ཐོབ་འོས་པ་དེ་སྤྲད་ན་འོས།

༢༠༡༥།༠༩།༡༧ཉིན་སྤེལ། ཁྱོད་ཚོས་ནམ་ནམ་ཞར་ཞར་འཆད་ཀྱིན་པའི་བདེན་པ་དང་གནས་ལུགས་ཞེས་བསྙད་པ་དེ་ག་འདྲ་ཞིག རྡོག་རྩ་གཅིག་སྒྲིལ་ཞེས་བཏགས་པ་དེ་གང་འདྲ་ཞིག ཆོས་རིག་འཛིན་སྐྱོང་ཞེས་གླེང་བ་དེ་ཇི་འདྲ་ཞིག 

དེ་རིང་ཡང་ང་ཚོ་ཇོ་ནང་བའི་མི་སེར་ཉམ་ཆུང་འགའ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ར་བའི་མདུན་ན་ལྷན་འཛོམས་བྱས་ཏེ་ཡོད། འདི་ལ་སྐོར་ལོག་མང་བོ་ཞིག་གིས་ཡང་བསྐྱར་འགྲེལ་ལོག་བྱེད་ཀྱིན་ཡོད། ཡིན་ནའང་མང་བོ་མང་བོ་ཞིག་བཤད་ན་མི་འདོད་ལ་བཤད་དགོས་པའི་འོས་ཀྱང་མ་མཐོང་། འོན་ཏེ་སྐད་ཆ་རེ་གཉིས་ངེས་པར་དུ་མ་བཤད་ཐུ་མེད་རེད་བཞག དེའི་ཕྱིར་ཐོག་མར་དྲི་བ་འགའ་སྐོར་འཕེན་བྱ་རྒྱུ་ཡིན། ཁྱོད་ཚོས་ནམ་ནམ་ཞར་ཞར་འཆད་ཀྱིན་པའི་བདེན་པ་དང་གནས་ལུགས་ཞེས་བསྙད་པ་དེ་ག་འདྲ་ཞིག

རྡོག་རྩ་གཅིག་སྒྲིལ་ཞེས་བཏགས་པ་དེ་གང་འདྲ་ཞིག ཆོས་རིག་འཛིན་སྐྱོང་ཞེས་གླེང་བ་དེ་ཇི་འདྲ་ཞིག འདི་དག་ལ་བསམ་གཞིག་ནན་ཏུར་གྱིས་གནང་ཟིན་མཚམས། གཞི་ནས་ང་ཚོ་ཇོ་ནང་བས་གཞུང་དམངས་བར་ལ་དཀྲུག་ཤིང་བྱེད་ཀྱིན་ཡོད་མེད་མཁྱེན་ངེས། ཆོལ་གསུམ་གྱི་མཐུན་སྒྲིལ་ལ་གཏོར་བརླག་གཏོང་གིན་ཡོད་མེད་ཤེས་ངེས། བོད་མིའི་རྩ་དོན་ལ་རྡོལ་རོལ་བྱེད་ཀྱིན་ཡོད་མེད་རྟོགས་ངེས། རྒྱུ་མཚན་ཤིན་ཏུ་སླ་བས་བཤད་དགོས་གལ་ཆེན་པོ་མ་མཐོང་ནའང་། དོན་དག་འདིའི་ཐོག་མཐའ་བར་གསུམ་ཅི་ཡང་མི་ཤེས་པ་དང་། ཤེས་བཞིན་དུ་དཀྱོགས་པ་སོགས་ལ་དོན་ཚན་གསུམ་གྱི་ཐོག་ནས་གསལ་བཤད་ཐུང་ངུ་ཞིག་བྱ་འདོད་སྐྱེས།

གཅིག དཔལ་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འདི་ལ་ཆོས་བརྒྱུད་གཞན་དག་ལ་ཐོབ་ཐང་གང་ཡོད་པ་དེ་ཐོབ་འོས།

༡༽ ཇོ་ནང་ནི་ལོ་རྒྱུས་དང་ལྟ་གྲུབ་སོགས་ཀྱི་ཆ་ནས་ཆོས་བརྒྱུད་ཆེན་པོ་ཞིག་ཡིན་པར་བརྟེན། ༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ནམ་རྒྱུན་ཐུགས་བརྩེ་གཟིགས་ཀྱིས་ཇོ་ནང་ཆོས་བརྒྱུད་འདི་ཉིད་གལ་ཆེན་དོན་གནད་ཅན་ཞིག་ཡིན་ཚུལ་གནང་བའི་བཀའ་སློབ་སྔ་ཕྱི་ཁག་དང་། ཉེ་ཆར་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན་ཕྱི་སྡོད་ཇོ་ནང་བའི་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པར་བསྩལ་པའི་བཀའ་ཡིག་ཏུ་གསལ་འཁོད་གནང་དོན། "ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་ཡུན་གནས་ཆེད་"ཅེས་ཆོས་བརྒྱུད་ཆེན་པོ་ཞིག་ཡིན་པ་འདས་མ་ད་གསུམ་ལ་ཞལ་བཞེས་གཙང་མ་གནང་ཡོད་རྐྱེན་མངོན་སུམ་ལ་དངོས་སུ་བསྙོན་ན་མ་གཏོགས་ཚང་མས་མཁྱེན་རྟོགས་བྱུང་ཡོད་ངེས།

༢༽ ཕྱི་ལོ་ ༢༠༡༡ ལོར་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་དུ་༧གོང་ས་རྒྱལ་བའི་དབང་བོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ས་སྐྱ་གོང་མ་དང་དགའ་ལྡན་ཁྲི་ཆེན། སྨན་རིའི་ཁྲི་འཛིན་སོགས་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་བཀའ་མོལ་ལྷུག་བསྩལ་གནང་མཐར་གྲོས་ཆོད་བཞག་ཏེ་ཇོ་ནང་བ་ནི་ལྟ་གྲུབ་དང་ཆོས་བརྒྱུད་གང་ཅིའི་ཐོག་ནས་རང་རྐང་བ་ཞིག་ཡིན་པ་ཐག་གཅོད་ཡང་དག་བྱས་ཟིན་པ་གཟུ་བོར་གནས་པ་ཞིག་ཡིན་ན་སྔ་ས་ནས་གསལ་གསལ་ཐིང་ཐིང་བྱས་ཟིན་པར་བརྟེན་དཔལ་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་ཆེན་པོ་རང་རྐང་ཚུགས་པ་འདི་ལ་ཅིའི་ཕྱིར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་ན་མི་འོས་པ་རེད། འདི་ནི་ང་ཚོར་མཚོན་ན་ཤེས་འདོད་པའི་གསང་བ་ལྐོག་གྱུར་བ་ཞིག་རེད།

གཉིས། ཇོ་ནང་བས་ནམ་ཡང་རང་གཞུང་ལ་ངོ་ལོག་བྱས་མ་མྱོང་།

༡༽ མི་རིགས་ཁ་ལ་འཁྱེར་མཁན་རེ་ཟུང་གིས་བསམ་བཞིན་དུ་ཇོ་ནང་བར་ཞྭ་མོ་སྣ་ཚོགས་བཟོ་བཞིན་ཡོད། ཇོ་ནང་བས་བཙན་བྱོལ་རང་གཞུང་ལ་ངོ་ལོག་བྱས་རབས། ཆོལ་གསུམ་མཐུན་སྒྲིལ་ལ་གཏོར་བརླག་བཏང་རབས་སོགས་ཁ་ཕྱོགས་གཞན་ཞིག་ལ་དཀྱོག་ཐབས་ཀྱི་བྱ་ངན་འདྲ་མིན་སྤེལ་བཞིན་ཡོད། ཡིན་ནའང་། བློ་རྣལ་དུ་ཕབས་ནས་བསམ་གཞིག་བྱོས་དང་། ཇོ་ནང་བས་ཞི་འབོད་འདི་དག་གིས་གཞུང་ལ་ངོ་ལོག་བྱས་པ་རེད་དམ་བློ་དཀར་བྱས་པ་རེད། དམངས་གཙོ་ཚད་ལྡན་གྱི་གཞུང་ཞིག་ཡིན་པས་ང་ཚོས་ཀྱང་འདི་ལྟར་ཞི་འབོད་བྱེད་ཐུབ་སོང་བ་རེད། བརྡ་འདིས་གཞུང་ལ་བདེན་པའི་སྨྲ་ལྕེ་ཞིག་སྤྲད་པ་རེད། ང་ཚོ་ཇོ་ནང་བའི་ཚུལ་ལྡན་འབངས་མི་གཉོམ་ཆུང་དག་གིས་ཀྱང་ལག་ཟུང་ཐལ་མོ་སྦྱར་ཞིང་། ཁ་བཏགས་དཀར་བོ་ཕྱག་ཏུ་བསྣམས་ཏེ་འཐུས་མི་རེ་རེ་བཞིན་"དྲང་བདེན་ལ་རྒྱབ་སྐྱོར་གནང་རོགས། ཐུགས་རྗེས་གཟིགས།"ཞེས་མགོ་སྒུར་སྒུར་དང་། ངག་འདར་འདར་གྱིས་རེ་ཞུ་བྱས་པ་ཡིན། འདིས་ཆོལ་ཁ་དང་ཆོས་བརྒྱུད་བར་ཇི་ལྟར་དཀྲུག་ཤིང་དང་ངོ་ལོག་བྱས་སོང་བ་རེད།

༢༽ ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༠ ཉིན་གྱི་ཞོགས་པའི་དུས་ཚོད་ ༧:༣༠ སྟེང་ལ་༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ཐུགས་བརྩེ་གཟིགས་ཀྱིས་དད་པ་དང་དམ་ཚིག་འགྱུར་བ་མེད་པའི་ཕྱི་སྡོད་ཇོ་ནང་བའི་དད་འབངས་རྣམ་པར་དམིགས་བསལ་གཟིམ་ཆུང་མཇལ་ཁ་གནང་སྐབས་སུ། "ཁྱེད་རང་ཚོར་ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་རེད། བཤད་དགོས་རེད། སྔོན་མ་ནས་བཤད་ཡིན་པ།"ཞེས་ལམ་སྟོན་བཀའ་སློབ་ཡང་དག་པ་བསྩལ་གནང་མཛད་ཡོད། ཇོ་ནང་བར་བདེན་པ་དང་ཐོབ་ཐང་མེད་པ་ཞིག་ཡིན་ན་༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ཞལ་རྫུན་དང་སྤྲེལ་ལད་འཁྲབ་སོང་བ་རེད་དམ། ནམ་རྒྱུན་༧གོང་ས་མཆོག་ཁ་ལ་ཁྱེར་ནས་ལག་པ་འཕྱི་བར་དགའ་མཁན་དང་དད་པ་དག་སྣང་གིས་ཐལ་མོ་སྦྱོར་མཁན་དག་གིས་ཐུགས་བསམ་གནང་རོགས། བླ་མའི་བཀའ་གསུང་དང་བོད་མིའི་མངོན་འདོད་ལས་རིང་དུ་བརྒལ་སོང་ཚེ་རང་ཉིད་གཞུང་ལ་ངོ་ལོག་མཁན་ཞིག་ཡིན་པ་ཤེས་དགོས་སྙམ།

གསུམ། ཇོ་ནང་བ་དྲང་བོར་འགྲེང་ཡོད།

༡༽ ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་དུ་ཡོད་ནའང་སྤྱི་འཐུས་ཀྱི་རྐུབ་སྟེགས་ཙམ་ཞིག་རྩོད་ཀྱིན་ཡོད་ཅེས་འགྲེལ་ལོག་བྱེད་མཁན་མང་ཚོད་འདུག མ་གཞི་སྤྱི་འཐུས་ཀྱི་རྐུབ་སྟེགས་དེའང་ཡོད་ན་ཡོད་མཉམ་དང་། མེད་ན་མེད་མཉམ་ཞིག་ཅིས་ཀྱང་ཡིན་འོས་མོད། ང་ཚོས་བྱེ་བྲག་པའི་ཐོབ་ཐང་དེ་ཙམ་ཞིག་གཏན་ནས་སྔོན་ཆད་བརྩད་མྱོང་མེད་ལ་ད་ལྟ་རྩོད་ཀིའང་མེད། དེ་ནི་དགོས་མཁོ་མེད་པའི་ཐོབ་ཐང་ལྷག་མ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ནའང་ང་ཚོ་ཇོ་ནང་བ་བོད་མིའི་བཅའ་ཁྲིམས་སུ་མི་ཐེ་བར་བྱས་ཡོད་ལ། ཆོས་རིག་གི་སྒྲིག་ཁོངས་སུའང་མི་འདུ་བ་རེད།

རྒྱུ་དེ་ལ་བརྟེན་ནས་ཆོས་རིག་གིས་གོ་སྒྲིག་མཛད་པའི་ཆོས་ལུགས་དང་འབྲེལ་བའི་མཛད་སྒོ་ཁག་གང་ལའང་ཇོ་ནང་བ་མཉམ་ཞུགས་བྱེད་དབང་མེད་པ་རེད། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་ཞེས་རིས་གཅོད་ཀྱི་བཀའ་ཡིག་དང་སྦྱར་བྱང་། ཐ་ན་འཚོགས་འདུའི་སྒོ་བྱང་ཙམ་པོས་ཀྱང་ཇོ་ནང་བ་གཏན་ཕུད་བྱས་ཡོད་པས་ཐོབ་འོས་པ་དག་ཇོ་ནང་བར་རག་གི་མེད། དེའི་ཕྱིར་"ཁ་ཡག་ལ་བསྒྱུར། མགོ་ཡོག་ལ་བསྐོར་"མ་གནང་རོགས་ཞུ།

༢༽  ༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་"ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་རེད། བཤད་དགོས་རེད།"ཅེས་སྐྱོན་གྱིས་མ་གོས་པའི་བཀའ་གསུང་དེ་འདྲ་གནང་དགོས་པའི་རྒྱུ་མཚན་ཅི། ང་ཚོ་ཇོ་ནང་བས་ཐོབ་མི་འོས་པ་ཞིག་དང་། བདེན་པ་མ་ཡིན་པ་ཞིག་བཤད་ཀྱིན་ཡོད་ན་ཁོང་གིས་དེ་ལྟར་བཀའ་གནང་སྲིད་དམ། བཙན་དང་དབང་མེད་པ། རྒྱུ་དང་སྟོབས་མེད་པའི་ཚུལ་ལྡན་ཇོ་ནང་བར་འདི་ལྟར་ནམ་དང་དུས་སུ་བརྩེ་གཟིགས་གནང་དོན་ཅི། དེ་ནི་བདེན་པ་ཞེས་པའི་སྒུལ་ཤུགས་དེ་ཡོད་སོང་བས་རེད། གནས་ལུགས་ཞེས་པའི་སྲོག་ཤིང་དེ་ཡོད་སོང་བས་རེད། གནས་ལུགས་དང་བདེན་པ་རྩོད་ཀྱིན་པའི་འུ་ཅག་གིས། གཞན་ལ་ལྟ་བྱེད་ཀྱི་མིག་ཟུང་དེ། རང་ཉིད་འཆར་སའི་མེ་ལོང་ཞིག་ཏུ་བསྒྱུར་ཐུབ་དགོས།

མཇུག་བསྡུ་བ།

ཐོབ་འོས་པ་དེ་མ་སྤྲད་ན་བཙན་གྱིས་འཕྲོག་པ་རེད། མི་ཐོབ་པའི་རྒྱུ་མཚན་བཤད་དུ་མེད་དུས་ཐོབ་ཐང་དེ་ཡོད་པ་རེད། རྒྱུ་མཚན་རྡུལ་ཙམ་བཤད་མཁན་མེད་དུས་ང་ཚོའང་མི་ཡོང་ཐུ་མེད་དུ་གྱུར་བའོ།། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

གུས་པ་འཆི་མེད་ཚེ་རིང་ས་ཕྱི་ལོ་༢༠༡༥/༩/༡༦གཟའ་ལྷག་པའི་ཉིན་ཆར་ཞོད་ཁྲོད་གྲོས་ཚོགས་ར་བའི་མདུན་ཐང་ནས་མཇུག་རྫོགས་པར་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།