱི་བཙོན་ཁང་ནང་དུ་དཀའ་སྡུག་བཟོད་ཐུབ་པའི་བློ་བཟང་བསྟན་འཛིན་གྱིས་ང་ཚོའི་སྙིང་ལ་ངར་ཆུ་ལྡུད་ཡོད་ལ། བསྟན་འཛིན་དགེ་ལེགས་རིན་པོ་ཆེས་ང་ཚོ་ལ་ལམ་སྟོན་གྱི་མཆོད་མེ་བཤམས་ཡོད་པས་ང་ཚོ་ལ་རེ་བ་ཡོད་པ་ཡིན།  རྒྱ་ནག་གུང་ཁྲན་གྱིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་དེ་ཡིས་ཀྱང་། ང་སྤྲུལ་སྐུ་ཡིན། འོན་ཀྱང་ང་པཎ་ཆེན་མིན་ཞེས་བརྗོད་སྐད་གོ་བས་པཎ་ཆེན་རྫུན་མའི་སེམས་ལ་ཡང་བོད་པ་ཞིག་གི་བླ་གསོས་པ་ལོས་ཡིན།  རྒྱ་བདེ་འདོད་ན་བོད་ཡང་བདེ་དགོས།  རྒྱ་མི་རྣམས་སྐྱིད་པར་འདོད་ན་བོད་མི་རྣམས་ཀྱང་སྐྱིད་དགོས།

རྒྱ་མིས་བོད་མིའི་སེམས་སྣད་པ་གསོ་དགོས། བོད་མིའི་འདོད་པ་མ་འགྲུབ་གོང་དུ་འདུན་མ་ཡང་བྱ་ཐབས་གང་ལ་ཡོད།  ཅི་ནས་ཀྱང་འདུན་མ་བྱ་ན་ལྷ་སའི་ཇོ་ཁང་མདུན་གྱི་རྡོ་རིང་ལ་དཔེ་བལྟ། རྡོ་རིང་ཐོག་ང་ཚོའི་མེས་པོ་རྣམས་ཀྱིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་ཚེ་ཚེ་རབས་རབས་སུ་གཅིག་གིས་གཅིག་ལ་བཙན་འཛུལ་མི་བྱེད་པ་མནའ་བསྐྱལ་ཡོད་པ་ཡིན། ཡིད་མ་ཆེས་ན་ལྷ་སར་ཕྱིན་ལ་མིག་ལྟོས།  ང་ཚོ་བོད་པ་རྣམས་ལ་རེ་བ་ཡོད་པ་ཡིན། གལ་ཏེ་ང་ཚོས་མིག་ཐག་རིང་ཙམ་དང་། འདོད་ཐག་ཐུང་ཙམ། མཐོང་གོམས་ཡངས་ཙམ། བློ་ཁོག་ཡང་ཆེ་ཙམ་བྱེད་ཐུབ་ན་རེ་བ་མེད་པ་ག་ལ་ཡིན།  དཔལ་རྒྱལ་བ་ཀརྨ་པས་རང་སྲོག་བློས་བཏང་གི་སྒོ་ནས་རི་ལུང་མང་པོ་ཞབས་ཀྱིས་བཅགས་ཏེ་ཕྱག་ན་པདྨོའི་དྲུང་དུ་བོད་བསྟན་སྲིད་ཀྱི་ལས་དོན་སྒྲུབ་པར་ཕེབས་པར་ལགས་ན། ང་ཚོ་ལ་རེ་བ་ཡོད་པ་ལོས་ཡིན། 

ང་ཚོ་མགོ་ནག་བོད་མི་ཡོངས་ཀྱིས། རྒན་འཁོགས་སྐོར་བར་འགྲོ་ཚེ་བོད་དོན་གླེང་། ཚོང་པ་ཚོང་ལ་འགྲོ་ཚེ་བོད་དོན་གླེང་། ཞིང་པ་ཞོར་ལས་བྱེད་དུས་བོད་དོན་གླེང་། འབྲོག་པ་ཕྱུགས་ལས་ཞོར་དུ་བོད་དོན་གླེང་། བྱིས་པ་སློབ་གྲྭར་འགྲོ་ཚེ་བོད་དོན་གླེང་། དགེ་སློང་ཆོས་ཁྲིད་འགྲོ་དུས་བོད་དོན་གླེང་།  དར་མ་ལས་ཀར་བཞུགས་ཚེ་བོད་དོན་གླེང་། ན་གཞོན་རྩོམ་ཡིག་འབྲི་ཚེ་བོད་དོན་གླེང་། ཕ་མ་སྤུན་མཆེད་འཛོམས་ཚེ་བོད་དོན་གླེང་། གྲོགས་པོ་གྲོགས་མོ་འཛོམས་ཚེ་བོད་དོན་གླེང་། མདོར་ན། གཏམ་ཅི་སྨྲ། ལས་ཅི་བྱེད་སོགས་བོད་དོན་དང་འབྲེལ་བའི་ལས་འགུལ་ཀུན་ལ་ཚང་མས་མཉམ་རུབ་བྱེད་ཐུབ་ན་ང་ཚོ་ལ་རེ་བ་ཡོད་པ་ཡིན་ནོ།

མི་རིང་གངས་ཅན་ས་ལའི་ལྗོན་པ་ནས།

མི་འདོད་ཀླ་ཀློའི་ཚོགས་དག་ཡལ་གྱུར་ནས།

མི་དབང་སྲོང་བཙན་སྒམ་པོའི་མཛད་འཕྲིན་རྒྱུན།

མི་ཡི་ཡུལ་འདིར་སླར་ཡང་དར་གྱུར་ཅིག

མུ་ལ་མུ་ཁྱུད་གངས་ཀྱི་ཕྲེང་བ་ལྟར།

མུ་ལ་མུ་འབྲེལ་སྤང་གི་གཞོང་པ་བཞིན།

མུ་ལ་མུ་སྟར་བོད་མི་ཡོངས་ཀྱི་སེམས།

མུ་ནས་མུ་མཐུད་རྟག་ཀུན་འབྲེལ་གྱུར་ཅིག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།