དགོངས་ཚུལ།

དྲིན་ལན་ལོག་འཇལ།

ཁ་ཉིན་ལྷ་བབས་དུས་ཆེན་ཉིན་བར་ཁམས་རོང་པོ་ཤོག་ཁ་ཕྱེད་བརྒྱད་དང། བར་ཁམས་སོག་ཤོད།  བར་ཁམས་ཁྲི་རྡོ་མི་མང། རྡ་སར་རྟེན་གཞི་བྱས་པའི་མདོ་སྟོད་ཆུ་བཞི་སྒང་དྲུག་བཅས་ཐུན་མོང་ནས་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་ཡུན་དུ་བརྟན་པའི་སླད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐལ་བཟང་གི་མཛད་སྒོར་དམངས་གཙོའི་ཀ་བ་གསུམ་གྱི་དབུ་འཛིན་རྣམ་པ་སྐུ་མགྲོན་དུ་གདན་ཞུའི་མགྲོན་ཤོག་ཆད་མེད་ཕུལ་ཡོད་འདུག་ནའང། ཆེས་བློ་ཕམ་དང་ངོ་ཚ་བའི་གནས་ཚུལ་ཞིག་ལ་མདོ་སྟོད་ནས་ཡིན་པའི་ཆོས་ལུགས་སྤྱི་འཐུས་ཚོ་དང། མདོ་སྟོད་ཀྱི་སྤྱི་འཐུས་བཅས་བརྟན་བཞུགས་སུ་བཅར་མི་འདུག  སྤྱི་འཐུས་རྣམ་པར་སྤྱི་མཚུངས་ལྟར་མགྲོན་ཤོག་ཕུལ་མེད་པ་དང།   ཡང་ན་ས་གནས་སུ་བཞུགས་མེད་ན་ཁག་ཅི་ལ་ཡོད།   ཚོགས་གཞོན་དང་དགེ་འཐུས་བློ་བཟང་སྙན་གྲགས་གཉིས་ས་གནས་སུ་བཞུགས་མེད་པས་བརྗོད་རྒྱུ་གང་ཡང་མེད།  དེ་མིན་གྱི་ཆོས་ལུགས་དང་མདོ་སྟོད་ཀྱི་སྤྱི་འཐུས་རྒྱུན་ལས་རྣམ་པ་ས་གནས་སུ་བཞུགས་ཡོད་བཞིན་དུ་བརྟན་བཞུགས་ལ་མ་བཅར་བ་དེ་ལ་འགྲེལ་བཤད་ཅི་འདྲ་བརྒྱབ་རུང་དོན་དུ་ངོ་རྒོལ་གྱི་རྣམ་པ་བསྟན་པ་ཧ་ཅང་གསལ་པོ་རེད།

མདོ་སྟོད་ནང་ཁུལ་ཆུ་སྒང་གསར་རྙིང་དང། གཞུང་འབྲེལ་ངོས་ལེན་ཡོད་མེད་ཀྱི་སྐད་ཆ་ཞིག་ཡོད་པ་དེ་ལ་སྙད་འདོགས་བྱས་པའི་དབང་དུ་བཏང་ཡང་ཁུངས་འཁྱོལ་ཐབས་མེད།  གང་ཡིན་ཟེར་ན་ཁྲིམས་དཔོན་རྣམ་པ་དང།   སྲིད་སྐྱོང་གིས་གཙོས་བཀའ་བློན་རྣམ་པ།  དྲུང་ཆེ་ཆུང་གིས་གཙོས་ལས་བྱེད་རྣམ་པ།  བོད་མི་མང་སྤྱི་འཐུས་ཚོགས་གཙོས་དབུས་པའི་དབུས་གཙང་དང་མདོ་སྨད་སྤྱི་འཐུས་རྣམ་པ།  གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་རྒྱུན་ལས།   རྡ་སའི་སེར་སྐྱ་མི་མང་བཅས་བཅར་ཡོད་པ་ཚང་མས་མཐོང་གསལ་ཡིན།

མདོ་སྟོད་ཀྱི་སྤྱི་འཐུས་རྣམ་པ་མདོ་སྟོད་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ཡིན་ནམ། ཡང་ན་ལྡི་ལི་ཆུ་བཞི་སྒང་དྲུག་གི་འཐུས་མི་ཡིན།  མདོ་སྟོད་ཀྱི་སྤྱི་འཐུས་ཡིན་ན། མདོ་སྟོད་སྤྱི་ལ་ཁྱབ་པའི་སྤྱི་འཐུས་ཤིག་ཡིན་དགོས་པས།  གོང་གསལ་བརྟན་བཞུགས་འབུལ་མཁན་ཚོ་མདོ་སྟོད་ཀྱི་མི་མ་ཡིན་ནམ།   ཁོང་ཚོ་མདོ་སྟོད་ཀྱི་མི་ཁོངས་ཕྱིར་འབུད་བྱེད་པའི་དབང་ཆ་ཁྱེད་ཚོ་ལ་ཡོད་དམ།  ཁྱེད་ཚོའི་བྱེད་སྟངས་འདིས་མདོ་སྟོད་ཀྱི་ཆིག་སྒྲིལ་ཡོང་ས་འདུག་གམ།   བསྟན་པ་འགོ་ནས་བཤིགས་ཟེར་བ་བྱེད་སྟངས་དེ་འདྲ་ལ་ཟེར་ལེ་ཡིན།

སྔར་བོད་རང་བཙན་ཡིན་སྐབས་བོད་འབངས་ཀྱི་ལྷག་བསམ་དང་སེམས་ཤུགས། སྤྱི་སེམས། དད་པ་དམ་ཚིག་བཅས་ལྷད་མེད་གཙང་མ་ཡིན།  འོན་ཀྱང་འགོ་ལ་སྡོད་མཁན་སྡེ་དཔོན་མི་དྲག་དང༌།  དཔོན་ཟཻར་བ་ཁག་གཅིག་ནང་ཁུལ་འགྲན་སེམས་དང།  རང་རྒྱལ་གཞན་ཕམ།   དབང་ཆའི་འཐབ་རྩོད་བཅས་ཀྱིས་རྐྱེན་པས་བོད་ཡུལ་གྱི་བདེ་སྐྱིད་ཕུང་ལ་སྦྱར་ནས་མཐའ་མ་བོད་ཡུལ་རྒྱ་འོག་ཏུ་ཚུད་པ་རེད།

ད་ལྟའི་ཆོས་ལུགས་ཀྱི་སྤྱི་འཐུས་དང་མདོ་སྟོད་ཀྱི་སྤྱི་འཐུས་རྣམས་ཀྱི་བྱེད་སྟངས་ལ་བལྟས་ན་ང་ཚོའི་སྤྱི་ཚོགས་འདི་འཐེན་འཁྱེར་ཕྱོགས་ལྷུང་གི་འཐབ་རྩོད་ནང་ལྷུང་དུ་འཇུག་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་འདུག བོད་རིགས་ཡོངས་དང་ལྷག་པར་མདོ་སྟོད་སེར་སྐྱ་མི་མང་རྨོངས་གཉིད་སད་ནས་སྤྱང་གྲུང་དོད་པོ་མ་བྱས་ན་ཆག་སྒོ་སློང་རྒྱུ་ཉག་ཅིག་རེད།   ད་ཕན་མདོ་སྟོད་ཁོངས་མི་ངན་ཁག་གཅིག་གིས་ཕུ་དཀྲུགས་མདའ་དཀྲུགས་བྱས་ཏེ་མདོ་སྟོད་མི་མང་ཡོངས་ལ་མིང་ཆད་ཆེན་པོ་བཟོས་ཡོད་པ་དེ་མ་བརྗེད་པ་བྱེད་དགོས།   བོད་གཞུང་གི་ལྟོ་ཕོགས་ཟས་ནས་བློ་ཕྱི་གཏད་ཀྱི་བྱེད་སྟངས་དེ་རིགས་ཐབས་སྡུག་མིན་ན་ཅི་ཡིན།   ལྡི་ལི་ཆུ་སྒང་གིས་དེབ་ནག་པོ་ཞིག་དཔར་བརྒྱབ་ཡོད་ཟེར་ཐོས་དེ་ཐོག་ག་རེ་བྱས་ཡོད།       

ལྷག་པར་དུ་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམ་པ་ལུས་ལ་ཆོས་གོས་རྣམ་གསུམ་བཞེས་ནས་ཕྱག་ལས་གནང་སྟངས་འཐེན་འཁྱེར་ཕྱོགས་ལྷུང་ཁོ་ནའི་དབང་དུ་སོང་ན་ཆོས་བརྒྱུད་དེ་དང་དེའི་དབུ་འཛིན། སྐྱབས་གནས་དགེ་འདུན་གྱི་སྡེ་དང་བཅས་པའི་ཞབས་འདྲེན་དུ་འགྲོ་བ་དང། དེ་ལ་བརྟེན་ནས་མི་མང་གིས་ཆོས་བྱེད་དགེ་འདུན་ལ་དད་པ་ཡིད་ཆེས་བརླགས་ཏེ་སྐུར་བ་འདེབས་མཁན་མང་དུ་འགྲོ་བ་དེ་ཚོ་རྐྱེན་རྩ་ཐུག་ས་དེ་འདྲ་རེད།

མ་རྩ་ནས་ཆོས་བརྒྱུད་སྤྱི་འཐུས་རྣམ་པ་ཆོས་བརྒྱུད་སོ་སོའི་སྤྱི་འཐུས་ཡིན་ནམ།  ཡང་ན་ལྡི་ལི་ཆུ་བཞི་སྒང་དྲུག་གི་མགྲིན་ཚབ་ཡིན་དགོངས་པ་བཞེས་དགོས།   ཆོས་པས་ངོ་ལྐོག་རྒྱབ་མདུན་དང་ལས་རྒྱུ་འབྲས་དཔང་འཕེར་གྱི་ལས་ཀ་མ་གནང་བར་སྲིད་དོན་འཁྲབ་ན་བསྟན་པ་དེ་འཛིན་དང་བཅས་པར་མཚན་ཤས་དེ་ལས་ཆེ་བ་ག་ལ་ཡོད།   ཁྱེད་ཅག་གི་བྱེད་སྟངས་དེ་ཚོ་སྤྱི་ཚོགས་དུམ་བུར་བཟོ་བའི་ཉེན་ཁ་འདུག                                        

མདོར་དོན་ནང་ཁུལ་མཐོང་ཕྱོགས་དང་མི་མཐུན་པ་ཡོད་རུང་བརྟན་བཞུགས་འབུལ་ཡུལ་ྋརྒྱལ་བ་རིན་པོ་ཆེ་རེད། དེ་ལ་མ་གུས་པ་དང་མ་དད་པའི་སྤྱོད་པ་སློག་སྟངས་དེ་ལྟས་ངན་ཡིན། རང་ལ་སྤྱི་འཐུས་ཀྱི་འོས་ཤོག་ཐོབ་ཐབས་དང། ཆེ་གྲགས་ཀྱི་མཐོང་སླེབས་ཐབས་སུ་ྋརྒྱལ་བ་རིན་པོ་ཆེ་དང་ྋརྒྱལ་བ་རིན་པོ་ཞེས་མ་ཎི་བགྲང་བགྲང་བགྲང། ཆོས་ལུགས་ཆོལ་གསུམ་ལུང་ཚན་དང་བཅས་པ་རྡོག་རྩ་གཅིག་བསྒྲིལ་དགོས་ཚུལ་སོགས་སྐེ་ཡན་གྱི་གཏམ་བཤད་བྱས་ཏེ་མི་མང་ལ་མགོ་བསྐོར་བཏང།   རང་དོན་ལ་ཐུག་དུས་སྤྱི་དོན་བློས་གཏོང་བའི་བྱ་ངན་སྤེལ་རྒྱུར་ཐེ་ཚོམ་མི་བྱེད་པ་དེ་ཡག་རྟགས་ག་ལ་ཡིན།                                                 

སྤྱི་འཐུས་རེ་གཉིས་ཨའུ་ཙམ་འདུག་བསམ་པ་དེ་ཡང་གྲོགས་ངན་གྱིས་ངན་བསྐུལ་ངན་བསླབ་ཀྱི་དབང་བསྒྱུར་འོག་མགོ་འཁོར་ནས་རང་ཚུགས་རང་གིས་ཟིན་མ་ཐུབ་དེ་ནི་རང་ཉིད་ལ་ལྟ་བ་དང་ལངས་ཕྱོགས་བརྟན་པོ་མེད་པ་བླུན་པོ་ཆུ་སྣ་གར་འཁྲིད་དབང་དུ་སོང་བ་དེ་ཡང་སྡུག་རྟགས་རེད།                                                         བླ་མ་ཐུགས་རྗཻའི་བདག་ཉིད་ཀྱི་སྐུ་མདུན་ལ་སྤྱོད་པ་སློག་མཁན་དེ་ཚོ་ད་དུང་ཧམ་པ་བྱས་ཏེ་སྤྱི་འཐུས་འོས་གཞིའི་ནང་ལངས་འདོད་ཀྱི་དྲིལ་བསྒྲགས་བྱས་པ་དེ་ཚོའི་ཕུགས་ཀྱི་དམིགས་ཡུལ་དང་འཆར་གཞི་གང་ཡོད་ཚོད་དཔག་དཀའ་བའི་རང་བཞིན་རེད། སེམས་པ་ལ་ལྷད་མེད་ན་ནོར་འཁྲུལ་ངོས་ལེན་གྱིས་འོས་གཞི་ནས་ཕྱིར་འཐེན་བྱེད་དགོས།                           

ཕ་ཡུལ་གཅིག་པ་དང་ཆོས་བརྒྱུད་གཅིག་པ་སོགས་རྗེས་ལུས་རྨོངས་ཞེན་གྱི་བསམ་བློ་དོར་ཏེ་སངས་རྒྱས་ཀྱི་བསྟན་པ་དང།  འཕགས་པའི་དགེ་འདུན་གྱི་སྡེ། བོད་སྤྱི་ལ་གནོད་ པ་སྐྱེལ་མཁན་ཞིག་ཡིན་ན་དེ་ལ་ཁ་གཏད་གདོང་ལེན་མ་བྱས་ན་སུ་ལ་བྱེད།  དེ་ལུགས་ཚང་མས་གཞན་གྱི་བེད་སྤྱོད་འོག་ཏུ་མ་ཚུད་པར་དོ་སྣང་ཆེན་པོའི་སྒོ་ནས་གོང་གི་གནད་དོན་རྣམས་ལ་དགོངས་པ་གཏིང་ཟབ་བཞེས་ཏེ་མི་ངན་སྤྱོད་པ་སློག་མཁན་རིགས་ངོ་ཐག་ཆོད་པ་བྱེད་དགོས།                     

ང་རང་བོད་འབྱོར་ཕ་བརྒྱུད་བུ་བརྒྱུད་མདོ་སྟོད་གཙང་མ་ཞིག་ཡིན།  ཆུ་སྒང་གསར་རྙིང་གཉིས་ཀར་ཐེ་བྱུས་མེད། ཡིན་ན་ཡང་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ཀྱི་བྱེད་སྟངས་ལ་ཞེན་པ་ལོག་ནས་སེམས་ནང་གང་བསམ་བྲིས་ཐལ་སོང་བར་དགོངས་ཕྱོགས་མེད་པ་ཞུ།།  བལ་སྡོད་ཀརྨ་གཡུལ་རྒྱལ་ནས།  སྤྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༥ ལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།