བོད་ཀྱི་སྐད་ཡིག་ནི་བོད་ཀྱི་ཁྱད་ནོར་ཡིན།

སྐད་ཡིག་བདག་གཅེས་ནི་མི་རིགས་ཀྱི་རྩ་དོན་ཡིན། མི་རིགས་ཀྱི་ཟུངས་ཤུགས་ནི་སྐད་ཡིག་ཁོ་ནར་ཐུག་ཡོད་ལ།དེའི་ཚེ་སྲོག་ནི་མི་རིགས་རང་ཉིད་ཀྱིས་གཅེས་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཡིན།བོད་རང་ལ་མཚོན་ན་གྲངས་ཉུང་མི་རིགས་ཤིག་གི་ཁོངས་སུ་ཡོད་ཅིང་དེ་ཡང་ཁ་འཐོར་དགུ་འཐོར་དང་ལ་འཐོར་ལུང་འཐོར།འཆི་གསོན་ངེས་མེད་ཀྱི་རླུང་ཁའི་མར་མེ་བཞིན་དུ་གནས་པ་ནི།སྐྱེ་བོ་ཚང་མས་མཐོང་ཆོས་སུ་གྲུབ་ཡོད་པ་རེད།

དེ་བས་ཐབས་རྡུགས་པ་ཞིག་ལ་སའི་གོ་ལ་འདིའི་སྟེང་གི་མི་གྲངས་མ་ཤོས་ཀྱི་རྒྱལ་ཁབ་སྟེ། རྒྱ་དཀར་ནག་གཉིས་ཀྱི་གཙོས་པའི་ཤར་ནུབ་ཀྱི་རྒྱལ་ཁབ་མི་ཉུང་བ་ཞིག་གི་ནང་དུ་འཐིམ་ཡོད་ལ། མི་རིགས་ཆེ་འོག་ཆུང་ཚུད་ཀྱི་སྲིད་ཇུས་ལག་ལེན་དུ་བསྟར་མིན་ལ་མ་ལྟོས་པར་བོད་རང་ཉིད་ཀྱིས་རང་ཚུགས་མ་ཐུབ་ཚེ།ནམ་ཡང་རང་གིས་རང་ཉིད་སྐྱོབ་མི་ཐུབ་ལ་ལྡོག་ཕྱོགས་སུ་སོ་སོས་སོ་སོར་གཡང་སར་སྐྱེལ་རྒྱུར་སོམ་ཉི་དང་ཐེ་ཚོམ་མི་དགོས་པ་ཐག་བཅད་ནས་བཤད་ཐུབ། ཕྱོགས་གཞན་ཞིག་ནས་དངོས་པོ་གསར་པའི་རིགས་ཇི་ཙམ་བྱུང་བ་དེ་ཙམ་གྱིས་བོད་ཀྱི་ཡི་གེ་དང་ཐ་སྙད་གསར་པས་རྗེས་འདེད་བྱེད་མ་ཐུབ་ཚེ་བོད་ཀྱི་སྐད་ཡིག་འདི་ཕྱོགས་ཐམས་ཅད་ནས་ཐམས་ཅད་དུ་ཆ་མི་ཚང་བ་ཞིག་ཏུ་འགྱུར་ཉེན་ཆེ།འཐུས་སྒོ་མི་ཚང་བའི་སྐད་ཡིག་ནི་རང་བཞན་གཉིས་ཀས་རིན་ཐང་དང་མཐོང་ཆེན་ནམ་ཡང་བརྩི་ཡི་མ་རེད།བོད་འདི་ཉིད་འཇིག་རྟེན་འདིའི་སྟེང་དུ་འཚོ་དགོས་པ་ཞིག་དང་གསོན་ཤུགས་རྒྱས་དགོས་པ་ཞིག་ཡིན་ཚེ། གཤམ་དུ་འཁོད་པའི་མི་རིགས་ལ་དུངས་ཤིང་ལ་རྒྱའི་རང་མདངས་ཆེས་ཆེར་མངོན་པའི་བོད་ཕྱི་ནང་གི་རླབས་ཆེན་རིས་མེད་མཁས་པའི་སློབ་གསོ་འགའ་ཞིག་དཔེ་མཚོན་དུ་བཞག་པ་འདི་ལ་ཐོག་མར་གཟིགས་ཞིབ་ཅིག་གནང་དང༌།འདིས་ཁྱེད་ལ་དྲན་གསོ་དང་ཁ་ཕྱོགས་གསར་པ་ཞིག་ཏུ་སྐུལ་འདེད་བྱ་ངེས།དཔེར་ན་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པས་༼བོད་དུ་རྒྱ་མིས་ཤང་དང་ཆུས་ཟེར་བ་སོགས་བོད་ཀྱི་མིང་ཚིག་མང་པོ་རྒྱ་སྐད་དུ་བསྒྱུར་ཟིན་ཅིང༌། དེ་དག་རྒྱ་ཆེར་བཏང་དུས་ཉེན་ཁ་ཆེན་པོར་སླེབས།བོད་ལ་རྒྱ་མིས་མགོ་བརྡུངས།གཉའ་མནན།མཐའ་ན་དངུལ་རྩིས་ཚུན་ཆད་རྒྱ་སྐད་སྤྱོད་དུ་བཅུག་ནས་བོད་སྐད།བོད་ཡིག་ཉམས་རྒུད་ཅི་ཆེར་གཏོང་བའི་་དུས་སྐབས་སུ།འདི་ཕྱོགས་སུ་རང་གི་སྐད་ཡིག་ལ་བདག་གཅེས་བྱ་རྒྱུའི་འོས་བབས་ཡོད་པ་ཚོས།དབྱིན་སྐད་དང་ཧིན་སྐད་ཕྲན་བུ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ།བོད་སྐད་བོད་ཡིག་ལ་མཐོང་ཆུང་བྱས་ན་ག་འདྲ་ཞིག་ཡོང་བ་འདུག།༽

པཎ་ཆེན་སྐུ་ཕྲེང་བཅུ་པའི་ཞལ་ནས༼སྐད་ཡིག་ནི་མི་རིགས་ཀྱི་དབྱེ་བ་ཕྱེ་སའི་མཚན་རྟགས་གཙོ་བོ་ཞིག་ཡིན་པས།སི་ཏཱ་ལིང་གིས་གསུང་པའི་མི་རིགས་ཀྱི་རྒྱུ་རྐྱེན་གཙོ་བོའི་ནང་སྐད་ཡིག་དེ་ཚུད་ཡོད་པ་རེད།སློབ་གྲྭའི་ད་ལྟའི་བསམ་བློ་དང༌།སྤྱོད་ཚུལ།ཀུན་སྤྱོད།བསམ་འདུན་ནི་བོད་ཀྱི་འབྱུང་འགྱུར་གྱི་ཚབ་ཡིན་པས།ད་ལྟ་ནས་བཟུང་ཁོ་ཚོར་གསོ་སྐྱོང་ཡག་པོ་བྱས་ན་མ་གཏོགས་བོད་ལ་རེ་བ་ཡོད་པ་མ་རེད༽

མཁས་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་༼བོད་ཀྱི་སྐད་ཡིག་ནི་བོད་མིའི་ཆོས་དང་རིག་གཞུང་གི་རྟེན་གཞི་གཅིག་པུ་ཡིན་པར་མ་ཟད།སྐད་ཡིག་རིག་པའི་གཞུང་ལུགས་ཙམ་གྱི་སྒོ་ནས་བལྟས་ཀྱང་འཛམ་གླིང་འདིའི་གྲགས་ཅན་གྱི་སྐད་ཡིག་གང་ལའང་འགྲན་བཟོད་པའི་སྐད་ཡིག་ཁྱད་པར་ཅན་ཞིག་ཡིན།དེས་ན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་བྱེད་ཐབས་བཟང་ཤོས་ནི།འདས་པའི་མི་ལོ་༡༣༥༠་ལྷག་རིང་དར་འཕེལ་བྱུང་བའི་སྐད་ཡིག་གི་སྒྲོམ་གཞི་དེ་མ་ཉམས་རྒྱུན་འཛིན་བྱ་རྒྱུ་དང༌།ད་བར་བོད་སྐད་དུ་གཅིག་གྱུར་གཏན་འབེབས་མ་བྱུང་བའི་དེང་རབས་རིག་པའི་ཐ་སྙད་རྣམས་བོད་སྐད་དུ་གཏན་ལ་ཕབ་སྟེ་རྒྱུན་སྤྱོད་བྱ་རྒྱུ་དེ་གཉིས་ཡིན་པ་ཀུན་གསལ་ཡིན།༽

དཔལ་རྒྱལ་བ་རྐརྨ་པ་སྐུ་ཕྲེང་བཅུ་བདུན་པས་ཀྱང་༼བོད་ཀྱི་རིག་གཞུང་དེ་བོད་ཀྱི་བླ་སྲོག་ཡིན།བཙན་བྱོལ་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་འདྲ་མིན་ཐེབས་ནས་སྲོལ་རྒྱུན་རིག་གནས་སྐོར་དོ་སྣང་ཆུང་དུ་འགྲོ་བཞིན་པ་མཐོང་གི་འདུག་ཅིང༌།ཁོར་ཡུག་དང་དུས་ཚོད་ཀྱིས་དབང་གིས་སྲོལ་རྒྱུན་ལ་ཡིད་ཟབ་བྱེད་རྒྱུར་སྣང་ཆུང་དུ་གཏོང་ན་རྩ་བ་ནས་མི་འགྲིགས།འོ་ན་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་མི་དགོས་ན་རྒྱལ་ཁབ་འདྲ་མིན་གྱི་སྐད་ཡིག་རང་སྦྱང་བསྡད་པ་དེ་གས་འགྲིགས་ཀྱི་རེད།རྒྱ་ནག་གི་རྒྱལ་ཁབ་ལྟབུར་མཉམ་སྡོད་ཀྱི་རྒྱའི་རིག་གཞུང་ལ་སྦྱང་པ་བྱེད་ན་དེས་མ་འཐུས་པ་ཞིག་ཡོང་གི་མ་རེད། ༽

ཀྲུང་གོ་རྒྱལ་ཁབ་ཀྱི་སྤྱི་ཁྱབ་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས༼ལོ་རྒྱུས་འཕེལ་རྒྱས་འགྲོ་རིང་མི་རིགས་ཁག་བར་སྲོལ་རྒྱུན་དང༌།སྐད་ཆ།རིག་གནས་ཡུལ་སྲོལ་གོམ་གཤིས༌།སེམས་ཁམས་ངོས་ཟིན་ལ་སོགས་པའི་ཐད་ཆགས་པའི་ཁྱད་པར་དག་ལ་ང་ཚོས་བརྩི་འཇོག་དང་བསམ་ཤེས་གང་ལེགས་བྱས་ཏེ།དེ་ཚོ་གནས་པར་སྣང་ཆུང་བྱེད་མི་རུང་ལ།བཙན་ཤེད་ཀྱི་བྱེད་ཐབས་ཀྱིས་བསྒྱུར་ཐབས་ཀྱང་བྱེད་མི་རུང༌།ང་ཚོས་ཆ་རྐྱེན་ཧུར་ཐག་གིས་བསྐྲུན་ཏེ་མི་རིགས་ཁག་བར་འཕེལ་རྒྱས་ཆུ་ཚད་ཐད་གནས་པའི་བར་ཁྱད་ཇེ་ཆུང་དང་མེད་པར་གཏོང་གང་ཐུབ་བྱ་དགོས།༽

རླབས་ཆེན་གྱི་གཙོ་འཛིན་མའོ་ཀྲུའུ་ཞི་མཆོག་གིས༼གྲངས་ཉུང་མི་རིགས་ཁག་གི་རིག་གནས་དང༌།ཆོས་ལུགས་གོམས་གཤིས་བཅས་ལ་བརྩི་འཇོག་བྱེད་དགོས།བཙན་ཤེད་ཀྱིས་ཁོ་ཚོར་རྒྱ་སྐད་དང་རྒྱ་ཡིག་སློབ་ཏུ་འཇུག་མི་རུང༌།ཁོ་ཚོར་མི་རིགས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པ་དང༌།རིག་གནས་སློབ་གསོ་གོང་འཕེལ་གཏོང་རོགས་བྱེད་དགོས།༽

མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཀྱང༌།༼མི་རིགས་གང་ཡིན་ཡང་རང་གི་སྐད་ཡིག་སོགས་རིག་གཞུང་དང༌།ཡུལ་སྲོལ་གོམས་གཤིས་ཐམས་ཅད་ནུབ་ཟིན་པའི་འོག་ཏུ་མི་རིགས་དེ་ཉིད་ཀྱང་གཞན་ཞིག་ཏུ་འགྱུར་ཚར་བ་རེད།དེས་ན་རང་རིགས་དང་རང་རིགས་ཀྱི་ཡོན་ཏན་རྣམས་ལ།ཐམས་ཅད་ཀྱིས་ཕངས་སེམས་ཆེས་ཆེར་བྱ་རྒྱུ་འདི་ནི་མི་རིགས་དེ་ཉིད་ཀྱི་སྲོག་ལྟབུ་ཡིན་པས་ཅི་བས་ཀྱང་གལ་ཆེའོ།༽

མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་༼བོད་ཀྱི་སྐད་ཡིག་གཉིས་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པས།རྒྱུན་འཁྱོངས་བྱེད་དགོས་པར་ཐག་ཆོད་པ་དང༌།མི་རིགས་གཞན་གྱི་སྔོན་ཐོན་གྱི་སྐད་ཡིག་གི་ལེགས་ཆ་ལེན་རྒྱུ་དང༌།བོད་ཀྱི་སྐད་ཡིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལས་བོད་ཀྱི་སྐད་ཡིག་རྩ་མེད་དུ་གཏོང་བའམ་ཡང་ན་ཉམ་དམས་སུ་གཏོང་བའི་རྐྱེན་དུ་འགྲོ་མི་རུང་བ་ནི་རྩ་བའི་རྩ་དོན་ཡིན་པས་ཐུགས་ལ་ངེས་གལ་ཆེ།༽

གུང་ཐང་བསྟན་པའི་དབང་ཕྱུག་གིས་༼ད་དུང་སྔར་ལྟར་རིག་གནས་མི་སློབ་པ་དེ་གཏན་ནས་བྱེད་མི་ཉན།མི་རིགས་དར་རྒྱས་ཡོང་དགོས་ན།ཅིས་ཀྱང་སློབ་གསོ་གོང་དུ་སྤེལ་དགོས།སློབ་གྲྭ་འཕེལ་རྒྱས་བྱུང་ན།ང་ཚོའི་མི་རིགས་དར་རྒྱས་ཡོང་ཐུབ་ངེས་རེད།༽

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནས་༼བོད་ཀྱི་སྐད་ཡིག་ནི་བོད་ཀྱི་ཁྲག་རྒྱུན་ཡིན་ལ་བོད་ཀྱི་ནུས་ཤུགས་ཀྱང་ཡིན།བོད་ཀྱི་རིག་གཞུང་ནི་བོད་ཀྱི་བླ་སྲོག་ཡིན་ལ་བོད་ཀྱི་གཟི་བརྗིད་ཀྱང་ཡིན།དེས་ན་བོད་རིགས་ས་ཁུལ་སོ་སོ་ནས་མི་རིགས་ཀྱི་འགན་འཁུར་ཕྲག་ཏུ་བླངས་ནས་ཡོང་བཞིན་པའི་སྐབས་འདིར།ཁུལ་འདིའི་སེར་སྐྱ་ཚང་མས་ཀྱང་རང་རང་འཇོན་ཚོད་དཔག་ཚོད་ཀྱིས་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ལ་ཤུགས་སྣོན་སྐྱཽན་དགོས།ཕོ་རང་ལ་ཆ་བཞག་ནའང་སོ་སོར་འཁྲི་བའི་ལས་འགན་དེ་རིན་ཆེན་སྲོག་དང་བྲལ་ཡང་འཇོག་འདོད་རྩ་བ་ནས་མེད།ཅེས་ངས་གདོང་མཆི་མས་བརླན་ཏེ།དམ་བཅའ་དང་རེ་སྐུལ་བྱེད་བཞིན་པ་འདི་ཁྱེད་ཚོས་ངེས་པར་ཤེས་དགོས།༽

གསར་བརྗེའི་སློབ་དཔོན་ཆེན་མོ་ཨེན་ཀེ་སིས་༼མི་རིགས་འདྲ་མཉམ་ཡིན་པ་ཁས་མི་ལེན་པ་དང་སྐད་ཆ་འདྲ་མཉམ་ཡིན་པ་ཁས་མི་ལེན་པའི་འགོ་འདྲེན་ནི།མར་ཁེ་སི་རིང་ལུགས་པ་ཞིག་མིན་པར་མ་ཟད་འབྱོར་ལྡན་གྲལ་རིམ་གྱི་མི་རིགས་རིང་ལུགས་པ་ཞིག་ཀྱང་མིན་པ་ཐག་གིས་ཆོད།༽

སློབ་དཔོན་ཆེན་མོ་དོར་ཞི་ཚང་གིས་༼དེས་ན་མི་རིགས་གང་ཡིན་ཡང་རང་གི་རིགས་ཀྱི་མཚན་ཉིད་འཛིན་ཅིང༌།རྟ་བོང་བུར་གྱུར་པ་བཞིན་མི་རིགས་གཞན་པ་ཞིག་ཏུ་མི་འགྱུར་བའི་ཕྱིར་དུ།མི་རིགས་རང་གི་སྐད་ཡིག་རིག་གནས།ལྟ་སྤྱོད་ཆ་ལུགས།ཆོས་ལུགས་དད་མོས་སོགས་ལ་གཅེས་སྲུང་བྱེད་དགོས།༽

མཁས་དབང་ནམ་མཁའི་ནོར་བུས་༼བོད་དང་བོད་ཀྱི་མི་རིགས་ཡུན་རིང་དུ་གནས་དང་མི་གནས་ཀྱི་རྩ་བ་ནི་བོད་ཀྱི་ཤེས་རིག་ཡུན་རིང་དུ་གནས་དང་མི་གནས་ལ་རག་ལས་ཀྱི་ཡོད་པ་རེད།དེ་དག་གི་རྩ་བ་ནི་སྐད་དང་ཡི་གེ་ཡིན་ཞིང་དེའི་ཁུངས་ལ།ཐུགས་བསམ་བཞེས་དགོས་པ་ཞིག་ཆགས་ཡོད་པ་རེད།༽

སི་ཏཱ་ལིན་གྱིས་༼མི་རིགས་ཤིག་གི་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན།དེའི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་དགོས།གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན།སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པ་ཆགས་ཀྱི་རེད།༽

མཚན་ཉིད་རིག་པ་བ་ཧེ་ཀེར་མཆོག་གིས༼སྲོལ་རྒྱུན་མེད་པའི་མི་རིགས་ནི།ངོ་གདོང་མེད་པའི་མི་ཞིག་དང་མཚུངས་ལ།རིག་གནས་རྒུད་པར་གྱུར་པ་ནི།མི་རིགས་གང་ལ་བྱུར་ཆགས་པའི་ཐན་ལྟས་ཡིན།རིག་གནས་རྙིང་པའི་སྲོལ་བཟང་རྒྱུན་སྲིང་ཐུབ་ཅིང་སྐྱེད་མཁས་པའི་མི་རིགས་ནི།སྟོབས་དང་ལྡན་པའི་མི་རིགས་ཤིག་རེད།རེ་བ་ཡོད་པའི་མི་རིགས་ཤིག་རེད།༽

བསེ་ཚང་བློ་བཟང་དཔལ་ལྡན་གྱིས་༼ང་ཚོའི་མི་རིགས་འདི་ད་སྐབས་ཉི་མ་ལྟ་བུ་ཞིག་ཡིན་ན་ནུབ་ལ་ཉེ་ཡོད་པའི་སྐབས་འདིར།བོད་ཀྱི་རིག་གནས་འདི་བསྐལ་བ་ནས་བསྐལ་བའི་བར་དུ་མི་ཉམས་རྒྱུའི་ཕྱོགས་ལ་ང་ཚོས་བྱ་ཐབས་ཤིག་སྤེལ་ཏེ།མི་རིགས་སློབ་གསོ་དང་མི་རིགས་ཀྱི་སྐད་ཡིག་གི་ཕྱོགས་ཡིན་ན་ཚང་མས་འབད་བརྩོན་བྱེད་དགོས༽

ལྡོང་ཡོན་ཏན་རྒྱ་མཚོས་༼མི་རིགས་ཀྱི་སྲོག་རྩ་ངོ་མ་རང་གི་སྐད་ཡིག་ཡིན།བོད་སྐད་བོད་ཡིག་གི་རྒྱུན་འཛིན་ཙམ་ཡང་མི་ཐུབ་པའི་ལ་རྒྱ་ནི་རྒྱ་མཚོའི་ཝུ་བ་དང་ཆུང་ཤིང་གི་མེ་ཏོག་ཇི་བཞིན་སྙིང་པོས་དབེན་ལ།མདོར་ན།བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བོད་སྐད་གཙང་མ་བཤད་ཅིང་བོད་ཡིག་རྒྱ་ཁྱབ་ཏུ་སྤེལ་བའི་ཕྱོགས་ལ་རང་རྟོགས་ཀྱིས་བརྩོན་པ་གནང་རྒྱུར་གལ་ཆེ།༽

ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོས་༼རིག་གནས་ཉམས་ན་མི་རིགས་ཉམས་འགྲོ་བ་ཆོས་ཉིད་རེད།བོད་ཀྱི་སྐད་ཡིག་གི་ཁྱད་འཕགས་རང་བཞིན་ལ་རང་གིས་བསྟོད་པ་ཙམ་བྱས་ནས་བསྡད་པས་མི་ཆོག་པར་མ་ཟད།སྐད་ཡིག་གི་བྱ་བ་ཕུན་སུམ་ཚོགས་པ་ཞིག་ཡོང་བར་དཀའ་སྤྱད་དང་བརྩོན་འགྲུས་ཁུར་དུ་འཁྱེར་ནུས་པའི་སྙིང་སྟོབས་ངེས་པར་ཡོད་དགོས།༽

ནག་ཚང་བླ་མ་ཡོན་ཏན་རྒྱ་མཚོས་༼ང་ཚོ་བོད་མི་རིགས་ཤིག་ཡིན་ཕྱིན།སྐད་ཡིག་དང་ཕ་སྐད་གཙང་དག་བཅས།སྲོལ་བཟང་རྣམས་ལས་ད་ལྟ་མ་ཉམས་པར་ཅུང་ཟད་རེ་གནས་ཡོད་པ་ལ་སྙིང་ཐག་པ་ནས་གཙིགས་སུ་བཟུང་ནས་རྒྱུན་འཁྱོངས་བྱེད་རྒྱུ་དང༌།གོང་ནས་གོང་འཕེལ་དུ་གཏོང་བར་ཤུགས་བསྣོན་ཆེན་པོ་བྱེད་དགོས་པ་ནི་བོད་མི་རིགས་ཐུན་མོང་གི་འོས་འགན་ཡིན་ལ།བོད་མི་ཡོངས་ཀྱི་བླ་སྲོག་ཡང་ཡིན།༽

མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་༼སྐད་རིགས་སྣ་ཚོགས་བསྲེས་ནས་བཤད་ལོབ་ཏུ་གྱུར་བའི་ཙོང་ཁ་ཕྱོགས་ཀྱི་ཡུལ་གྲུ་འགར།ང་བོད་མིན་ན་དཀོན་མཆོག་གསུམ།བོད་སྐད་ཤེས་ན་དཀོན་མཆོག་གསུམ།ཞེས་དགོད་བྲོ་བའི་ཁ་དཔེ་ད་ལྟའི་བར་དུ་ཡོད།༽

མེ་བཙའ་རྩོམ་སྒྲིག་པ་ཇུ་ཡུ་ཚུལ་ཁྲིམས་ཀྱིས་༼ངས་འདི་ལྟར་མིག་ཆུ་གཏོང་དགོས་དོན་ཡང་མི་རིགས་འཕེལ་རྒྱས་ཀྱི་འབྱུང་རྩ་དང་མི་རིགས་ཉམས་རྒུད་ཀྱི་རྩ་བ་ནི་རང་གི་སྐད་ཡིག་ལ་ཐུག་ཡོད་པར་རྒྱལ་ཕྱི་ནང་གི་མཁས་དབང་དུ་མས་མ་གྲོས་བསམ་པ་གཅིག་མཐུན་གྱིས་གསུངས་པ་ལྟར།ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་གཉིས་ཚབས་ཆེན་གྱི་ཉེན་ཁའི་གནས་སུ་ལྷུང་བའི་རྒྱུ་མཚན་གསལ་པོ་ཞིག་ཤེས་འདུག་པའི་རྐྱེན་གྱིས་ཡིན་རྒྱུ་རེད།༽

དམེ་གཙང་འཇིགས་མེད་རྒྱ་མཚོས་༼རང་ཅག་གི་བོད་མི་མགོ་སྟོང་ཁ་ཤས་ཀྱིས་ཕ་མེས་ཡང་མེས་ནས་དར་སྤེལ་བྱས་པའི་ཕ་སྐད་གཙང་མའི་ནང་དུའང་ཕངས་མེད་ཀྱིས་གཞན་སྐད་སྣ་ཚོགས།མཁས་མདོག་རྐྱང་རྐྱང་གིས་བསྲེ་ཅི་ཐུབ་བྱེད་ཀྱི་འདུག།བོད་ཕྲུག་ཡིན་ཕྱིན་བོད་སྐད་དང་བོད་ཡིག་གཙོ་བོར་སྦྱངས་ནས་སྐད་ཡིག་ཉམས་རྒུད་ཀྱི་ཕྱོགས་ལ་ཤ་ཚའི་བསམ་བློ་གཏོང་རྒྱུ་དང༌།གདོང་དམར་བོད་མིས་སྤྲད་པའི་མགོ་བོ་མཐོན་པོ་དེ་གཞན་གྱི་རྐང་འོག་ཏུ་མི་འཇོག་པ་ནི།ཁ་བ་ཅན་གྱི་ཤི་གསོན་དང་ང་ཚོས་ཟེར་བའི་ལ་རྒྱ་རེད།༽

ཅེས་སོགས་མགྲིན་དབྱངས་གཅིག་གྱུར་གྱི་མཁས་པའི་བསླབ་བྱ་དང་ལམ་སྟོན་ནི་ནོར་འཁྲུལ་མེད་ལ།མདོར་ན་བོད་ཀྱི་སྐད་ཡིག་ལ་སྣང་ཆུང་དང་དོ་སྣང་མི་བྱེད་པ་ནི་བོད་ཀྱི་སྐད་ཡིག་གི་སྲོག་རྩར་མེ་བུད་པ་དང་ཁྱད་པར་མེད།དེས་ན་ཉེ་ལམ་བོད་ནས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོས་བོད་ཆོལ་གསུམ་གྱི་ཁོངས་ནས་རིས་མེད་མཁས་པ་སུམ་ཅུ་སྐོར་གཅིག་གིས།རིས་འགྲེལ་མིང་མཛོད་ཆེན་མོ།ཞེས་བོད་དབྱིན་རྒྱ་གསུམ་གྱི་མིང་མཛོད་གཅིག་དང༌།བཙན་བྱོལ་དུ་བོད་ཀྱི་ཤེས་རིག་གིས་འགྲེམས་སྤེལ་གནང་བའི།ཨིན་བོད་ཤན་སྦྱར་གཏན་འབེབབ་བརྡ་ཆད།ཆོལ་གསུམ་སྐད་ཡིག་ཉམས་གསོ་ཚོགས་པས་འགྲེམས་སྤེལ་བྱས་པའི༌།མེ་བཙའ༌།ཞེས་པའི་མཁས་པ་ཇོ་ཡུ་ཚུལ་ཁྲིམས་སོགས་མཁས་པ་བཅུ་ཕྲག་སྐོར་གྱིས་བོད་རྒྱ་ཤན་སྦྱར་གྱི་དེབ་ཆུང་གཅིག།ད་དུང་གངས་རིའི་ཚེ་སྲོག་ཅེས་པ་སོགས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་སྐྱོབ་པའི་དཔེ་དེབ་མང་པོ་ཞིག་ཐོན་བཞིན་པ་ལྟར་བོད་མི་མི་རེས་ངོས་ནས་དོ་སྣང་དང་རྒྱུན་བཀོལ།ལྷག་པར་ཡོངས་ཁྱབ་ཀྱི་བོད་ཡིག་ཚགས་ཤོག་བོད་ཀྱི་བང་ཆེན་དང་བོད་ཀྱི་དུས་བབ།དུས་དེབ་སོགས་ཀྱི་སྟེང་ནས་ཀྱང་འགན་ལེན་གནང་རྒྱུ།རང་གི་གཉེན་ཉེ་དང་གྲོགས་འདྲིས་ཅན་ཚོར་གཅིག་ལ་གཉིས་བརྒྱུད་ཀྱིས་ཁྱབ་སྤེལ་གང་ཐུབ་གནང་རོགས་ཅེས།ལག་གཉིས་ཐལ་མོ་སྦྱར་ཏེ་རེ་འབོད་ཞུ་ཡི་ཡོད།

མི་རིགས་ཀྱི་ཟུངས་ཤུགས་ནི་སྐད་ཡིག་ཁོ་ནར་ཐུག་ཡོད་ལ།དེའི་ཚེ་སྲོག་ནི་མི་རིགས་རང་ཉིད་ཀྱིས་གཅེས་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཡིན།བོད་རང་ལ་མཚོན་ན་གྲངས་ཉུང་མི་རིགས་ཤིག་གི་ཁོངས་སུ་ཡོད་ཅིང་དེ་ཡང་ཁ་འཐོར་དགུ་འཐོར་དང་ལ་འཐོར་ལུང་འཐོར།འཆི་གསོན་ངེས་མེད་ཀྱི་རླུང་ཁའི་མར་མེ་བཞིན་དུ་གནས་པ་ནི།སྐྱེ་བོ་ཚང་མས་མཐོང་ཆོས་སུ་གྲུབ་ཡོད་པ་རེད།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༣༢༠༡༠༢༠༡༤
ཁྱེད་རྣམས་པས་འདི་ལྟར་དཀའ་ཚེགས་དང་འོ་རྒྱལ་ལ་མ་འཛེམས་པར་སྡུག་རུས་ཡིས་ཞིབ་མཇུག་ལ་སྒོམས་པའི་དམིགས་ཡུལ་ནི་གོང་བུ་གཅིག་གྱུར་གྱི་བསམ་ཚུལ་དེ་ཡིན་པ་ཤེས། ཡིན་ན་ཡང་དེང་སྐབས་གྱི་གནས་ཚུལ་ལ་དམིགས་ནས་རང་ཉིད་ལ་གཅེས་སྤྲས་བྱེད་དགོས། ད་དུང་འདི་ལྟར་ཤུལ་བཞག་རིག་གནས་ཀྱི་བང་མཛོད་འཚོལ་བར་བཀའ་དྲིན་ཆེ།།



བརྗོད་གཞི་གཞན་ཁག་ལ་གཟིགས།