སུ་ཞིག་ལ་སྤྲུལ་སྐུ་མཐའ་གཅོད་ཀྱི་སྐུ་དབང་ཡོད་དམ།

 མ་གཞི་དོན་འདི་ནི་ང་དང་འདྲ་བ་ཞིག་གིས་གླེང་གཞིའི་གནད་དོན་ཅིག་གཏན་ནས་མིན་ཞིང༌། ལྷག་ཏུ་མི་ཚེའི་ཁ་ཕྱོགས་ཙམ་ཡང་ངོས་མི་ཟིན་པའི་བདག་ལྟ་བུ་ཞིག་གིས་ཁ་ཕོ་ཆེན་པོ་ཡིས་འཇིག་རྟེན་ལས་འདས་པའི་དམ་པའི་ལྷ་ཆོས་ནང་གི་གཞི་ལམ་འབྲས་གསུམ་དང༌། སྐྱེ་བ་སྔ་ཕྱི་སོགས་ལ་འདི་ཡིན་འདི་མིན་གྱིས་ལབ་རྡོལ་གཏན་ནས་མི་འོས་ན།

ལས་འབྲས་དང་འབྲེལ་བའི་ཤིན་ལྐོག་རིགས་དེ་བས་ཀྱང་ག་ནས་འོས། དེའི་ནང་ནས་ཀྱང་དེ་རིང་ཁ་སང་སྤྲུལ་སྐུ་ལམ་ལུགས་སྐོར་ཡིག་ངག་གཉིས་ཐོག་ནས་ཕྱོགས་ཡར་མར་མང་པོ་ཞིག་ཁྱབ་བཞིན་པའི་དུས་ཚོད་འདི་དང་བསྟུན་ནས། བདེན་བརྫུན་གྱི་གནད་དོན་མང་པོ་ཞིག་སྤྱི་ཚོགས་སུ་མཐོང་ཐོས་སུ་གྱུར་པས་སྤྱིར་ནང་བསྟན་ལ་སྤྲུལ་སྐུ་ལམ་ལུགས་ངོས་འཛིན་བྱས་པའི་སྲོལ་ཡོད་མི་ཆོག་སྐོར་བཤད་མཁན་དང༌། ཡང་བོད་རྒྱུད་ནང་བསྟན་ལས་གཞན་རྒྱུད་པ་རྣམས་ལ་ངོས་འཛིན་བྱེད་སྲོལ་མེད་པས་རྒྱ་རིགས་སོགས་ལ་དེ་འདྲ་ཡོང་ན་མི་འགྲིག་ཚུལ་ཤོད་མཁན་ཡང་འདུག

གང་ལྟར་གནད་དོན་མ་རྟོགས་པའི་ལོང་བ་རྣམས་ཀྱིས་ལོང་བའི་ཚོགས་སུ་ཀུན་དགའ་རྭ་བའི་མེ་ཏོག་གི་ཁ་དོག་ལ་འགྲེལ་བཤད་དང་ཆ་རེད། རྒྱུ་མཚན་ནི། སྤྱིར་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་དེ་ཡོད་དང་མེད་ནི་ཡུལ་དུས་ཀྱི་དགོས་མཁོ་ལ་བལྟོས་ནས་བོད་དུ་དར་བ་དང༌། དེ་ཡང་ལམ་དང་ལུགས་སྲོལ་ཚད་ལྡན་གྱི་སྒོ་ནས་སྤྱི་ཚོགས་ལ་ཁ་ཞེ་གཉིས་མེད་ཀྱིས་ཕན་ཐོགས་ཡོད་པ་ཞིག་ཡིན་པར་ནི་མིག་མདུན་གྱི་གསེར་གྱི་ལྷུན་པོ་ལྟར་རེད།

གཞན་ཡང་ལམ་སྲོལ་གང་དང་གང་ཡིན་ཡང་མི་རིགས་ཤིག་གི་དགོས་མཁོ་དང་ཆོས་ལུགས་བྱེ་བྲག་པ་ཞིག་གི་ཕྱག་ལེན་ཡིན་ཀྱང་ཆོག གཙོ་བོ་ནི་དགོས་མཁོ་དབང་གིས་ཡིན་པས་ནམ་ཞིག་ན་དགོས་མེད་དུ་འགྱུར་བའི་ཚེ། དེ་མ་ཉིད་དུ་མི་དགོས་ཞེས་ངུ་འབོད་མ་དགོས་པར་ངང་གིས་མེད་པར་ཆགས་འགྲོ་བ་ནི་ཆོས་ཉིད་རེད།

དེ་མིན་སོ་སོའི་བསམ་ཚད་བདེན་པར་བཟུང་ནས་འདི་ཡོད་ཆོག་དང་འདི་མེད་དགོས་ཞེས་འཇིག་རྟེན་བྱེད་པོ་ཅིག་ཡིན་སྙམ་པའི་ང་རྒྱལ་ཞིག་གིས་གཞན་སྤྱི་ཚོགས་ཤིག་ཕར་ཟད་རང་གི་ཁྱིམ་མི་ཡང་ཁ་ལོ་སྒྱུར་མི་ཐུབ། དེར་བརྟེན་འདིའི་རིགས་ནི་ཆོས་ཕྱོགས་ནས་བཤད་ན་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་རྒྱལ་བའི་གསུངས་རབ་དགོངས་འགྲེལ་དང་བཅས་པ་ལ་མཁྱེན་རྒྱ་ཡངས་ཤིང༌། ཉམས་ལེན་གྱི་རྟོགས་པ་མཐོན་པོར་སོན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཐའ་གཅོད་འོས་པ་ཞིག་ཡིན་པ་ལས། དཔོན་གནས་ཀྱི་གོ་ས་ལྟར་རྒྱུ་འབྱོར་པ་དང་དབང་ཤུགས་སོགས་ཀྱིས་མཐའ་གཅོད་མི་ཐུབ་ཅིང༌། མ་ཟད་མི་སྒེར་ཕལ་པ་ཞིག་དང་ཚོགས་སྡེ་བྱེ་བྲག་པ་ཞིག་ཐ་ན་སྲིད་གཞུང་གིས་ཀྱང་ངོས་འཛིན་གནང་ཐབས་གཏན་ནས་མེད།

དེ་བཞིན་བླ་མའང་ཡང་སྲིད་སུ་དང་གང་གི་ཡང་སྲིད་ངོས་འཛིན་ཡོད་དང་མེད་དེ་གོང་ཞུས་ཀྱི་སྐྱེས་ཆེན་དམ་པས་བཤད་བྱ་ཡིན་པ་ལས། ང་དང་ཁྱོད་འདྲ་བའི་ཚུར་མཐོང་དག་གིས་འདི་ལ་ཡོད་པའི་ཕྱིར་འདི་ལའང་ཡོད་དགོས་སོ་ཞེས་རིགས་འགྲེ་གཏང་ས་གཏན་ནས་མེད། རྒྱུ་མཚན་ནི་རང་གི་སྤྱོད་ཡུལ་དུ་མ་གྱུར་པའི་ཤིན་ཏུ་ལྐོག་གྱུར་གྱི་ཆོས་ཤིག་ཡིན་ཕྱིན་ཡིད་ཆེས་པའི་ལུང་གི་རྗེས་སུ་འབྲངས་ནས་རྟོགས་དགོས་པའི་ཁོ་ན་ཡིན་པས་སོ།

གནད་དོན་དེ་ལྟར་མ་རྟོགས་པའི་དབང་གིས་དེང་སང་དངུལ་ལོ་དང་དབང་ཤུགས་འོག་ནས་སྤྲུལ་སྐུ་མང་པོ་ཞིག་ཐོན་བཞིན་པའི་དག་ལ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ངོས་ལེན་མ་ཐོབ་པས་ཆེད་དུ་སྤྱི་ཚོགས་སུ་ཟིང་སློང་བཞིན་པ་དང༌། དེ་དག་གིས་ཚབ་བྱས་ནས་མི་མང་པོ་ཞིག་གིས་མཉམ་དུ་འུར་རྒྱབ་བཞིན་པ་དངོས་གསལ་ཡིན། རྒྱལ་ཡོན་གྱིས་༢༠༡༥-༡༢-༠༦ཉིན།"

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༠༢༠༡༦༡༦༠༢
བློ་བཟང་ཕུན་ཚོགས།
བོད་མི་རྣམས་དངོས་ནས་རང་དབང་ཞིག་ཡོད་ན་་་མ་ཟད་རྣམ་དཔྱད་བེད་སྤྱོད་བཏང་ཨི་ཤེས་ན་་་་་གང་ཡིན་ཟེར་ན་་་རྒྱ་ནག་ཚང་གི་བླ་ཆེན་རྣམས་ཁོ་རང་ཚོས་དགོས་མཁོ་སྒྲུབ་བཞིན་པ་ང་ཚོས་ཡོང་དེ་ལ་རྒྱབ་བསྐྱོལ་བྱེད་མཁན་ཚོས་ཅི་ཡིས་ཆེད་དུ་རེད་་་་དཔེ་ན་་ཏང་ཡོན་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་་་་ཆབ་སྲིད་ཅན་གྱི་ངོ་བོ་གནས་ཡོད་་་པཎ་ཆེན་དང་་མ་འོངས་པ་༧གོང་ས་མཆོག་སོགས་ད་ལྟ་ནས་་་ངོ་ཤེས་ཐུབ་ན་ཡག་གིན།
1 ༢༠༢༠༡༦༡༦༠༡
བློ་བཟང་ཕུན་ཚོགས།
བོད་མི་རྣམས་དངོས་ནས་རང་དབང་ཞིག་ཡོད་ན་་་མ་ཟད་རྣམ་དཔྱད་བེད་སྤྱོད་བཏང་ཨི་ཤེས་ན་་་་་གང་ཡིན་ཟེར་ན་་་རྒྱ་ནག་ཚང་གི་བླ་ཆེན་རྣམས་ཁོ་རང་ཚོས་དགོས་མཁོ་སྒྲུབ་བཞིན་པ་ང་ཚོས་ཡོང་དེ་ལ་རྒྱབ་བསྐྱོལ་བྱེད་མཁན་ཚོས་ཅི་ཡིས་ཆེད་དུ་རེད་་་་དཔེ་ན་་ཏང་ཡོན་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་་་་ཆབ་སྲིད་ཅན་གྱི་ངོ་བོ་གནས་ཡོད་་་པཎ་ཆེན་དང་་མ་འོངས་པ་༧གོང་ས་མཆོག་སོགས་ད་ལྟ་ནས་་་ངོ་ཤེས་ཐུབ་ན་ཡག་གིན།



བརྗོད་གཞི་གཞན་ཁག་ལ་གཟིགས།