ཉི་མ་ཚེ་རིང་གི་མིག་ཆུ།

གློ་བུར་དུ་ཁོང་ལ་ཕྱིར་ཐོན་ལམ་ཡིག་བཟོ་བར་མཁོ་བའི་ཕྱེད་པར་གཉིས་འབྲེལ་ཡོད་ལས་ཁུངས་སུ་སྐྱེལ་དགོས་པའི་བརྡ་འབྱོར། གོང་རིམ་གྱིས་ཟེར་ན། ཉིན་ཤས་རྗེས་ཉི་མ་ཚེ་རིང་ཐོག་མར་པེ་ཅིན་དུ་འཕུར་དགོས་པ་དང༌། དེ་རུ་སྲིད་གཞུང་གི་སྡེ་ཁག་འགའ་ཤས་ཀྱི་དཔོན་རིགས་འགའ་དང་འཛོམས་རྗེས་ནོར་ཝེ་རྒྱལ་ཁབ་ཏུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་ལ་བཞུགས་དགོས་རེད་ཟེར། ནོར་ཝེ། དེ་ནི་1989ལོར་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་པེར་ཞི་བདེའི་བྱ་དགའ་ཕུལ་གནང་མཛད་མཁན་གྱི་རྒྱལ་ཁབ་དེ་མ་ཡིན་ནམ། ཉི་མ་ཚེ་རིང་གི་སེམས་ཁམས་སུ་དགའ་སྤྲོ་ཡི་སྙིང་རྩ་ཞིག་འཕར་བ་དང་ལྷན་དུ་དོག་མི་བདེ་བའི་ཁྲག་རྒྱུན་ཞིག་ཀྱང་བཞུར། གོང་རིམ་ལ་འདྲ་པར་འབུལ་སྐབས་མི་ཞིག་གིས་ཁོང་ལ་འགྲོ་ལུགས་སྡོད་སྟངས་གང་ཅིར་བསླབ་བྱ་ནན་པོ་བྱས། འོན་ཀྱང་ཉི་མ་ཚེ་རིང་གི་གདོང་ལས་བློ་སྤོབས་ཤོར་བ་མངོན་ཚེ། སེམས་གསོའི་ཚུལ་དུ་ཐུགས་ཕྲལ་གནང་དགོས་མ་རེད། ཁྱེད་རང་དང་མཉམ་དུ་ཕེབས་མཁན་ཚང་མ་གནས་ལུགས་རྟོགས་མཁན་ཤ་སྟག་རེད། ང་ཚོ་ལྷ་སའི་དཔོན་རིགས་མགོ་སྟོང་དེ་ཚོ་དང་འདྲ་ས་ཡོ་མ་རེད་ཟེར།

མི་རིང་བར་ཉི་མ་ཚེ་རིང་ཁེར་རེར་རྒྱལ་ས་པེ་ཅིན་དུ་འཕུར་བའི་གནམ་གྲུར་བཞུགས། ཕྱོགས་གཉིས་ཀ་ནས་སྐྱེལ་བསུ་བྱེད་མཁན་ཡོད་པ་ནི་ཤོད་མི་དགོས་རེད། དེ་དག་ཁྲོད་དུ་སུ་དང་ཐུག་པའམ་གང་ཞིག་དང་གླེང་མོལ་བྱས་པ་ནི་ཁོང་གི་དྲན་པ་རུ་རབ་རིབ་ཙམ་ལས་འཆར་རྒྱུ་མེད། ཉིན་གཉིས་ཀྱི་རྗེས་སུ་ཁོང་དང་མི་བཅུ་གྲངས་ཞིག་མཉམ་དུ་གནམ་གྲུར་བསྡད་ནས་ནོར་ཝེའི་ཕྱོགས་སུ་འཕུར། ལམ་བར་གྱི་མྱོང་བ་ནི་རབ་རིབ་ཙམ་ལས་འཆར་ག་ལ་སྲིད། ཉི་མ་ཚེ་རིང་གི་ངོས་ནས་བཤད་ན། འདི་ནི་ཐེངས་དང་པོར་ཕྱི་གླིང་ཡུལ་དུ་འགྲོ་བ་རེད། སྤྱིར་བྱས་ན་མཐོང་ཐོས་དེ་དག་དྲན་པའི་ལམ་དུ་ཁྲ་ལྷམ་མེར་གསལ་དགོས་པ་ཡིན་མོད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཡིག་འབྲུ་ལྗིད་ཏིག་ཏིག་འདི་དག་དང་བསྡུར་བ་བྱས་ཚེ། མཐོང་ཐོས་མང་པོ་ཞིག་ཀྱང་དྲན་པའི་ལམ་དུ་འཆར་དཀའ་བ་རེད། རྒྱུ་མཚན་ནི་ཚོགས་འདུ་དེ་འདྲ་ཞིག་གིས་མ་གཏོགས་ཁོང་གི་ཡིད་ཀྱི་མཚེའུ་ལང་ལོང་དུ་འཕྱོ་སྲིད་དམ། ཤེས་དགོས་པ་ཞིག་ལ། ཁོང་ནི་འཐུས་མི་ཚོགས་པའི་ཚོགས་མི་དེ་དག་ཁྲོད་དུ་བོད་ནས་ཕེབས་པའི་བོད་པ་གཅིག་པུ་དེ་ཡིན་པ་མ་ཟད། རབ་བྱུང་ངུར་སྨྲིག་གི་གོས་བཀླུབས་པའི་དགེ་སློང་གཅིག་པུ་དེ་ཡང་རེད།

མི་བཅུ་གྲངས་དེ་དག་ནི་དངོས་གནས་ལྷ་སའི་དཔོན་རིགས་ཚོ་དང་འདྲ་ས་མི་འདུག ་ཉི་མ་ཚེ་རིང་ལས་ལོ་ན་རྒན་པའི་དཔོན་རིགས་དེ་དག་ཡོན་ཏན་ལྡན་ལ་ཀུན་སྤྱོད་བཟང་བའི་ཚུལ་ཞིག་ནི་ཕྱི་རུ་ངམ་ངམ་དུ་མངོན་ཡོང༌། ཁ་མི་མང་ལ་མི་གཞན་ལ་བཀོད་པ་གང་འདོད་དུ་མི་གཏོང༌། ཉི་མ་ཚེ་རིང་གིས་ད་ལྟ་ཡང་གསལ་གསལ་དུ་སེམས་ལ་ངེས་པ་ནི་མི་རིགས་ཆོས་ལུགས་དོ་དམ་ལས་ཁུངས་སུ་འགན་གནས་གལ་ཆེན་འཁུར་བའི་དཔོན་པོ་དེ་རེད། དཔོན་པོ་དེས་ཁོང་རང་མི་ཡུལ་དུ་མིག་ཆུ་ལྷུང་ལ་ཁད་ཀྱི་ངོ་ཚ་ཁ་སྐྱེངས་ཀྱི་གནས་བབ་དེར་འཇམ་པོའི་ངང་དུ་“བདེ་པོ་མི་འདུག་གམ་”ཞེས་དྲི་བ་ཙམ་ལས་སྐད་ཆ་འཐོལ་པ་ཚིག་གཅིག་མ་བཤད་ལ། མཐའ་མར་ཁོང་གི་བཞིན་ལས་མིག་ཆུའི་ཆར་རྒྱུན་ཉིལ་དུས་སུ་ཡང་སུ་ཞིག་གིས་ཀྱང་ཁོང་ལ་རྒྱུ་མཚན་དྲི་མཁན་མ་བྱུང༌། གང་ལྟར་ཡང་དེ་ནི་གཞན་ལ་བསམ་ཤེས་བྱེད་སྟངས་ཤིག་ཡིན་པ་ལོས་ཡིན། ཉི་མ་ཚེ་རིང་གིས་དོན་དེ་ད་བར་དུ་དྲིན་ཞིག་ལ་ཚོར་ཡོད།

ཉེ་ཆར་ཚོགས་འདུ་དེའི་སྐོར་གླེང་སྐབས་ཉི་མ་ཚེ་རིང་གིས་ཚོགས་འདུའི་གོ་རིམ་དང༌། མི་སྣ། ནང་དོན། དེ་བཞིན་ཚོགས་འདུའི་རྒྱབ་ལྗོངས་དང༌། ཁོར་ཡུག རྣམ་པའམ་ཡང་ན་ཚོགས་འདུའི་ཞོར་གྱི་སྟོན་མོ་དང༌། བགྲོ་གླེང༌། ལྟ་སྐོར་སོགས་པའི་དོན་མང་པོ་ཞིག་བསྡུས་ནས་གླེང་འདོད་བྱེད་ཀྱི་མེད་པ་རེད།

དོན་དངོས་ཐོག་ཉི་མ་ཚེ་རིང་གིས་ཁོང་ལ་འཕྲད་པའི་ཆག་སྒོ་དེ་གཉིས་ཆེས་གློ་བུར་དུ་གྲ་སྒྲིག་ཅི་ཡང་མེད་པའི་ངང་ནས་བཤད་བྱུང༌། སྐད་ཆ་དེ་དག་ཡུན་རིང་ཁོང་གི་སེམས་ཁམས་སུ་བཀག་བཞག་པའི་རྦབ་ཆུ་ཞིག་ལྟར་ཤོང་ཚད་ལས་བརྒལ་ནས་ཕྱི་རུ་འབོ་བ་དང་ཤིན་ཏུ་ནས་འདྲ། ཉག་ཉོག་གི་སྐད་ཆ་དེ་དག་འབུད་རྒྱག་བཏང་ནས་སེམས་ཁོང་དུ་རུམ་པའི་གཏམ་སྣེ་དེར་འཇུས་སོང༌།

ཉིན་དང་པོའི་སྔ་དྲོའི་ཚོགས་འདུ་ཚར་ནས་ཀྲུང་གོའི་གཞུང་ཚབ་ཁང་དུ་གསོལ་སྟོན་དུ་འགྲོ་སྐབས། ཡུན་རིང་ཉི་མ་ཚེ་རིང་གི་བློ་ཡུལ་དུ་འཁོར་བཞིན་པའི་སེམས་དོགས་ཀྱི་ན་བུན་དེ་དག་ཅུང་ཟད་སངས་པར་གྱུར། གང་ལགས་ཤེ་ན། སྔ་དྲོའི་ཚོགས་འདུའི་ཐོག་ཁོང་ལ་བྱེད་སྟངས་ཁག་པོ་བཟོ་མཁན་མ་བྱུང་ལ། ལན་འདེབས་དཀའ་བའི་དྲི་བ་ཡང་བཏོན་མཁན་བྱུང་མེད། ལམ་རྒྱུད་ཀྱི་ཡོ་རོབ་བྱང་མའི་མཛེས་ལྗོངས་དེ་དག་དལ་བུར་འདྲེན་བྱེད་ཀྱི་དཔལ་དུ་འཚེར་ཡོང་བས། ཉི་མ་ཚེ་རིང་ཡང་ལུས་སེམས་ལྷོད་པོར་གྱུར་བ་ལྟར་གཡས་གཡོན་ན་ཡོད་པའི་ཕྱི་རྒྱལ་བ་རྣམས་དང་ཅི་གྲོས་མོལ་གྲོས་བྱེད་པའི་ཚུལ་འདི་ནི་རེ་ཞིག་ཁོ་རང་སླར་ཡང་ལྷ་ལྡན་གཙུག་ལག་ཁང་དུ་ཕྱི་རྒྱལ་བ་རྣམས་ལ་འགྲེལ་བརྗོད་བྱེད་བཞིན་པའི་གནས་སུ་ལོག་པ་ལྟར་དུ་སྣང༌། དེར་བརྟེན་རླངས་འཁོར་ཁ་བཀག་ནས་སྒོ་མོ་ཤག་སྒྲ་དང་བཅས་ཕྱེ་བའི་སྐབས་དེར། བླ་མ་མཁྱེན། དེ་ལྟ་བུའི་སྐད་སྒྲ། དེ་ལྟར་མང་བའི་མི་ཚོགས་ཀྱི་སྐད་སྒྲ། ཕྱོགས་བཞི་མཚམས་བརྒྱད་ནས་འབྲུག་སྒྲ་དུས་གཅིག་ཏུ་ལྡིར་བ་ལྟར་ཉི་མ་ཚེ་རིང་གི་རྣ་ལ་འཚང་བས་ཁོང་ཡང་རེ་ཞིག་འུང་སྒྲ་དང་བཅས་མགོ་བོ་གས་པ་ལྟར་རྐང་པས་ལུས་པོ་འཁྱོག་དཀའ་བའི་གནས་སུ་གྱུར།

“རྒྱ་མི།”

“རྒྱ་མིའི་བླ་མ།”

“གུང་ཁྲན་ཏང་གི་བླ་མ།”

གཞུང་ཚབ་ཁང་གི་སྒོ་འགྲམ་དུ་ཉི་མ་ཚེ་རིང་གི་མིག་མདུན་དུ་རྒྱུས་མངའ་ཅན་གྱི་གདོང་རིས་བཅུ་ཕྲག་འགའ་ཤས་འཆར་ཡོང་བ་དང༌། དེ་དག་གིས་རྒྱུས་མངའ་དེ་ལས་ཆེ་བ་མེད་པའི་སྐད་ཀྱི་ཐོག་ནས་འབོད་སྒྲ་སྒྲོག་བཞིན་འདུག དེ་དག་ཉི་མ་ཚེ་རིང་དང་ལོ་ན་ཕལ་ཆེར་མཚུངས་པའི་སྐྱེས་ཕོ་མོའི་ཁྱུ་ཚོགས་ཤིག་ཡིན་པ་མ་ཚད། ཁོང་དང་ཁྲག་རྒྱུད་གཅིག་ཏུ་འདྲེས་པའི་མི་རིགས་གཅིག་པའི་སྤུན་ཟླ་ཡང་རེད། མི་འདྲ་ས་གཅིག་པུ་གླེང་དགོས་བྱུང་ན། དེ་དག་ནི་ཕྱི་ཡུལ་ན་ཡོད་པའི་ཡུལ་གྱར་བོད་པ་ཡིན་པ་དང༌། ཁོང་ངམ་ཁོང་གཅིག་པུ་ནི་བོད་ལ་ཡོད་པའི་བཅིངས་འགྲོལ་བཏང་བཞག་པའི་བོད་པ་རེད། སྐབས་དེ་འདྲ་ཞིག་དང་དུས་འདི་འདྲ་ཞིག་གི་འོག་ཏུ། སྐྱབས་མགོན་རིན་པོ་ཆེས་ནོར་པེར་བྱ་དགའ་བཞེས་མྱོང་སའི་གྲོང་ཁྱེར་དེའི་ཀྲུང་གོའི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ། ཉི་མ་ཚེ་རིང་དང་ཁོང་ཚོ་མདུང་རྩེ་ཁ་སྤྲོད་དུ་གྱུར་པའི་རུ་ཁག་གཉིས་སུ་སྣང་བ་ལྟར་མངོན།

མི་ཚོགས་དེ་དག་གིས་བོད་དབྱིན་རྒྱ་གསུམ་གྱི་ཐོག་ནས་“རྒྱ་མི། ང་ཚོའི་ཕ་ཡུལ་ང་ཚོ་ལ་ཕྱིར་སློག་བྱེད་དགོས་”ཞེས་པའི་སྦྱར་ཚིག་མཐོན་པོར་བསྒྲེངས་འདུག

རླངས་འཁོར་ནང་དུ་ཡོད་པའི་མི་དག་གཅིག་རྗེས་གཉིས་མཐུད་ཀྱིས་འབབ་འགྲོ་བ་དང༌། སྣང་བ་སྣང་མེད་ངང་དུ་ཐད་ཀར་མདུན་དུ་བསྐྱོད་འགྲོ་མོད། ཉི་མ་ཚེ་རིང་གིས་དེ་ལྟར་བྱེད་ག་ལ་ཐུབ། ཕྱིས་སུ། ཁོང་གིས་བསམ་མནོ་ཇི་ཙམ་བཏང་ཡང་རང་ཉིད་ཀྱིས་ལམ་བུ་དེ་ཇི་ལྟར་བརྒྱུད་ནས་ཡོང་བ་དྲན་མི་ཐུབ། ཡིན་ན་ཡང་གཏན་འཁེལ་བ་ཞིག་ལ། དེ་ནི་ཁོང་གི་མི་ལོ་32ཀྱི་མི་ཚེའི་ལམ་བུའི་ཐོག་ཏུ་ཆེས་རིང་ཤོས་དང་ཆེས་དཀའ་ཚེགས་ཆེ་ཤོས་ཀྱི་ལམ་བུ་ཞིག་ཡིན་པ་རེད། ཁོང་གི་ལུས་སུ་བཀླུབས་པའི་ངུར་སྨྲིག་གི་བླ་གོས་དེ་ནི་འུར་འུར་དུ་འབར་བཞིན་པའི་མེ་ལྕེ་ཞིག་དང་འདྲ་ལ། སྲེག་བྱེད་ཀྱི་ཁ་རུ་ལྷམ་ལྷམ་དུ་འཚིག་བཞིན་པ་ནི་ཁོང་ལ་ཡོད་པའི་བོད་པ་ཡི་ལུས་དང་བོད་པ་ཡི་རྣམ་ཤེས་རེད། དེ་ལས་ཀྱང་ག་ལ་ཚད། མེ་ཐོག་ཏུ་མར་ཁུ་བཤོས་ན་མེ་ལྕེ་དགུང་ལ་ཕྱུར་ངེས་རེད། མཐོང་ཆུང་གི་ཉམས་མངོན་པའི་མིག་གི་ལྟ་ཕྱོགས་རེ་རེ་ནི་མདུན་དུ་མཆེད་ཡོང་བའི་སྣུམ་ཐིགས་རེ་དང་མཚུངས་ལ། སྣུམ་ཐིགས་རེ་རེས་འཁྱེར་འོང་བ་ནི་ལུས་སེམས་སོལ་བ་རུ་གཏོང་བའི་ཚ་ལམ་ལམ་གྱི་མར་ཁུ་རེད་འདུག མར་ཁུ་དང་འགྲོགས་པའི་མེ་ལྕེ་ཡི་གར་གྱི་ཁྲོད་དུ་ཉི་མ་ཚེ་རིང་གི་ས་རུ་དུད་པའི་མགོ་དང༌། གཞུ་ལྟར་གུག་པའི་གཉའ། འཁྱར་འཁྱོར་དུ་སྤོ་བའི་རྐང་པ་ཟུང་དག་འཚིག་པར་གྱུར་ལ། ནམ་ཡང་སོས་པར་དཀའ་བའི་རྨ་ཁ་བཞག་སོང༌།

བཤད་མཚམས་འདིར་སླེབས་སྐབས་ཉི་མ་ཚེ་རིང་གི་སྐད་ཆ་ཡང་ཅུང་འདར་སྐད་དུ་གྱུར། “ངས་ག་རེ་བྱེད་དགོས་རེད། ངས་ག་རེ་བྱེད་དགོས་རེད། ངས་ལུས་ལ་གྱོན་པ་ནི་འདི་རེད། ”ཁོང་གིས་ཉི་འོད་ཀྱི་འོག་ཏུ་འོད་མདངས་འཚེར་བཞིན་པའི་ངུར་སྨྲིག་གི་གོས་ལ་འཕུར་འཕུར་གཏོང་བཞིན་རེ་ཞིག་གདང་རྒྱག་དང་ཁེར་ལབ་ཀྱི་བར་དུ་ཚུད།

ཉི་མ་ཚེ་རིང་གིས་སླར་ཡང་གཏམ་སྣེ་འཇུས། དེ་ནས་བཟུང་ང་ལ་སྐྱིད་པོ་ཞིག་རྩ་བ་ནས་མ་བྱུང༌། ཉི་མ་བཞི་ཏག་ཏག། ངས་གཞི་ནས་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ཟེར་བ་གང་ཡིན་མྱོང་བ་ཟབ་པོ་བྱུང༌།

དངོས་སུ་གྲོག་མ་ཞིག་ཡིན་ན་དེ་ལས་ཡག་པ་ཞིག་གང་ན་ཡོད། གྲོག་མ་ཆུང་ཆུང་གི་ངོས་ནས་བཤད་ན་རྡོ་ལེབ་ཇི་ལྟར་ཚ་ཡང་འཇིག་དགོས་དོན་གང་ཡོད། གལ་ཏེ་སེམས་ཐག་ཅིག་ཆོད་ན། དཔའ་སྟོབས་ཆེན་པོའི་ངང་རྡོ་ལེབ་སྟེང་ནས་མཆོངས་ཏེ་རྒྱང་རིང་པོར་བྲོས་ཡང་འགྲོ་རྒྱུ་ཡོད་མོད། ཞེད་དགོས་པ་ཞིག་ལ་ཕྱོགས་རྣམས་ཐམས་ཅད་རྡོ་ལེབ་ཚ་པོས་ཁེངས་ཤིང༌། བསིལ་བའི་དགའ་ཚལ་ལུས་ཟུངས་གབ་ས་ཞིག་རྙེད་མི་ཐུབ་པ་དེ་ཡིན།

ཉི་མ་ཚེ་རིང་གཞི་ནས་བགྲོད་ཁག་པའི་ལམ་བུ་དེ་ནས་ཐར་བར་གྱུར། འོན་ཀྱང་ཁོང་གི་ལུས་སེམས་ཡོད་ཚད་འཚིག་ནས་རྨ་ཁར་གྱུར་འདུག། གཏིང་ཟབ་པའི་རྨ་ཤུལ་རེ་རེས་བཟོད་དཀའ་བའི་སྡུག་བསྔལ་འབྱིན་པ་དང་ངུ་འདོད་ཀྱང་མིག་ཆུ་མེད་པའི་ཚོར་བ་དེ་དག་ནི་ཚིག་གི་ལམ་ནས་བརྗོད་པར་དཀའ། གཞུང་ཚབ་ཁང་གི་མི་རྣམས་ཐམས་ཅད་གནས་ཚུལ་གང་ཡང་མ་བྱུང་བ་ལྟ་བུའི་ཚུལ་དུ་བརྫུ་བའམ་ཡང་ན་དོན་དེ་དག་ཁ་འདྲིས་སྣ་འདྲིས་སུ་གྱུར་པ་ལྟར་སུ་ཞིག་གིས་ཀྱང་གླེང་བར་མི་བྱེད། མི་རྣམས་ཐམས་ཅད་དོན་གཞན་གླེང་བཞིན་ཡོད་པ་དང༌། གུས་ཞབས་ཀྱི་སྒོ་ནས་ཁ་བརྡ་གླེང་མོ་དང་ཟ་འཐུང་ལ་རོལ་འདུག འོན་ཀྱང་མི་གཅིག་པུ་ཞིག་ཟས་ཏིལ་ཀ་ཙམ་ཡང་མིད་པར་འགྲོ་དཀའ་བ་ནི་མགྲིན་པ་རུ་ཅི་ཞིག་གག་པ་ལྟར་དུ་སྣང༌། ཉི་མ་ཚེ་རིང༌། ཁོང་གིས་ཐེངས་དང་པོ་ཕྱི་གླིང་གཞན་ཡུལ་དུ་ཤ་རུས་གཅིག་པའི་སྤུན་ཟླའམ་ཡུལ་གྱར་བོད་པ་དེ་འདྲ་མང་པོ་ཞིག་མཐོང་མོད། དེ་དག་ནི་མིག་གི་མདུན་དུ་ཡོད་ཀྱང་རྒྱ་མཚོས་ཕ་རོལ་ཚུར་རོལ་དུ་བཅད་པ་ལྟར་དུ་སྣང༌།

ཉི་མ་ཚེ་རིང་ལ་མི་མང་པོ་ཞིག་གིས་སྐད་ཆ་བཤད་ཡོད་ངེས་རེད་ལ། སྐད་ཆ་དེ་དག་ཡང་གལ་ཆེ་བ་གང་ཡང་མིན་ངེས། དེར་བརྟེན་ཁོང་ཡང་ཉན་ཚུལ་ཙམ་དང་རྣ་རྒྱབ་ཀྱི་ལྷག་པར་བཏང༌། རྒྱུ་མཚན་ནི་སྐབས་དེ་དུས་ཁོང་གི་སེམས་པ་ནི་གྲི་ཡིས་གཏུབས་པ་དང་མཚུངས་ལ། བླ་ནི་སྔ་ས་ནས་གང་ཞིག་ཏུ་བོར་བ་ལྟར་དུ་སྣང༌། འོན་ཀྱང་ཁོང་གི་ཡིད་ལ་ངེས་པ་ནི་རླངས་འཁོར་གཅིག་པར་བཞུགས་པའི་ཕྱི་རྒྱལ་བ་དེ་དག་གིས་སྐབས་སྐབས་རང་ཉིད་ལ་སྙིང་རྗེའི་མིག་མདའ་ཙམ་རེ་འཕེན་པ་མ་ཚད། པེ་ཅིན་ནས་མཉམ་དུ་ཡོང་པའི་དཔོན་པོ་དེས་ངག་འཇམ་པོའི་ངང་“བདེ་པོ་མི་འདུག་གམ་”ཅེས་དྲི་ཙམ་བྱས་པ་དེ་རེད། ཉི་མ་ཚེ་རིང་གིས་ཏོག་ཙམ་མ་གཏོགས་མི་བདེ་བའི་ཚུལ་དུ་མགོ་བོ་ལྕོག་ལྕོག་བྱེད་རྩིས་བྱས། མི་དེ་ནི་ཕར་བལྟས་ན་གཤིས་ཀ་འཇམ་ལ་གུས་ཞབས་ལྡན་པ་ཞིག་འདུག ཁོང་ནི་རྒྱལ་ཁབ་ཡོངས་ཀྱི་མི་རིགས་དང་ཆོས་ལུགས་ཀྱི་གཞུང་ཕྱོགས་མགྲིན་ཚབ་པ་ཡིན་པས། འགྲོ་བ་མིའི་ཐོབ་ཐང་ཞེས་པ་མིང་དུ་བྱས་པའི་ཚོགས་འདུའི་ཐོག་རྟག་ཏུ་ཀུན་གྱིས་བསྲེགས་བཅད་བརྡར་གསུམ་བྱེད་སའི་མི་ཞིག་རེད།

ཉིན་གྲངས་མང་པོའི་རིང་གི་སེམས་དོགས་སླར་ཡང་གཟུགས་མེད་ཀྱི་སྡོམ་ཐག་ཅིག་ལྟར་ཉི་མ་ཚེ་རིང་གི་སྙིང་ལ་འཇུས་བྱུང༌། སེམས་དོགས་ཀྱི་ཚེར་མ་དེ་དག་ནི་ཁོང་ཉིད་ལྷ་ས་ནས་མ་ཐོན་གོང་ནས་སྙིང་ལ་སྐྱེ་འགོ་ཚུགས་པ་དང༌། རིམ་པས་ལོ་འདབ་རྒྱས་པས་ད་ལྟ་ཁོང་གི་སེམས་པ་ཤིན་ཏུ་ནས་ངལ། གལ་ཏེ་ཕྱི་རུ་ཐོན་དུས་ཁོང་ཚོ་སླར་ཡང་འཕྲད་སྲིད་དམ། ཁོང་ཚོས་སླར་ཡང་འཕྱ་མོད་ཀྱི་མིག་ཟུར་དང༌། ཚིག་མཚོན་གྱི་མདའ་མོ། ཡ་ང་སྙིང་རྗེའི་ཞགས་པ་དག་ངའི་ལུས་ལ་འཕེན་ཨེ་ཡོང༌། ད་ནི་ཚར་སོང༌། ཁོང་རྣམས་ཀྱི་སེམས་སུ་ང་ནི་རྒྱ་མིའི་བླ་མ་དང༌། གུང་ཁྲན་ཏང་གི་བླ་མ་ཡིན་ངེས་རེད། དཀོན་མཆོག་གིས་མཁྱེན། ཉི་མ་ཚེ་རིང་གིས་ངུ་མ་དགོད་ཀྱི་ངང་དུ་དེ་ལྟར་བཤད།

དེ་ལྟར་ཁོང་རང་ཤིན་ཏུ་ནས་དོག་མི་བདེ་བ་དང༌། གཟབ་གཟབ་ནན་ནན། གདོང་བག་དབྲལ་ནས་གཞུང་ཚབ་ཁང་ནས་ཕྱི་རུ་ཐོན་དུས། ཁོང་ལ་དབུགས་ལྷོད་ལྷོད་ཅིག་གཏོང་བའི་གོ་སྐབས་ཤིག་བྱུང་བ་དང་ལྷན་དུ་ཅི་ཞིག་བོར་བ་ལྟ་བུའི་སྣང་བ་ཞིག་ཀྱང་འགོག་མེད་དུ་སྐྱེས། ཕར་ཕྱོགས་སུ་ད་གིན་ཁོང་ཁྲོས་ཟིལ་ནས་རུབ་བསྡད་པའི་སྤུན་ཟླ་དེ་དག་ད་ལྟ་གནམ་ལ་འཕུར་ཤུལ་དང་ས་ལ་འཛུལ་ཤུལ་མི་འདུག ཁོང་ཚོ་གང་དུ་ཕྱིན་པ་ཡིན་ནམ།

ཉིན་གཉིས་པ་འཇམ་ཐིང་ཐིང་ངང་འདས་སོང༌།

ཉིན་གསུམ་པར་ཉི་མ་ཚེ་རིང་གིས་ཚོགས་འདུའི་ཐོག་གཏམ་བཤད་བྱས། འདི་ནི་ཐེངས་འདིར་ཁོང་རང་ཚོགས་འདུར་འཁྲིད་ཡོང་བའི་དམིགས་ཡུལ་ཡང་རེད། ཉི་མ་ཚེ་རིང་རང་གི་ངོ་ཐོག་ནས་བོད་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་རབས་དང༌། བོད་པའི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ཡོད་ལུགས་བརྗོད་དགོས། སྔོན་གྱི་ཚོགས་འདུ་རྣམས་སུ་བོད་ནས་ཡོང་བའི་བོད་པའི་སྐད་སྒྲ་མེད་པའི་དབང་གིས། བོད་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སྐབས། རྒྱ་ནག་ཕྱོགས་ཀྱི་གནས་ལུགས་རྒྱུ་མཚན་ནི་སྲོག་དང་བྲལ་བའི་བེམ་པོ་ལྟར་དུ་གྱུར་ཡོད་པ་རེད། འདི་ནི་ཏག་ཏག་ཉི་མ་ཚེ་རིང་གི་སེམས་ངལ་ཡིན་པ་ནི་སུ་ཞིག་གིས་རྟོགས་ནུས། ཇི་ལྟར་ལབ་དགོས་སམ། ཅི་ཞིག་ལབ། གང་ལབ་ན་འཚམ། གང་ལབ་ན་མི་འཚམ། དངོས་གནས་ཁོང་གི་མགོ་བོ་ཉོག་སོང༌། ཁོང་གིས་རབ་བྱུང་ངུར་སྨྲིག་གི་གོས་བཀླུབས་པའི་ཁོང་རང་ནི་ཚོགས་འདུར་བཤམས་ཆས་ཙམ་ཡིན་པ་སྔ་ས་ནས་གསལ་པོར་ཤེས་མོད། འོན་ཀྱང་གལ་ཆེ་བའི་ཚོགས་འདུ་དེ་འདྲ་ལ་སྐད་ཆ་ཁུངས་ལུང་མེད་པ་དང་ཚད་ལས་བརྒལ་བ་ཞིག་བཤད་ན་ག་ལ་འགྲིག ཁོང་གིས་ཁ་ཁར་བློ་གཏད་ཐུབ་པའི་ཕྱི་རྒྱལ་བ་ཞིག་ལ་སྐད་ཆ་དྲིས་པ་དང༌། ཕྱི་རྒྱལ་བ་དེས་ཀྱང་གཞན་གྱིས་མི་ཚོར་བར་ཁ་ཁར་བརྗོད་དོན། “དོན་རྡོག་རྡོག་མ་ཤོད། རབ་རོབ་ཡོངས་ཁྱབ་ཙམ་བརྗོད་ན་འགྲིག”

དེས་ན། ཉི་མ་ཚེ་རིང་གིས་གཞུང་ཕྱོགས་ནས་བཤད་པའི་སྐད་ཆ་དེ་དག་བསྐྱར་དུ་བཤད། གནད་དུ་འཕིགས་པར་བཤད་ན། ཚགས་ཤོག་དང༌། རླུང་འཕྲིན། བརྙན་འཕྲིན་བཅས་རྒྱུན་ལྡན་རྒྱལ་ནང་ག་ས་གང་དུ་གོ་རྒྱུ་ཡོད་པའི་ཚིག་དེ་དག་རེད། བོད་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་གོང་འཕེལ་ཆེ་ཤོས་བྱུང་བ་དང་ཆོས་དད་རང་མོས་ཡིན་པ། རྒྱ་ཆེའི་དགེ་འདུན་པ་རྣམས་རྒྱལ་གཅེས་ཆོས་གཅེས་ཡིན་པ་སོགས་རེད། ཚོགས་འདུར་ཞུགས་པའི་མི་སྣ་ཚང་མས་ཁུ་སིམ་མེར་ཉན་བཞིན་འདུག དྲི་བ་དྲི་མཁན་མི་གཅིག་རང་བྱུང༌། དེ་ནི་ཨ་རི་བ་ཞིག་རེད་འདུག ཁོང་གིས་དབྱིན་སྐད་ཀྱི་ཐོག་ནས་ཉི་མ་ཚེ་རིང་ལ་དྲིས་དོན། “དེ་ལྟར་ཡིན་ན། ཁྱེད་ཚོར་ཏཱ་ལའི་བླ་མ་མཇལ་བའི་རང་དབང་ཡོད་དམ་”ཟེར། ཉི་མ་ཚེ་རིང་རེ་ཞིག་འཇིམ་སྐུ་བཞིན་དུ་ལུས། སྤྱིར་དོན་དེ་དག་ལ་སྔ་ས་ནས་ཁ་གཏད་ཇི་ལྟར་གཅོག་མིན་གྲ་སྒྲིག་ཡོད་མོད། འོན་ཀྱང་སྐྱབས་མགོན་རིན་པོ་ཆེའི་མཚན་དེ་ཐོས་དུས། ཉིན་དང་པོར་ཁོང་ལ་མི་ཞིག་གིས་སྐུ་མདུན་གྱིས་ཞི་བདེའི་བྱ་དགའ་བཞེས་ས་རེད་ཅེས་ངོ་སྤྲོད་བྱེད་སྐབས་ཁོང་རང་རེ་ཞིག་ཐོམ་མེར་ལུས་པ་དང་འདྲ། ཡིན་ནའི་ཁོང་གིས་རང་གི་སེམས་ཁ་བསྣན་ཙམ་བྱས་པ་མ་ཟད། སྤྱང་གྲུང་འཛོམས་པོའི་ངང་ནས་“འདི་ནི་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཞིག་རེད། ངས་ལན་མི་འདེབས”ཅེས་ལན་བརྒྱབ། ག་རེའི་ཆབ་སྲིད་གནད་དོན། བོད་པ་ཞིག་གམ་རབ་བྱུང་བ་ཞིག་གིས་ཁོང་རྣམས་ཀྱི་རྩ་བའི་བླ་མ་སྐྱབས་མགོན་རིན་པོ་ཆེ་མཇལ་རྒྱུ་དེ་ཡང་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་ནམ། འོན་ཀྱང་དེའི་རྗེས་སུ་ཁོང་ལ་དྲི་བ་དྲི་མཁན་གཅིག་ཀྱང་མ་བྱུང༌། ཕལ་ཆེར་གཤམ་འོག་གི་མི་དེ་དག་གིས་ཁོང་རང་གི་གནས་བབ་དང་སེམས་ཁམས་རྟོགས་པ་འདྲ། དེ་ནི་ཉི་མ་ཚེ་རིང་ཁོང་རང་གི་འཆར་སྣང་ཞིག་རེད།

ཉིན་བཞི་པ་དེ་ལྟར་མདུན་དུ་སླེབས་བྱུང༌། ཉི་མ་ཚེ་རིང་གི་ཡིད་ལ་འཁྱོལ་དཀའ་བའི་ཉི་མ་དེ་དག་འཁྱོལ་རན་པའི་དུས་སུ་སླེབས་སོང་བསམས་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་བཞི་པ་དེར་ཆག་སྒོ་དེ་ལས་ཆེ་བ་མེད་པ་ཞིག་ལངས་སོང༌།

དེ་ཉིན་ནི་ཉིན་མཐའ་མ་དེ་ཡིན་པར་བརྟེན། ནོར་ཝེ་ཡི་སྐད་གྲགས་ཡོད་པའི་རྒྱལ་ཁབ་སྤྱི་གླིང་དུ་ལྗོངས་རྒྱུར་བཀོད་སྒྲིག་བྱས་འདུག ནོར་ཝེ་སྤྱི་གླིང་ནི་ངོ་མ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། སྣོད་བཅུད་ཀྱི་ལོ་མ་ལས་ཞི་བའི་མེ་ཏོག་ཁྲ་ཆིལ་དུ་བཞད་པ་དེ་དག་གིས་ཆུང་བྱིས་པའི་དུས་ནས་འཛམ་གླིང་ཡང་རྩེར་འཚར་ལོངས་བྱུང་བའི་རབ་བྱུང་པ་འདིའི་སེམས་སུ་དགའ་སྣང་གི་ཟེའུ་འབྲུ་འབུས་སུ་བཅུག་ལ། སྐྱིད་སྣང་གི་ཁྲོད་དུ་ཕར་བལྟ་ཚུར་བལྟ་བྱེད་པར་བྲེལ། གློ་བུར་དུ་མདུན་ཕྱོགས་ནས་སྟོད་ལ་འོག་འཇུག་ཕུ་མེད་དང་སྨད་ལ་ལྗིན་གྱི་གོས་ཐུང་གྱོན་པའི་གཞོན་ནུ་མ་ཞིག་ཡོང་གི་འདུག བུ་མོ་དེའི་ཆ་ལུགས་ནི་གཡས་གཡོན་ཕྱི་གླིང་བ་རྣམས་དང་གཉིས་སུ་མ་མཆིས་མོད། ཉི་མ་ཚེ་རིང་གིས་མིག་མཐོང་མ་ཐག དེ་ནི་བོད་པ་ཞིག་ཡིན་པ་ངོ་ཤེས། དེ་ལ་བོད་པའི་ཁྱད་ཆོས་ལྡན་པའི་གདོང་རིས་ཡོད་པ་མ་ཚད། ཐུན་མོང་མ་ཡིན་པའི་རྣམ་འགྱུར་ཡང་འཛོམས་འདུག

བུད་མེད་དེ་ཤར་རེར་ཉི་མ་ཚེ་རིང་གི་མདུན་དུ་ཡོང་པ་མ་ཚད། བཞིན་ལས་ཡུན་རིང་བྲལ་ནས་མཉམ་འཛོམས་བྱུང་བའི་མདངས་ཤིག་ཕྱུར་བཞིན་དུ་ཁོང་ལ་ལག་ཟུང་བརྐྱངས་བྱུང༌།

སྐབས་དེར་ཉི་མ་ཚེ་རིང་གི་སེམས་སུ་ཚམ་ཚོམ་ཞིག་བྱུང་བ་དང་སྦྲགས། བུད་མེད་དེ་ཉིད་གང་ཞིག་ཏུ་མཐོང་མྱོང་བའི་སྣང་བ་ཞིག་ཀྱང་སྐྱེས། ངོ་ཤེས་ཤིག་ཨེ་ཡིན། ཁོང་གིས་དབང་མེད་དུ་བུད་མེད་དེའི་ལག་ནས་འཇུས། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། བུད་མེད་དེས་ཁོང་གི་ལག་ནས་དམ་པོར་འཇུས་ཏེ་མི་གཏོང་བ་མ་ཚད། ད་དུང་སྐད་ཆེན་པོས་ངུས་བྱུང༌། བུད་མེད་དེས་ངུ་བཞིན་ངུ་བཞིན་བོད་སྐད་ཀྱི་ཐོག་ནས་བརྗོད་དོན། “དགེ་སློང་ལགས། ཁྱེད་རང་འདིར་གང་བྱེད་ཀྱི་ཡོད།

ཁྱེད་རང་རྒྱ་མི་དེ་ཚོ་དང་མཉམ་དུ་ཡོང་ནས་ག་རེ་བྱེད་ཀ།

ཁྱེད་ རང་བོད་པ་རེད་དཱ།

ཁྱེད་རང་བོད་པ་ཡིན་པ་སེམས་ནང་ཉར་དགོས་རེད་དཱ།

ཁྱེད་རང་ཁོང་ཚོ་དང་མཉམ་དུ་མ་འགྲོ”

སྐབས་དེར་ཉི་མ་ཚེ་རིང་ཁ་ཡང་སྐྱེངས་ལ་བློ་ཡང་འཚབ། སེམས་པ་ནི་དེ་བས་སྐྱོ་གདུང་གིས་མནར། ལག་པ་ཨུ་ཚུགས་ཀྱིས་འཐེན་ཀྱང་བུད་མེད་དེས་རྩ་བ་ནས་གཏོང་གི་མི་འདུག སྐད་ཆ་གང་ཞིག་ལབ་དགོས་པ་ཡང་མི་ཤེས། གཡས་གཡོན་གྱི་མི་ཚོགས་དག་རིམ་པས་རུབ་ཡོང༌། ཚང་མ་ཕྱི་གླིང་བ་རེད། བུད་མེད་ཅིག་གིས་ངུར་སྨྲིག་གི་གོས་གྱོན་པའི་རབ་བྱུང་པ་ཞིག་འཇུས་ནས་ངུ་བཞིན་པ་མཐོང་དུས། ཡ་མཚན་ཐག་ཆོད། མཉམ་དུ་ཚོགས་འདུར་ཕེབས་པའི་མི་དེ་དག་གིས་ལྟ་རུབ་མི་རྒྱག་པ་མ་ཚད། དེ་ལས་ལྡོག་ཏེ་སྟབས་སྟབས་པོར་གཡོལ་ནས་འགྲོ་བའི་ཚུལ་དེ་ནི་ཉི་མ་ཚེ་རིང་ལ་བསམ་ཤེས་བྱེད་པ་ལྟར་དུ་སྣང༌། ཉིན་བཞི་པོ་དེའི་རིང་ཉི་མ་ཚེ་རིང་གི་གྲིབ་ནག་ལྟ་བུའམ་ཉི་མ་ཚེ་རིང་གཅིག་པུའི་རྗེས་སུ་རྔ་མ་ལྟར་རྒྱུགས་མཁན་གཞུང་ཚབ་ཁང་ནས་མངགས་པའི་མི་དེས་སྐབས་དེར་ཁ་གྲགས་དོན། “འགྲོ་དོ། ཉི་མ་ཚེ་རིང༌། མོ་ལ་ཡ་མ་བྱེད་”ཟེར།

བུད་མེད་དེས་རྒྱ་སྐད་མི་གོ་མོད། དོན་ཅི་བཤད་ཡོད་པ་ནི་རྟོགས་ལོས་ཀྱང་ཐུབ། བུད་མེད་དེས་ཁོང་ཁྲོའི་ངང་ནས་དབྱིན་སྐད་ཐོག་ནས་རྒྱ་མི་དེར་ཁ་རྡུང་གཏོང་འགོ་ཚུགས། ཉི་མ་ཚེ་རིང་གིས་ལམ་སེང་དེ་ལྟར་མ་བྱེད་ཅེས་བཀག་འགོག་བྱེད་པའི་ཞོར་དུ། “ངས་ཧ་གོ་སོང༌། ངས་ཧ་གོ་སོང༌། ངས་ཧ་གོ་སོང་”ཞེས་བརྗོད། བུད་མེད་དེས་མགྲིན་པ་བརྣངས་བཞིན་དུ། “ཁྱེད་རང་གིས་དངོས་གནས་ཧ་གོ་སོང་ངམ། དེ་ལྟར་ཡིན་ན་ཕར་ལོག་མ་འགྲོ་”ཟེར། སྐབས་དེར་ཉི་མ་ཚེ་རིང་གིས་སེམས་ཁོང་དུ་སྦས་པའི་སེམས་གཏིང་གི་སྐད་ཆ་མ་བཤད་རང་བཤད་དུ་གྱུར། “ང་ཕར་མ་ལོག་ན་འགྲིག་གམ། ཕ་གིར་ཡོད་པ་ནི་ང་ཚོའི་ཕ་ཡུལ་རེད། ཚང་མ་ཕྱིན་ན། ཕ་ཡུལ་སུ་ཡི་ལག་ཏུ་འཇོག ” བརྗོད་བཞིན་བརྗོད་བཞིན་རང་དབང་མེད་པར་ཁོང་རང་གི་འདྲེན་བྱེད་ཟུང་ལས་ཀྱང་མིག་ཆུའི་ཕྲེང་བ་ཆར་དུ་ཉིལ་བྱུང༌།

མཐའ་མར་དེ་རུ་རུབ་ནས་བར་ཁ་ཕྱེ་མཁན་ནི་མི་དེ་འདྲ་འགའ་ཤས་འདུག བོད་ནས་ནོར་ཝེ་རུ་སློབ་སྦྱོང་དུ་ཡོང་བའི་བོད་པ་འགའ་ཤས་རེད། སྤྱི་ཚོགས་ཚན་རིག་ཁང་དང༌། བོད་ལྗོངས་སློབ་ཆེན། དཔེ་མཛོད་ཁང་སོགས་པའི་ལྷ་སའི་ལས་ཁུངས་འགས་མི་འགའ་དུས་བཀག་ནང་ནོར་ཝེ་རུ་སློབ་སྦྱོང་ངམ་འཚམས་འདྲིར་མངགས་ཀྱི་ཡོད། ཉི་མ་ཚེ་རིང་གིས་མི་དེ་དག་ངོ་ཤེས་ཀྱི་མེད་མོད། འོན་ཀྱང་དེ་དག་རང་ཉིད་དང་འདྲ་བར་བོད་ནས་ཡོང་བའི་བོད་པ་ཡིན་པ་མཐོང་བ་ཙམ་གྱིས་གསལ་པོར་ཤེས། ད་ལྟ་བར་དུ་ཁོང་གིས་རྟོགས་དཀའ་བ་ཞིག་ནི། ཉིན་དེར་གནས་བབ་མི་འདྲ་བའི་བོད་པ་དེ་འདྲ་མང་པོ་ཞིག་གནས་དེར་འཛོམས་དོན་ཅི་ཡིན། འོན་ཀྱང་སྐབས་དེ་དུས་ཁོང་གིས་དོན་དེ་དག་བསམ་གཞིགས་བྱེད་པའི་དུས་ཚོད་ཅིག་གང་ན་ཡོད། ཁོང་གིས་ད་དུང་ངུ་བཞིན་པའི་བུད་མེད་དེའི་ལག་ནས་རང་ཉིད་ཀྱི་ལག་པ་འདོན་ཐུབ་མ་ཐག ་མགྱོགས་པར་གཟན་གྱི་སྣེ་མོས་རང་གི་མིག་ཆུ་ཕྱིས་ཙམ་བྱས་རྗེས་མྱུར་བར་རང་ཉིད་ཀྱི་རུ་མིའི་རྗེས་སུ་བསྙེགས།

“དགེ་སློང་ལགས། ” རྒྱབ་ཕྱོགས་ན་ཡོད་པའི་བར་ཁ་ཕྱེ་མཁན་ཁྲོད་ནས་མི་ཞིག་གིས་བློ་འདོན་པའི་ཚུལ་དུ་བོས་བྱུང༌། “གལ་སྲིད་ཁོང་ཚོས་སྐད་ཆ་དྲིས་བྱུང་ན། ཁྱེད་རང་གིས་བུད་མེད་དེའི་ནང་མི་གྲོངས་འདུག ཁྱེད་ལ་ལྷ་སར་ཇོ་བོའི་མདུན་དུ་མར་མེ་གཅིག་སྤར་རོགས་ཞེས་མངག་ཆ་བྱེད་ཀྱི་འདུག་བརྗོད་ཨ་”ཟེར། ཉི་མ་ཚེ་རིང་གིས་མྱུར་བར་མགོ་ལྕོག་ཙམ་བྱས་རྗེས་སེམས་སུ་གྲི་བཙུགས་པའི་ཚོར་སྣང་སླར་ཡང་སྐྱེས། ཡིན་ན་ཡང་ཁོང་རང་གི་རུ་མི་དེ་དག་ནི་སྔ་ས་ནས་ཁ་འགྲིག་པ་ལྟར་ཁོང་ལ་ལྟ་ཙམ་ཡང་མི་བྱེད་པ་མ་ཟད། སྐད་ཆ་ཡང་ཚིག་གཅིག་མི་དྲི་བ་དེ་ནི་གནས་ཚུལ་ཅི་ཡང་མ་ཐོན་པའམ་ཡང་ན་གནས་ཚུལ་དེ་དག་གླེང་རིན་ཅི་ཡང་མེད་པར་མཐོང་བ་ལྟར་དུ་སྣང༌།

ནོར་ཝེ་ནས་ཐོན་པའི་དུས་དེ་གཞི་ནས་སླེབས་སོང༌། འོན་ཀྱང་ལམ་སེང་ཐོན་དགོས་པ་ནི་རེད་མི་འདུག འཐུས་མི་ཚོགས་པའི་ཚོགས་མི་རྣམས་གནམ་ཐང་དུ་གནམ་གྲུ་ཆུ་ཚོད་གཉིས་ལྷག་ཙམ་སྒུག གཞུང་ཚབ་ཁང་གི་འགོ་ཁྲིད་དང་བློ་མཐུན་ཚོས་ཁོང་ཚོ་གནམ་ཐང་དུ་བསྐྱལ་རྗེས་ཕྱིར་ལོག་སོང༌། ཉིན་བཞིའི་རིང་ཉི་མ་ཚེ་རིང་གི་གྲིབ་ནག་ལྟ་བུའི་མི་དེ་ཡང་ལོག་ཕྱིན་སོང༌། དུས་ཚོད་དེའི་རིང༌། རྒྱ་ཆེ་ཞིང་དཀར་ཆ་དོད་ལ་བག་བདེ་བའི་གནམ་ཐང་གི་ཚོམས་ཆེན་ནང་དུ་རྒྱལ་ཁོངས་གང་ཞིག་གི་སྤྱི་འབངས་ཡིན་པར་མ་བལྟོས་པར་ཐམས་ཅད་རང་སྣང་གང་འདོད་ཀྱི་ཚུལ་དུ་གནས་འདུག ཉི་མ་ཚེ་རིང་ཡང་རང་སྣང་གང་འདོད་ངང་ཕར་འགྲོ་ཚུར་འགྲོ་ཐེངས་འགའ་བྱས། ཕལ་ཆེར་ཁོང་རང་ལ་ཐེ་ཇུས་བྱེད་མཁན་མི་འདུག ཕྱོགས་གང་དུ་ཕྱིན་ཀྱང་ཁོང་རང་གི་འདོད་མོས་རེད་འདུག དུས་ཀྱི་ཁུག་པ་ཐུང་ཐུང་དེ་འདྲ་ཞིག་གི་ནང་དུ་ཁོང་རང་གི་སེམས་སུ་འཆར་སྣང་དེ་འདྲ་ཞིག་འཁོར། གལ་ཏེ་ང་ཁོང་ཚོ་དང་མཉམ་དུ་མ་ལོག་པ་ཡིན་ན། གང་ལྟར་ང་ལ་ཕྱིར་ཐོན་ལམ་ཡིག་ནི་ཡོད། དངུལ་ཡང་འདང་ཙམ་འདུག ཡང་ན་གནམ་གྲུའི་སྤ་སེ་གཞན་ཞིག་ཉོས་ནས་ས་ཕྱོགས་གཞན་ཞིག་ཏུ་ཕྱིན་ན།

ཨ་ཅང་ཅང༌། དེ་ནི་སེམས་ཀྱི་འཆར་སྒོ་ཙམ་རེད། གོང་དུ་ཞུས་པ་ལྟར། ཉི་མ་ཚེ་རིང་ཁོང་རང་སྤྱིའི་ཆ་ནས་བཤད་ན། ལྷིང་པོ་དང༌། བློ་གསལ་བ། རང་ཚོད་ཤེས་མཁན་ཞིག་རེད། དེས་ན་མཐའ་མར་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ཁོང་རང་ཁོང་ཚོ་དང་མཉམ་དུ་ལོག་པ་རེད། ག་ནས་ཡོང་བ་དེ་རུ་ལོག་པ་རེད། ཁོང་རང་གི་ངོས་ནས་བཤད་ན། དེ་ནི་ཆེས་འཚམ་ཤོས་ཀྱི་བཀོད་སྒྲིག་དེ་ལོས་ཡིན།

འོན་ཀྱང་ལྕགས་བྱ་དལ་བུར་ཨོ་སི་ལུ་གནམ་ཐང་ནས་དགུང་དུ་ལྡིང་བ་དང༌། རང་དབང་མཚོན་པའི་རྒྱལ་ཁབ་དེ་ནས་རིང་ནས་རིང་དུ་ཁ་བྲལ་སྐབས། ཉི་མ་ཚེ་རིང་གི་ཅུང་ཟད་རིད་པའི་ཁུར་ཚོས་ཐོག་ནས་དྲོད་མ་ཡལ་བའི་མིག་ཆུའི་ཐིགས་ཕྲེང་གཉིས་ག་ལེར་བཞུར་བྱུང༌།

2000ལོའི་ཟླ་8པར་ལྷ་ས་རུ་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།