འཇིག་རྟེན་གཉིས། གཏམ་བཤད་པ་ཝཱ་སཱ་ཎའུ་བྷལ།

 གཏམ་བཤད་པ་ཝཱ་སཱ་ཎའུ་བྷལ། V. S Naipaul
རྩོམ་པ་བོ་ཝཱ་སཱ་ཎའུ་བྷལ(V. S Naipaul) ལགས་ནི་ཕྱི་ལོ་༡༩༣༢ ཟླ་བརྒྱད་པའི་ཚེས་༡༧ ཉིན་ཌརཱེ་ནཱེ་ཏད (Trinidad) དུ་སྐྱེས་ཤིང༌། ཆུང་དུས་ནས་རིག་པ་གྲིམ་པོ་དང་འཆར་སྣང་རྒོད་པོ་ཅན་ཞིག་ཡིན་ལ། རྩོམ་བྲི་རྒྱུར་ཧ་ཅང་དགའ་བས།དབྱིན་ཡུལ་ནས་མཚར་སྒྲུང་སོགས་བྲིས་ཤིང་རྩོམ་རིག་བྱ་དགའ་ཡང་ཐེངས་མང་བླངས་མྱོང་ཡོད།འདས་པའི་ལོ་ལྔ་བཅུའི་ནང་ལ་དེབ་ཆེ་ཆུང་རབ་འབྲིང་སུམ་བཅུ་ལྷག་ཅིག་བཏོན་པ་དང༌།    ལྷག་པར་དུ་ཕྱི་ལོ་༢༠༠༡ལོར་ཚེ་སྲོག་ཕྱེད་ཀ་ཞིག( half a life) ཅེས་པའི་དེབ་ཞིག་བཏོན་ནས་དེ་རྒྱ་གར་དང་དབྱིན་ཡུལ།  ཨཕ་རི་ཀ།   ཡུ་རོབ་སོགས་སུ་ཧ་ཅང་རྒྱུགས་ཆེ་ཞིང་ཁྱབ་གདལ་དུ་ཕྱིན་པས། ཁོང་ལ་རྩོམ་རིག་ནོར་བྷེལ་གཟེངས་རྟགས་ཕོབ་ཡོད།  གཤམ་གྱི་གཏམ་བཤད་འདི་ནི་སྐབས་དེར་ཁོང་གིས་བསྩལ་བའི་གཏམ་བཤད་སྙིང་བསྡུས་ཤིག་ཡིན།

གཏམ་བཤད་དངོས། འདི་ནི་ང་ལ་མཚོན་ན་རྒྱུན་ལྡན་མ་ཡིན་པ་ཞིག་སྟེ།  ངས་མི་ཚོར་བཀླག་བྱ་མཁོ་སྤྲོད་བྱེད་ཀྱིན་ཡོད་པ་ལས་ལེགས་སྦྱར་འཆད་ཀྱི་མེད།  ང་ལ་ལེགས་སྦྱར་གནང་རོགས་ཞེས་རེ་བ་འདོན་མཁན་དག་ལ་ངས་ང་ལ་ལེགས་སྦྱར་འཆད་རྒྱུ་མེད་ཅེས་ཡ་ལན་སྤྲོད་ཀྱིན་ཡོད།   དེ་ནི་དོན་དངོས་ཡིན། མི་ཞིག་གིས་མི་ལོ་ལྔ་བཅུར་ཉེ་བའི་ནང་ལ།   རང་གི་འཆར་སྒོ་དང་ཚོར་བ་མཐའ་དག་ཡིག་ཐོག་ཏུ་བབས་མྱོང་མཁན་ཞིག་གིས་ང་ལ་ཚིག་རྐང་འགའ་ཡང་བརྗོད་རྒྱུ་མེད་ཟེར་ན་ཁྱད་མཚར་ཞིག་ལོས་ཡིན། སྐབས་འདི་ནས་ངས་ད་དུང་རང་ཉིད་ཀྱི་ཚད་གཞི་དང་ནུས་པ་རྟོགས་དཀའ་ལ།   རང་ཉིད་ཀྱི་ཚད་གཞི་འམ་རིན་ཐང་གང་ཡོད་ཆ་ཚང་ངའི་དེབ་ནང་གསལ་བས་ན།   ཡང་སྙིང་ང་རང་སུ་ཡིན་པ་ངོས་འཛིན་དགོས་ན་ངས་ད་དུང་འབྱུང་འགྱུར་གྱི་དེབ་ལ་ངང་སྒུག་བྱ་དགོས་སྙམ།   རླུང་རྟ་བརྒྱུགས་ཏེ་དངོས་སུ་འབྲི་སྐབས་དེས་ང་རང་ཧང་སངས་སུ་འཇུག་ཀྱང་སྲིད༌། དེ་ནི་ངས་ཅི་ཞིག་འབྲི་བཞིན་པའི་སྐབས་ཀྱི་རེ་སྒུག་དང་འདུན་པ་ཉག་གཅིག་ཡིན་ལ། འདི་ནི་ཆེས་བསྒྲུབ་དཀའ་བའི་ལས་དོན་ཞིག་སྟེ་་་ང་རང་ཉིད་ཀྱིས་བྱ་བར་རང་ངོས་ནས་ཚད་གཞི་ལེན་སྟངས་ཤིག་ཀྱང་ཡིན།

ཕཱོརོ་སཱུཊProust)ཡིས་གོ་རྟོགས་ཟབ་པའི་ངང་ནས་རྩོམ་པ་བོ་སྟེ་རྩོམ་པ་བོའི་ངོ་བོ་དང་རྩོམ་པ་བོ་སྟེ་སྤྱི་ཚོགས་ཀྱི་ངོ་བོ་ཞེས་དེ་གཉིས་ཀྱི་བར་ལ་ཁྱད་པར་དང་ཧེ་བག་མཆིས་པ་བྲིས་ཡོད།  ཁྱེད་རྣམ་པས་ཁོང་གི་སཱཎ་ཊ་བྷེབེ་ལ་བརྒོལ་བ( Against Saint Beuve)ཟེར་བའི་བརྩམས་ཆོས་རྙིང་པ་ཁག་ལས་གྲུབ་པའི་དེབ་དེར་གཟིགས་དང་ཁོང་གི་ལྟ་བ་དང་བསམ་བློའི་རང་བཞིན་དེ་ཤེས་རྟོག་བྱུང་ངེས།

དུས་རབས་བཅུ་དགུ་བའི་ནང་ལ་ཕ་རཱན་སིའི་སཱུན་བྷོ་བེ( Sainte-Beuve)དཔྱད་ཞིབ་པ་ཁོང་གིས། རྩོམ་པ་བོ་ཞིག་ཤེས་དགོས་ན། དང་པོ་མི་དེའི་ཕྱིའི་སྤྱོད་པ་དང་མི་ཚེའི་གོ་རིམ་མམ་ལོ་རྒྱུས་ཚང་མ་ཤེས་དགོས། དེ་མིན་ཕྱི་ཚུལ་མཐོང་བ་ཙམ་གྱིས་མི་དེའི་བྱ་གཞག་ཐག་གིས་གཅོད་དཀའ།  གལ་ཏེ་དེ་བཅད་པ་ཡིན་ན་མི་དེ་ནི་ལྐུག་པ་ཨུ་ཚུགས་ཅན་ཞིག་ཡིན།     དེ་འདྲ་བྱེད་རྒྱུ་ནི་ལས་སླ་བོ་ཞིག་མིན་ཡང༌། སཱུན་བྷོ་བེ( Sainte-Beuve) ཡིས་བདེ་བླག་ངང་དབྱེ་བ་གཉིས་སུ་ཕྱེ་ཐུབ་ཡོད།   ཕཱོརོ་སཱུཊ་ཀྱིས་བྲིས་པའི་"སཱན་བྷོ་བེ་ཡི་ཐབས་ལམ( this method of Saint-Beuve) "ནང་"རང་རྟོགས་ཀྱི་ཤེས་པ་ཕྲན་བུས་ང་ཚོར་ཅི་ཞིག་བསླབས་ཀྱང་དེ་སྣང་མེད་དུ་ཐོངས། དེབ་ནི་མིའི་ངོ་བོ་དུ་མས་གྲུབ་པའི་འབྲས་བུ་ཞིག་ཡིན་ཏེ།  ང་ཚོའི་གོམས་གཤིས་དང༌།  སྤྱི་ཚོགས་འཚོ་བ། ཉེས་ལྟུང་གི་བྱ་སྤྱོད་སོགས་འདུས་ཡོད།    གལ་ཏེ་ང་ཚོས་རང་ཉིད་འཚོལ་འདོད་ན།   ང་ཚོས་རང་གི་བྲང་ཁ་རང་གིས་བསྔོགས་ཏེ་རང་ཉིད་འཚོལ་བར་འབད་འབུངས་དང་བསྐྱར་བསྐྲུན་བྱས་པ་ཡིན་ན་ད་གཟོད་ང་ཚོས་རང་ཉིད་རྙེད་ཐུབ་ངེས་ཡིན།

ང་ཚོས་ག་དུས་རྩོམ་པ་བོ་དང་སེམས་འགུལ་ཐེབས་པའི་མི་སྣའི་སྐོར་དང་ལོ་རྒྱུས་སོགས་ཀློག་སྐབས།   ཕཱོརོ་སཱུ་ཊ་ཡི་སྐད་ཆ་དག་ཡིད་ལ་འཛིན་དགོས།  རྒྱུད་ལ་འཇགས་དགོས།  མི་ཚེའི་གོ་རིམ་ཡོངས་རྫོགས་དང་ཐུན་མོང་མ་ཡིན་པའི་གོམས་གཤིས།    གཡོ་འཕྲུལ་གྱི་གཏམ།   གྲོགས་པོ་ཕན་ཚུན་བར་གྱི་བརྩེ་འདང་དང་འབྲེལ་བ་བཅས་ནི་ང་ཚོ་སུས་ཀྱང་བརྗོད་ཐུབ་པ་ཞིག་རེད་དེ།   ཡ་མཚན་སྐྱེ་འོས་པའི་བརྩམས་ཆོས་དག་ལས།  ཡིག་ཐོག་ཏུ་བྲིས་པའི་ཡིག་ཆ་དག་མེད་རུང༌།   འཁྲུལ་སྣང་དང་སྤྲོ་སྣང་གིས་ང་ཚོ་གང་ཞིག་ལ་བསྐོར་སོང་ན།རྩོམ་པ་བོ་ཞིག་གི་ལོ་རྒྱུས་ལྟ་ཅི་ཐ་ན་རང་ཉིད་རྟོག་དཔྱོད་ཅིག་འཆད་དགོས་ན་ཡང་སྐྱོན་འདི་འོང་ངེས་རེད།

ཕཱོརོ་སཱཊ་ནི་བདེ་སྐྱིད་འདྲེན་བྱེད་ཀྱི་སློབ་དཔོན་ཕུལ་བྱུང་ཞིག་ཡིན།  ངས་སཱུནཊབྷོ་བེ་ལ་བརྒོལ་བ་ཞེས་པ་དེ་ཡང་བསྐྱར་གླེང་འདོད་བྱུང༌།  དྲང་མོ་བརྗོད་ན།  ཕཱོརོ་སཱ་ཊ་ཡིས་འདི་འདྲ་ཞིག་བྲིས་ཡོད།  "དེ་ན་མི་སྒེར་ཅིག་གིས་མི་ཀུན་ལ་ཕན་པའི་ཕྱིར་དུ་མི་གཅིག་གི་གཏིང་རིམ་གཏིང་རིམ་ན་ཡོད་པའི་ཟགས་ཐོན་གྱིས་རི་མོ་བྲིས་ཡོད།   མི་གཅིག་གིས་མི་གཞན་ཞིག་གི་མི་ཚེའི་སླད་དུ་ཅི་ཞིག་སྟེར་ཏེ།  གཏམ་གླིང་ཁྲོད།  ཡང་ན།  རི་མོ་འབྲི་ཁང་དུ་ཡོད་པའི་བརྩམས་ཆོས་ཉུང་ངུ།   དེ་ནི་གཏིང་རིམ་ན་ཡོད་པའི་ཁྱེད་དེ་འཛམ་གླིང་གཡས་སློག་གཡོན་སློག་ཅིག་མ་བྱས་ན་མི་མཐོང་ཞིང་ཡང་ཡང་གཡོ་བའི་འཛམ་གླིང་ལས་ཧ་ཅང་ཕྱི་ཚུལ་ཅན་དེ་རེད།

ཁོས་དེ་བྲིས་དུས།   ཕཱོརོ་སཱཊ་ཡིས་ད་དུང་རང་ཉིད་བདེ་སྐྱིད་ཀྱི་ལམ་ལ་འདྲེན་པ་པོ་གཙོ་བོ་དེ་གང་ཡིན་ཤེས་རྟོགས་བྱུང་མེད།  ངས་ལུང་དུ་དྲངས་པའི་སྐད་ཆའི་ཁྲོད་ནས་ཁྱེད་ཚོས་ཁོ་ནི་རང་གི་རིག་སྟོབས་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་རང་གི་ལེགས་འབྲས་དང་རླུང་རྟ་ལ་རེ་ལྟོས་བྱེད་མཁན་ཞིག་རེད་ཅེས་ཁ་ཚོན་གཅོད་ཐུབ་ངེས་རེད།  ངས་སྔོན་ཆད་ཀྱང་ས་ཆ་གཞན་དག་ཏུ་ཡང་ལུང་འདི་དྲངས་མྱོང་ཡོད།  རྒྱུ་མཚན་ནི་ངས་བྱ་གཞག་སྒྲུབ་ཚུལ་དང་ཇི་ལྟར་བསྒྲུབས་མིན་ལ་གཞན་གྱིས་འགྲེལ་བས་ཡིན།  ང་རང་ཉིད་ཀྱི་རིག་སྟོབས་ལ་ཡིད་ཆེས་ཡོད།   ངས་ཐོག་མ་ཉིད་ནས་རང་ཉིད་ལ་ཡིད་རྟོན་བྱས་ལ་ད་དུང་ཡང་བྱེད་མུས་ཡིན།  མ་འོངས་པའི་ཁ་སྟབས་དེ་ཇི་ལྟར་འགྱུར་མིན་དང༌།  མཚམས་གང་ཞིག་དང་ཕྱོགས་གང་ཞིག་ལ་ངའི་སྨྱུག་ཁ་བསྐོར་དགོས་མ་ཤེས་མོད༌།   དོན་དག་ངོ་མའམ་དམིགས་ཡུལ་དངོས་མ་དེ་མ་རྙེད་བར་ངས་རང་རྟོན་བྱེད་ཅིང་རིག་པ་དང་རྣམ་དཔྱོད་ཀྱི་སྒོ་ནས་འཚོལ་ངེས་ཡིན།  ངས་འགོ་འཛུག་སྐབས།  ང་ལ་འཆར་སྣང་ཞིག་ཡོད། ང་ལ་བཟོ་ལྟ་ཞིག་ཡོད།  ཡིན་ན་ཡང་ཡང་སྙིང་ངས་ཅི་ཞིག་བྲིས་ཡོད་མེད་ཆ་ཚང་དེ་བྲིས་ཟིན་པ་དང་ལོ་འགའི་རྗེས་སུ་གཞི་ནས་མ་གཏོགས་རྟོགས་མ་བྱུང༌།

ངས་སྔོན་ཆད་ནས་ང་ལ་རིན་ཐང་གང་ཡོད་པ་དེ་ངའི་དེབ་ཀྱི་ནང་དུ་གསལ་ཞེས་བརྗོད་མྱོང་ཡོད་དེ།  ངས་ད་དུང་མ་འོངས་པར་ཡང་ང་ནི་ཕྱོགས་གཅིག་ཏུ་བསྡོམས་པའི་དེབ་གཟུགས་ཤིག་ཡིན་ཞེས་བརྗོད་འདོད་ཡོད། དེབ་རེ་རེ་ནི།  རིག་པའི་སྟོབས་ཀྱི་ཚོར་འདུ་དང༌།    གལ་ཏེ་སྒྲུང་གཏམ་ཞིག་ཡིན་ན།  འདས་སོང་གི་དོན་རྐྱེན་དག་ལ་བརྟེན་ཞིང་དེ་ལས་གྲུབ་དགོས།  ངའི་འབྲི་ཀློག་གི་བྱ་བ་གང་ལ་བལྟས་ཀྱང༌།  ཆེས་མཐའ་མའི་དེབ་དེའི་ནང་དེབ་སྔ་མ་ཆ་ཚང་འདུས་ཡོད་ཅེས་བརྗོད་ན་ནོར་མེད་སྙམ།

དེ་འདྲ་ཞིག་ཡིན་དགོས་དོན་ནི་ངའི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱིས་ལོས་ཡིན་སྙམ།  དེ་ཡང་ཕྱོགས་གཅིག་ནས་ཧ་ཅང་སྟབས་བདེ་ཞིག་ཡིན་ཡང་ཕྱོགས་གཞན་ཞིག་ནས་ཧ་ཅང་རྙོག་འཛིངས་ཅན་ཞིག་ཡིན།  ང་ནི་ཌརཱེ་ནཱེ་ཏ( Trinidad ) ཞེས་པའི་ས་ཆ་ཞིག་ནས་སྐྱེས།   དེ་ནི་ཝནཱེ་ཛོའོ་ལཱ ( Venezuela) ཡི་རྒྱུགས་ཆུ་ཨཱོ་རཱེཀཱོ་ཁ་ཡི་གླིང་ཕྲན་ཆུང་ཆུང་ཞིག་ཡིན།  དེར་བརྟེན་ཌརཱེ་ནཱེ་ཏད (Trinidad) ལྷོ་ཨ་མི་རི་ཀ་དང་ཁ་རི་བྷིན་(Caribbean ) གཉིས་ཀྱི་དམ་དྲག་འོག་ལ་མེད།  དེ་ནི་ཡར་ཐོན་ཅན་གྱི་ཤིང་ནགས་སྤེལ་ཡུལ་ཞིག་ཡིན་ཞིང༌།  ང་སྐྱེ་ལོ་སྟེ་ཕྱི་ལོ་༡༩༣༢ ལོར་ཁྱོན་མི་འབོར་༤༠༠༠༠༠ ཡོད་ཅིང་དེའི་ནང་ནས་མི་༡༥༠༠༠༠ ཙམ་ནི་རྒྱ་གར་མི་སེར་ཡིན་ཏེ།  ཧིན་དི་དང་ཁ་ཆེ་ཡིན་ཞིང༌། མང་ཆེ་གྷན་ཇཱིཌ་ཁཱ་( Gangetic) ས་གནས་ནས་ཡོང་བ་ཤ་སྟག་རེད་ལ་སོ་ནམ་པའི་ལས་ལ་ཞུགས་ཡོད།

དེ་ནི་ངའི་སྤྱི་ཚོགས་ཆུང་ཆུང་དེ་ཡིན།   གནས་སྤོ་བ་ཚོ་ཕྱི་ལོ་༡༨༨༠ ཡི་རྗེས་ལ་རྒྱ་གར་ནས་ཡོང་འདུག དེའི་འབྲེལ་བའམ་རྐྱེན་ནི།  མི་དེ་ཚོས་འབྱུང་འགྱུར་ལོ་ལྔ་ཡི་རིང་ལ་ས་ཞིང་དེར་ཞབས་ཞུ་སྒྲུབ་པའི་གན་རྒྱ་བཞག་ཡོད།    མཐའ་མཇུག་དེར་ཁོང་ཚོར་ས་ཆ་རྒྱ་ཁྱོན་ཨེ་ཀར་ལྔ་ཡས་མས་ཀྱི་ས་ཞིང་ཆུང་ཆུང་རེ་བསྩལ་ཡོད་པ་དང་ལ་ལ་ཕྱིར་རྒྱ་གར་ལ་ལོག་ཡོད།  ཕྱི་ལོ་༡༩༡༧ ལོར་གྷན་དྷི་དང་གཞན་འགའ་ཡིས་སྐུལ་སློང་གནང་བ་ལྟར།   གན་རྒྱ་དེ་རྩ་བ་ནས་མེད་པ་བཟོས་ཡོད།  ཤུགས་རྐྱེན་དེ་ཡིས་ཡིན་ནམ་ཡང་ན་རྐྱེན་གཞན་གྱིས་ཡིན་ཆ་མ་འཚལ་ཡང༌།  རྗེས་ནས་སླེབས་མཁན་ཚོར་ས་ཆ་མ་སྤྲད་པ་མ་ཟད་ཕྱིར་རྒྱ་གར་ལ་ཡང་ལོག་མ་བཅུག་པས།  ཁོང་ཚོའི་འཚོ་བ་ཧ་ཅང་ཉམ་ཐག་ཅིང་སྐྱབས་མེད་མགོན་མེད་དུ་གྱུར།   ཁོང་ཚོ་ཚང་མ་སི་པཻེན་གནམ་ཐང་གི་སྲང་ལམ་ནང་དུ་ཉལ་ཡོད།  ང་ཕྲུ་གུ་ཆུང་ཆུང་ཡིན་པའི་སྐབས་སུ་ངས་ཁོང་ཚོ་མཐོང་མྱོང་ཡོད།  འོན་ཀྱང་ཁོང་ཚོ་ཉམ་ཐག་དང་འཚོ་གནས་སྡོད་ས་མེད་པ་རྐྱང་ཡིན་པ་རྩ་བ་ནས་མ་ཤེས།  དེ་ཡང་ཕྱིས་སུ་གཞི་ནས་ཤེས་ཚོར་བྱུང༌།  ཡིན་ན་ཡང་དེ་ཡིས་ང་ལ་བག་ཆགས་ཟབ་མོ་གང་ཡང་བཞག་མ་མྱོང༌།  དེ་ནི་ཤིང་ནགས་སྐྱེ་སྤེལ་གྱི་བརྙས་བཅོས་དང་གཉའ་གནོན་གྱི་ཆ་ཤས་ཤིག་རེད།

ང་ཅཱགྷོནཱ་(Chaunas) ཞེས་པའི་གྲོང་སྡེ་ཆུང་ཆུང་ཞིག་ཏུ་སྐྱེས།  དེ་ནི་བྷརེ་སའི་མཚོ་ཁུག་ལེ་དབར་གསུམ་གྱི་མཚམས་སུ་མཆིས།  ཅཱགྷོནཱ་ཞེས་པ་ནི་རྗོད་བྱེད་ཐ་སྙད་དང་སྒྲ་གདངས་སོགས་ཀྱི་ཁྱད་མཚར་ཞིག་ཡིན་སྟབས་གནས་སྡོད་རྒྱ་གར་བ་མང་ཆེ་བ་ཅཱོཧན་(Chauhan) ཞེས་འབོད་པར་སྤྲོ།

ངས་རང་གི་སྐྱེ་ཡུལ་གྱི་མིང་ཤེས་དུས་ང་ཕོ་ལོ་སུམ་བཅུ་སོ་བཞིར་སླེབས་ཟིན།  ང་ལོན་ཌོན་དུ་ལོ་བཅུ་དྲུག་ལ་བསྡད་པ་དེ་ངའི་དེབ་དགུ་བ་དེའི་ནང་བྲིས་ཡོད།   དེའི་ནང་ཌརཱེ་ནཱེ་ཏད (Trinidad) ཀྱི་མི་ཚོའི་ལོ་རྒྱུས་དང་སྒྲུང་སོགས་བསྐྱར་དུ་སློང་བར་འབད་འབུངས་བྱས་ཡོད།  ང་དབྱིན་ཇིའི་གནའ་དངོས་འགྲེམ་སྟོན་ཁང་ཞིག་ཏུ་སི་པཻེན་(Spain ) གྱི་ཡིག་ཆ་ཁག་ཏུ་གསལ་བའི་ས་ཆའི་སྐོར་ཀློག་པར་ཕྱིན་པ་ཡིན།  ཡིག་ཆ་དེ་དག་ནི་སི་པེན་ཡིག་རྙིང་ཕྱོགས་བསྡུས་ལས་སླར་རྙེད་ཅིང༌།  དེ་ནི་ཕྱི་ལོ་༡༨༩༠ པའི་ནང་སྟེ་དབྱིན་ཇི་དང་ཝནཱེསཱུའི་ལཱ ( Venezuela)་གཉིས་ཀྱི་ས་མཚམས་ལ་དཀའ་ངལ་ཆེ་བའི་སྐབས་སུ་དབྱིན་གཞུང་གི་ཆེད་དུ་དཔར་བསྐྲུན་བྱས་པ་ཞིག་རེད་འདུག  ཡིག་ཆ་དག་ཕྱི་ལོ་༡༥༣༠ ལོ་ནས་འགོ་བཙུགས་ཀྱང་སི་པེན་རྒྱལ་ཁམས་ཉམས་པ་དང་ལྷན་དུ་མེད་པར་གྱུར་ཡོད།

ངས་གླེན་རྟགས་ཀྱི་ཞིབ་འཇུག་སྟེ་གསེར་ཡོད་མེད་བརྟག་དཔྱད་དམ་ཨེཡི་བྟོ་རཱ་བྟོ( El Dorado) ཡི་སྐོར་དང་དབྱིན་ཇིའི་དཔའ་བོ་སྐུ་ཞབས་ཝལ་ཊ་རཱལེ་ཧེ་(Sir Walter Raleigh )བཙན་འཛུལ་དང་དམར་གསོད་བཏང་བའི་སྐོར་བཀླགས་པས། ཕྱི་ལོ་༡༥༩༥ ལོར་ཁོས་ཌརཱེ་ནཱེ་ཏད (Trinidad) ལ་དཔུང་རྒོལ་དང་སི་པེན་ཡུལ་མི་ཚང་མ་བསད་དེ་ཡུལ་ཨོ་རི་ནཱོ་ཀཱོ་ལ་ཕྱིན་ནས་ཨེཡི་བྟོ་རཱ་བྟོ( El Dorado)བཙལ་ཡོད།  ཁོས་ཅི་ཡང་རྙེད་མེད་ཀྱང་ཁོ་ཕྱིར་དབྱིན་ཡུལ་ལ་ལོག་དུས།  ཁོ་ལ་གསེར་དང་བྱེ་མ་ཅུང་ཙམ་སྟོན་རྒྱུ་ཡོད་ཅེས་བརྗོད་ཡོད།  ཁོས་གསེར་དེ་ཚོ་ཨ་རའི་རྒྱུགས་ཆུ་ཨཱོ་རི་ནཱོ་(Orinoco) ཀོ་ཡི་འགྲམ་གྱི་བྲག་རོང་ལས་བརྐོས་པ་ཡིན་ཞེས་བརྗོད་ཡོད།  བརྟག་དཔྱད་དོ་དམ་པས་བརྗོད་པ་ལྟར་ན་ཁོས་བརྟག་དཔྱད་བྱེད་པར་སྤྲད་པའི་གསེར་དེར་རིན་ཐང་མེད་པ་དང༌།  མི་གཞན་ཚོས་བཤད་ན་ཁོས་སྔོན་འཚུད་ནས་བྱང་ཨཕ་རི་ཀ་ནས་ཉོས་ཟིན་ཞེས་སྐད་ཆ་བཤད་སྟངས་གཉིས་ཡོད།  དེ་ནས་ཁོས་དེ་བདེན་ལུགས་དང་དཔང་རྟགས་ཀྱི་ཚུལ་དུ་དེབ་ཅིག་བཏོན་ཡོད།   དེའི་དབང་གིས་དུས་རབས་བཞི་ཡི་རིང་ལ་མི་ཚང་མས་ཁོས་ཅི་ཞིག་རྙེད་ཡོད་པའི་ཡིད་ཆེས་བྱས།  འཕྲུལ་སྣང་གི་དེབ་ཀྱི་འགོ་བརྗོད་ཧ་ཅང་རིང་བས་ཀློག་ཧ་ཅང་དཀའ་བ་ཞིག་རེད།

མཚམས་རེ་གདེང་ཚོད་དང་སྤོབས་པ་ཅན་གྱི་མི་ལ་ཡང་ཆག་སྒོ་ཆེན་པོ་རེ་འབྱུང་སྲིད་པས།  སྐུ་ཞབས་རཱལེ་ཧེ་ནི་རང་ཉིད་ཀྱི་འཆར་སྣང་དང་རྨི་ལམ་ཁོ་ནས་ཕོངས་ཏེ་བཙོན་ལ་ཚུད་ཡོད།  ལོ་ཉི་ཤུ་རྩ་གཅིག་གི་རྗེས་སུ།  ཁོང་རྒས་ཤིང་འཁོགས་པར་གྱུར་བ་མ་ཟད་ན་ཚས་མནར་ནས་ལོན་ཌོན་བཙོན་ཁང་ནས་གློད་གྲོལ་ཐོབ་སྟེ་གནས་གྷོ་ཡིཎ་(Guiana) དུ་འགྲོ་བཅུགས་པ་དང་སྔོན་ཆད་ཁོང་གིས་གསུངས་པའི་གསེར་གྱི་གཏེར་ཁ་འཚོལ་དུ་བཏང་ཡོད།  ཁོས་རང་ཉིད་ཀྱི་མཚན་དང་སྙན་གྲགས་ཀྱི་ཆེད་དུ།  རུལ་སུངས་ཀྱི་རྫུན་རྐུབ་སྦས་བསྐུངས་བྱ་ཆེད་དུ་རང་གི་ཤ་ལས་ཆད་པའི་བུ་ལ་ཡང་མགོ་སྐོར་དང་སླུ་བྲིད།  གཡོ་ཐབས་ཀྱིས་རྐྱེན་ལམ་དུ་བཏང་ཡོད། དེ་ནས་ཁོང་ལ་གང་ཡང་ལྷགས་མེད་ལ་འགྱོད་གདུང་དང་སེམས་སྡུག་གིས་མནར་ཞིང་རང་སྐྱོན་རང་གིས་ཁས་ལེན་བྱས་ཏེ་ཕྱིར་ལོན་ཌོན་བཙོན་ཁང་དུ་ཕྱིན་ནས་སྲོག་ཐོག་བཏང་ཡོད།

སྒྲུང་དེ་འདི་ནས་མཚམས་འཇོག་དགོས་པ་ཞིག་རེད།  ཡིན་ཡང་སི་པཻན་སྐད་ཡིག( Spanish) གི་ལོ་རྒྱུས་ཧ་ཅང་རིང༌། ཉིན་གཅིག་དབྱིན་ཇིའི་འགྲེམ་སྟོན་ཁང་ཞིག་ནས་ངས་སི་པཻན་(Spain )རྒྱལ་པོས་ཌརཱེ་ནཱེ་ཏད (Trinidad)སྤྱི་ཁྱབ་འགོ་འཛིན་ལ་འཕྲིན་ཡིག་བཏང་བ་ཞིག་མཐོང་བྱུང༌། དེ་ནི་ཕྱི་ལོ་༡༦༢༥ ཟླ་བཅུ་པའི་ཚེས་༡༢ ལ་ཕུལ་བ་ཞིག་རེད་ལ།    དེ་ཡང་རྒྱལ་པོའི་དུས་ཀྱི་ཡིག་འགྲུལ་གྱི་སྐྱེལ་འདྲེན་ཧ་ཅང་དལ་བས་ཌརཱེ་ནཱེ་ཏད (Trinidad) ནས་བཏང་བའི་འཕྲིན་ཡིག་ཅིག་སི་པཻན་(Spain )དུ་འབྱོར་བར་ལོ་གཉིས་ཙམ་འགོར་གྱི་ཡོད། ཕྱིས་ཀྱི་ལོ་ངོ་བརྒྱད་ཀྱི་རྗེས་སུ་ཡང༌།  ཌརཱེ་ནཱེ་ཏད (Trinidad)་དང་སི་པཻན་ཡུལ་དང་གྷོ་ཡིཎ་(Guiana) དུ་ཡོད་པའི་སི་པཻན་མི་རིགས་དང་མཚོ་ཁར་སྡོད་པའི་རྒྱ་གར་བ་ཚོ་མཉམ་དུ་བསྡད་ཡོད་འདུག

རྒྱལ་པོ་ཞིག་གིས་"ངས་ཁྱེད་ལ་འདྲི།  ཁྱེད་ཀྱིས་བརྗོད་ཟིན་པའི་རྒྱ་གར་གྱི་རྒྱལ་ཁབ་ཅཱོའོ་ཧནསུ (Chauhanes) ཞེས་པ་དེའི་ལོ་རྒྱུས་དང༌།   མི་གཤིས་གྱོང་ཞིང་མཁྲེགས་པའི་མི་ཚོགས་ཤིག་གིས་དབྱིན་ཇིའི་སྣེ་ཁྲིད་བྱས་ཏེ་གྲོང་སྡེ་བདག་བཟུང་བྱས་པའི་སྐོར་ཤོད་དང༌།  ཁོང་ཚོའི་བྱས་ཉེས་ལ་ད་དུང་ཉེས་པ་བཏང་མེད།  རྒྱུ་མཚན་ནི་རྒྱ་གར་བས་རང་གི་འདུན་པ་དེ་རང་ཉིད་མ་གཏོགས་གཞན་གྱིས་ཉེན་སྐྱོབ་བྱ་མི་ཐུབ་པའི་ཡིད་ཆེས་བྱས་པ་དང༌།  ནག་ཉེས་དེ་ལ་ཁྲིམས་ཆད་ཅི་ཞིག་གཏོང་དགོས་བདག་གིས་མ་ཤེས་པས།  ངས་ཁྱེད་ལ་བཤད་པའི་ཁྲིམས་ལས་མ་བརྒལ་བར་ཁྱེད་ཀྱིས་ཁོང་ཚོར་ཉེས་པ་གང་གཏོང་དགོས་ཐག་བཅད་ནས་ཅི་ལྟར་བྱས་མིན་སོགས་བདག་ལ་སྙན་སེང་ཞུ་དགོས།"ཞེས་བརྗོད་ཡོད། ས་གནས་སྤྱི་ཁྱབ་པས་ཅི་བྱས་ཡོད་མེད་ངས་མ་ཤེས།  འགྲེམ་སྟོན་ཁང་ནས་ཅཱགྷོའོ་(Chaguanes) ཡི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་གཞན་གང་ཡང་རྙེད་མ་བྱུང༌།  གཅིག་བྱས་ན་སཻ་པན་གྱི་ཡིག་རྙིང་ཁག་ཏུ་དབྱིན་ཇི་གཞུང་གི་མཁས་དབང་ཚོས་དོ་སྣང་མ་བྱུང་པའམ་གལ་གནད་དུ་མ་མཐོང་བའི་ཡིག་ཆ་གཞན་པ་རི་ལྟར་སྤུངས་ཡོད་ཀྱང་སྲིད།   དངོས་ཡོད་གནས་ཚུལ་ཅི་ལྟར་རེད་ཅེས་ན། ཕྭ་རིའི་མཚོ་ཁུག་གི་གཡས་གཡོན་དུ་འཚོ་གནས་བྱེད་མཁན་གྱི་མི་སྟོང་ཕྲག་གཅིག་ཡས་མས་ཤིག་གར་སོང་ཆ་མེད་དུ་གྱུར་བ་དེ་ཅཱགྷོའོ་(Chaguanes) ཡི་མི་སུས་ཀྱང་ཤེས་མི་འདུག ཕྱི་ལོ་༡༦༢༥་ནས་བཟུང་སི་པན་(Spain) གྱི་རྒྱལ་པོའི་ཡི་གེའི་གོ་དོན་ནམ་བརྗོད་སྙིང་རྟོགས་མཁན་ནི་ང་གཅིག་པུ་ཡིན་པའི་ཚོར་སྣང་ཞིག་བྱུང༌།  ཡིག་ཆ་དེ་ནི་ཕྱི་ལོ་༡༨༩༦་ལོ་ཡང་ན་༡༨༩༧ ལོར་ཡིག་རྙིང་ཁག་ལས་ཕྱིར་བཏོན་ཏེ་ཤུལ་ཙམ་ཡང་བསྐྱུར་མེད་པས།   དུས་དེ་ནས་བཟུང་དུས་རབས་དེ་གྲགས་འགུལ་མེད་ཅིང་འཇམ་ཐེང་ངེར་གྱུར་འདུག

ང་ཅཱགྷོའོ་(Chaguanes) ལ་བསྡད་དེ།  ཆེས་ཐོག་མར་སློབ་གྲྭར་འགྲོ་སྐབས།  ཉིན་ལྟར་རྨོ་མོའི་ཁྱིམ་ནས་ལམ་ཕྲན་གཉིས་གསུམ་རེ་བརྒྱུད་ནས་སློབ་གྲྭར་འགྲོ་དགོས་ཏེ།  རྒྱ་མིའི་ཚོང་ཁང་ཆུང་ཆུང་ཞིག་དང༌།  འཇིའུ་དགའ་སྟོན་ཁང༌།དྲི་མ་འཐུལ་བའི་པོར་ཅུ་གོསུ(Portuguese)གྱི་བཟོ་གྲྭ་ཆུང་ཆུང་ཞིག་གིས་རིན་གོང་སླ་བའི་འདག་རྫས་སྔོན་པོ་དང་སེར་པོ་དག་བཟོས་ཏེ་ཞོགས་ལྟར་ཉི་མར་སྐེམ་གྱིན་ཡོད།  ངས་ཉིན་ལྟར་འདི་ཚོ་བརྒྱུད་ནས་ཅཱགྷོའོས་(Chaguanes) གཞུང་གི་སློབ་གྲྭར་ཕྱིན།   སློབ་གྲྭའི་ཕར་ཕྱོགས་ན་བུར་ཤིང་དང༌།  བདག་ཏུ་བཟུང་བའི་ས་དང་པྭ་རིཡྭ་(Paria)མཚོ་ཁུག་ལ་འགྲོ་ལམ་བཅས་ཡོད་ཅིང༌།བདག་ཏུ་བཟུང་བའི་ས་ཆ་དང་དབང་ཆ་མེད་པའི་མི་མང་རྣམས་ལ་རང་གི་རིག་གཞུང་དང་ལོ་ཐོ།  ཁྲིམས་ཡིག་བྱིན་རླབས་ཅན་དང་གནས་རྩ་ཆེན་ཡོད་སྲིད་ལ།  མ་ཟད་ཁོང་ཚོས་ད་དུང་པྭ་རིཡྭ་(Paria)མཚོ་ཁུལ་ཨོརི་ནོ་ཀོ་ཡི་སྐོར་ཡང་ཤེས་ངེས་རེད། འོན་ཀྱང་ད་སྐབས་ཁོང་ཚོའི་ལག་རྩལ་དང་རིག་གནས་ཡོད་ཚད་ཐལ་རྡུལ་དུ་གྱུར་ནས་རྩ་ཡལ་དུ་ཕྱིན་ཡོད།

འཇིག་རྟེན་འདི་ག་དུས་ཡིན་ན་འགྱུར་བཞིན་པས།  ས་ཕྱོགས་གང་སར་ཡོད་པའི་མི་ཚོ་གང་ཡང་མེད་པར་གྱུར་ཡོད།  ཕྱི་ལོ་༡༩༦༧ ལོར་ངས་རང་གི་ཕ་ཡུལ་གྱི་སྐོར་ཤེས་རྟོགས་བྱུང་དུས་ང་རང་ཧ་ལས་ཤིང་ཧོན་འཐོར་སོང༌།  རྒྱུ་མཚན་ནི་ངས་སྔོན་ཆད་དེའི་སྐོར་གང་ཡང་མི་ཤེས་པས་རེད།  སྐབས་དེར་ངའི་ཡུལ་མི་མང་ཆེ་བ་རྨོངས་ཚོད་དང་སྨུན་འཐོམས་ཀྱི་ངང་ནས་ཞིང་ལས་བཙན་འཛུལ་གྱི་འོག་ནས་འཚོ་བ་བསྐྱེལ་འདུག   དཀའ་ཁག་དང་སྡུག་བསྔལ་དེའི་སྐབས་སུ་གཞུང་དངོས་ནས་ས་སྦར་བ་གང་ཡང་སྤྲད་མི་འདུག   དེ་མིན་ཅཱགྷོའོས་(Chaguanes)སྐོར་གྱི་ལོ་རྒྱུས་ཞིབ་ཕྲ་གང་ཡང་མི་འདུག  ངས་བལྟས་ན་སྤྱིར་མི་རིགས་འདི་གལ་ཆེན་འགངས་ཆེན་དུ་བརྩིས་མི་འདུག་པས་ཁོང་ཚོའི་སྐོར་ཞིབ་འཇུག་བྱས་ཏེ་བསྐྱར་གསོ་བྱ་དགོས་ན་ཧ་ཅང་ཁག་པོ་རེད་འདོད  གང་ཡིན་ཟེར་ན་ཁོང་ཚོ་གྲངས་ཉུང་མི་རིག་དང་མི་རིགས་ནག་པོ་ཡིན་པའི་རྒྱུ་མཚན་གྱིས།  མི་རིགས་དེའི་རྒྱུན་ཆད་ལ་ཉེ་ཡང་རྩད་གཅོད་བྱ་དཀའ།  མི་རིགས་དེ་ལྟ་བུར་དབྱིན་ཇིའི་ཧྒོ་(B.G _britishGuoana)ཞེས་འབོད་པ་ནི་གནའ་བོའི་སྐབས་སུ་མི་ཚང་མའི་ཁ་ལ་འཇགས་པའི་དགོད་བྲོའི་གཏམ་གླེང་ཞིག་ཏུ་གྱུར་ཡོད། ཌརཱེ་ནཱེ་ཏ(Trinidad)་ཡི་མི་སྤྱོད་ངན་དང་གཏུམ་པོ་ཚང་མར་གོང་གི་མིང་ནས་འབོད་སྲོལ་འདུག   ངས་དེ་ནི་མིང་ཚིག་ལས་གྲུབ་པའི་སྤྱིར་བཏང་གི་ཚིག་སྡུག་ཅག་ཅིག་ཡིན་ས་རེད་བསམ་མྱོང་ཡོད།  ང་ལོ་བཞི་བཅུ་ཞེ་གྲངས་མཚམས་ཤིག་ལ་གནས་ཝྭནཱེ་ཛོའོ་ལཱ( Venezuela) ལ་བསྐྱོད་འགོ་བརྩམས་དུས་གཞི་ནས་ཚིག་དེ་ནི་གྲངས་ཉུང་མི་རིགས་ཀྱི་མིང་་ཞིག་ཡིན་པ་ལས་སྤྱིར་བཏང་གི་ཐ་སྙད་ཅིག་མིན་པ་ཤེས།

ང་ཆུང་ཆུང་སྐབས་སུ་གནའ་སྒྲུང་ཞིག་ཡོད། ད་ལྟ་ང་ལ་མཚོན་ན་དེ་ནི་ཆེས་ཤུགས་རྐྱེན་ཐེབས་པའི་སྒྲུང་ཞིག་ཡིན།  དུས་ཚོད་ཅིག་ལ། མི་ཚོ་སྐམ་ས་ཆེན་མོ་ནས་གྲུ་ཆུང་ནང་དུ་བསྐྱོད་པ་དང་ལྷོ་ཕྱོགས་ཀྱི་གླིང་ཕྲན་གྱི་ནགས་གསེང་བརྒྱུད་དེ་ཤིང་ཏོག་འགའ་རེ་བཀོག་པ་ཡང་ན་མཆོད་འབུལ་བྱས་ནས་པྭ་རིཡྭ་(Paria)མཚོ་ཁུལ་ནས་རྒྱུགས་ཆུ་ཨཱོ་རི་ནཱ( Orinoco) ཡི་མདོ་ལ་འགྲོ། ཌརཱེ་ནཱེ་ཏ(Trinidad)ཡི་མི་རིགས་འདི་ལོ་བཞི་བརྒྱ་ཙམ་ལ་བརྟན་བརླིང་ཡོང་མིན་དེ་ཁོང་ཚོས་མཆོད་འབུལ་ལ་འབྲེལ་བ་དམ་པོ་ཡོད།  ཡང་མིན་ན། ཌརཱེ་ནཱེ་ཏ(Trinidad ) དང་ ཝྭནཱེ་ཛོའོ་ལཱ( Venezuela) གཉིས་ཀྱི་མེ་ཏོག་གི་འཕེལ་ཚད་འདྲ་འདྲ་ཡིན་རུང༌།  ཤིང་ཏོག་གི་འབྲས་བུར་ཅུང་ཙམ་ཁྱད་པར་ཡོད་སྟབས། ཁོང་ཚོ་དམིགས་བསལ་གྱི་ཤིང་ཏོག་རེ་བཀོག་དགོས་ན་གཞི་ནས་ཕན་ཚུན་འགྲོ་རེས་ཡོད།  ངས་ས་གནས་གལ་ཆེན་པོ་མང་པོ་ཞིག་བརྗེད་འདུག།  མི་སུས་ཀྱང་དྲི་བ་འདི་འདྲ་ཞིག་དྲིས་པ་ཡང་མི་དྲན་གི      གནས་དེ་ཡོད་དམ།  གལ་ཏེ་ཡོད་ན་ས་རྡུལ་དང་མཉམ་དུ་ཐང་ཆེན་དུ་གྱུར་ཡོད་དམ།  དེ་ཚོ་ཚང་མ་ཅི་ལྟར་བརྗེད་པ་ཡིན་ནམ། དྲན་ཤེས་ཉམས་ཟིན་འདུག

འདས་པ་ནི་འདས་པ་རང་རེད།དེ་ནི་སྤྱིར་བཏང་གི་བསམ་བློ་གཏོང་ཕྱོགས་ཤིག་རེད། ང་ཚོ་རྒྱ་གར་བ་ཚོ་རྒྱ་གར་ནས་གླིང་ཕྲན་འདིར་གནས་སྤོས་བྱས་པ་རེད། ང་ཚོའི་མི་ཚེ་མང་ཆེ་བ་མཆོད་འབུལ་དགེ་སྦྱོར་རྐྱང་བྱས་ཏེ་བསྐྱེལ་བ་ལས་ཤེས་བྱ་སྦྱོང་བར་རང་ངོས་ནས་འགོ་བརྩམ་པའི་ཚོད་དཔག་དང་འབད་བརྩོན་བྱེད་པའི་ནུས་པ་ལྡན་མི་འདུག  ཅཱགྷོའོས་(Chaguanes) རུ་ཡོད་པའི་འུ་ཅག་གི་མི་མང་ཕྱེད་ཀས་ཟོལ་བཅོས་དང་བརྫུས་པའི་ངང་ནས་བསྡད་ཡོད།  གཅིག་བྱས་ན་དེ་ལྟར་མ་ཡིན་པར་སེམས་ནས་ཚོར་བ་གཅིག་པུ་ཡིན་སྲིད།

ཅཱགྷོའོས་(Chaguanes) དུ་ཡོད་པའི་ངའི་རྨོ་རྨོའི་ཁང་པ་ནི་མདུན་རྒྱབ་གཉིས་སུ་བགོས་ཡོད།  མདུན་ངོས་ས་སྦག་དང་འཇིམ་པས་བཟོས་ཤིང་ཚོན་དཀར་པོ་བྱུས་ཡོད། དེ་ནི་རྒྱ་གར་གྱི་ཁང་པ་ཞིག་དང་ཀུན་ནས་མཚུངས་པས།  ཐོག་ཁང་དེར་མདའ་གཡབ་ཆེན་པོ་ཞིག་ཡོད་པ་དང་དེའི་སྒང་ལ་མཆོད་ཁང་མཆིས། དེའི་ཀ་བ་ནི་མེ་ཏོག་པདྨའི་པ་ཏྲས་བརྒྱན་ཞིང་ཚོན་སྣས་སྤྲས་པས་ཧ་ཅང་མཛེས་ཉམས་དོད།  རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་སོགས་ཡིད་ལ་དྲན་མཁན་ཤ་སྟག་གིས་འབྲི་བཞེངས་བྱས་པའི་ཧིན་དིའི་ལྷ་ལྷ་མོའི་སྐུ་འདྲ་ཧ་ཅང་མང༌།  སྤྱིར་ཌརཱེ་ནཱེ་ཏ(Trinidad ) ནི་ཁང་དབྱིབས་བཟོ་རིགས་ཀྱི་སྒྱུ་རྩལ་གྱི་ཚད་གཞི་ཧ་ཅང་མཐོ་ས་ཞིག་ཡིན་པས།ཁང་བརྩིགས་ཐོག་མར་སྦྱར་བའི་རྟག་རྒྱབ་ན།  ཕ་རཱན་སིའི་ཅི་ལི་ལིའི་(caribbean style) དབྱིབས་ཅན་གྱི་ཤིང་ཁང་ཞིག་ཡོད།  ཁང་པ་དེ་གཉིས་ཀྱི་དཀྱིལ་ན་ཤིང་མཐའ་ལྕགས་ཀྱིས་ཤན་པའི་རྒྱ་སྒོ་ཆེན་པོ་ཞིག་ཡོད།  དེ་ནི་སྒེར་སྲུང་སྒོ་ཞིག་ཡིན།

ང་རང་བྱིས་པ་ཆུང་ཆུང་ཡིན་སྟབས།  ང་ལ་འཇིག་རྟེན་གཉིས་ཀྱི་དཀྱིལ་ན་སྡོད་པའི་ཚོར་སྣང་ཞིག་སྟེ།  ཤིང་མཐའ་ལྕགས་ཀྱིས་ཤན་པའི་རྒྱ་སྒོ་ནི་ཕྱི་ལོག་གི་འཇིག་རྟེན་དང་ཁྱིམ་མམ་ངའི་རྨོ་མོའི་ནང་ནི་ནང་ལོག་གི་འཇིག་རྟེན་གཉིས་ཀྱི་ས་མཚམས་སུ་སྣང༌།དེ་ཡང་རྨོ་མོའི་ནང་གི་འཇིག་རྟེན་ནི་རྩ་བརླག་ཏུ་ཕྱིན་ཟིན་པའི་མི་རིགས་ཀྱི་འདུ་ཤེས་ཡོད་པ་ཞིག་ཡིན།

ཌརཱེ་ནཱེ་ཏ(Trinidad) ལ་གསར་དུ་འབྱོར་བའི་ང་ཚོ་ཧ་ཅང་དབུལ་ཕོངས་དང་ཉམ་ཐག་གི་མང་ཚོགས་ཤིག་ཡིན། ལོགས་སུ་སྡོད་པ་ཡང་གནས་སྐབས་སྲུང་སྐྱོབ་ཀྱི་ཕྱིར་དུ་བསྡད་པ་ཡིན། གནས་སྐབས་ཙམ་རང་ཡིན།  དེ་ཡང་རྒྱ་གར་ཡུལ་སྲོལ་དང་ཁྲིམས་ལུགས། གྱོན་ཆས་སོགས་གཞི་ལ་བཞག་ཏེ་འཚོ་བཞིན་ཡོད། སྒེར་ཚུགས་ཧ་ཅང་ཆེ།  ང་ཚོས་རང་ཉིད་ཁོ་ནར་བལྟས་ཏེ་འཚོ་བ་ཕར་ནས་བསྐྱལ། ཕྱི་རོལ་གྱི་འཛམ་གླིང་ཅི་འདྲ་ཞིག་ཡིན་མིན་སུས་ཀྱང་སྐད་ཆ་དྲིས་མ་མྱོང་བས་ཚང་མར་ནག་འཐོམས་འཐོམས་ཡིན་པས།  སུ་ལ་ཡང་གོ་རྟོག་མེད།

ངེད་ཚང་གི་ཁྱིམ་མཚེས་ན་ཁ་ཆེའི་ཚོང་ཁང་ཆུང་ཆུང་ཞིག་ཡོད། ངའི་རྨོ་མོའི་ཚོང་ཁང་གི་མདུན་ནས་ལམ་ཕྲན་ཞིག་ཁོང་གི་ཚོང་ཚང་གི་ར་རྩར་ཐུག་ཡོད།  མི་དེའི་མིང་ལ་མཱན་(Mian) ཟེར་གྱི་ཡོད།  དེ་ནི་ང་ཚོས་ཁོང་དང་ཁོང་གི་ནང་མི་ཚོ་ངོ་ཤེས་སྟངས་ཤིག་རེད།  ངས་ཁོང་མཐོང་མྱོང་ལོས་ཡོད་སྙམ་འོན་ཀྱང་ད་ལྟ་ངའི་ཡིད་ལ་ཁོང་གི་གཟུགས་བརྙན་ཙམ་ཡང་མི་འདུག   ང་ཚོས་ཁ་ཆེ་ཞེས་པ་དེ་ག་འདྲ་ཞིག་ཡིན་མིན་མི་ཤེས།  ང་ཚོས་ཕྱི་རོལ་དུ་ཡ་མཚན་པའི་དོན་དག་ཉེར་ལུགས་ནི་ཧིན་དི་གཞན་གྱི་ནང་ལ་ཡང་དར་ཡོད།  དཔེར་ན། ང་ཚོས་ཉིན་གུང་འབྲས་བཟའ་བ་དང༌།  དགོང་མོ་གྲོ་བཟའ་བ།   གོ་གནས་ཡོད་པའི་མི་ཆེན་འགས་ཀྱང་རྒྱུན་ལྡན་ཟས་ཀྱི་གོ་རིམ་དཀྲུགས་ཏེ་དགོང་མོར་འབྲས་བཟའ་བས་མི་དེ་ཚོ་ངོ་མ་ཡ་མཚན་ཞིག་རེད་བསམ་མྱོང་ཡོད།   གྲོང་འཁྱེར་དུ་མ་སྤོས་བར་དུ་ང་རྨོ་རྨོའི་ཁྱིམ་ལ་བསྡད་པས་ཁྱེད་ཚོའི་སྣང་བརྙན་ལ་སྐབས་དེར་ང་ལོ་ན་བདུན་ཅན་གྱི་ཕྲུ་གུ་ཆུང་ཆུང་ཞིག་འཆར་ངེས།ཕར་འགྲོ་ཚུར་འོང་དང་ཡུལ་ངེས་མེད་དུ་འཁྱམ་ཉུལ་དུ་རྒྱུ་བའི་གོམས་གཤིས་ཤིག་གིས་དུས་ཚོད་གང་ཙམ་འདས་བྱུང༌།  གལ་ཏེ་ངའི་ཨ་ཕས་སྒྲུང་ཐུང་དེ་དག་བྲིས་མེད་ན་ད་སྐབས་ངས་རྒྱ་གར་སྤྱི་ཚོགས་ཀྱི་འཚོ་བ་དང་གནས་སྟངས་སོགས་ཀྱི་སྐོར་གང་ཡང་ཤེས་མི་སྲིད།  ཤེས་བྱ་གཞན་ལས་ཀྱང་སྒྲུང་དེ་ཚོས་ངར་ཕན་ཐོགས་ཤིང་བློ་བརྒྱ་བསྐྱེད་མྱོང་ཡོད།  ད་ལྟ་ང་འཛམ་གླིང་གི་མི་ཚོའི་མདུན་ནས་མགོ་ཡར་འགྱོག་ཐུབ་པ་ཡང་དེའི་བཀའ་དྲིན་ཁོ་ན་ཡིན།  གལ་སྲིད་དེ་ཚོ་མེད་པ་ཡིན་ན་ད་སྐབས་ང་ག་འདྲ་ཞིག་གྱུར་ཡོད་མེད་ནི་སྨྲ་མི་དགོས་པ་ཞིག་རེད།

ང་ཚོའི་སྤྱི་ཚོགས་ཆུང་ཆུང་ལས་ཕྱིའི་འཛམ་གླིང་དེ་ག་འདྲ་ཞིག་ཡིན་མིན་ནི་ནག་འཐོམས་འཐོམས་ཡིན།  འདི་འདྲ་དང་དེ་འདྲ་ཞིག་ཡིན་མིན་ང་ཚོ་སུས་ཀྱང་དྲིས་མྱོང་མེད། ཕྱིས་སུ་ང་གཉོམ་ལག་གང་ལ་གང་འཚམས་ཤིག་རྒྱས་དུས་གཞི་ནས་རྒྱ་གར་གྱི་སྒྲུང་སྟེ་ར་མ་ན་ཡ་ (Ramanaya) ཞེས་པ་ཞིག་ཡོད་པ་ཤེས་བྱུང༌། ངའི་རྗེས་སུ་བྱུང་བའི་ང་ལས་ལོ་བཞི་ལྔས་ཆུང་བའི་སྤུན་ཆུང་ཚོས་དེ་བས་ཀྱང་མི་ཤེས།  མི་སུས་ཀྱང་ང་ཚོར་ཧིན་དི་བསླབས་མྱོང་མེད།  མཚམས་རེར་མི་ཞིག་གིས་དབྱངས་གསལ་གྱི་ཡི་གེ་བྲིས་ཏེ་ང་ཚོར་སྦྱོངས་ཟེར་བ་ལས་ཚང་མ་ང་ཚོ་རང་ངོས་ནས་སྦྱོང་དགོས་རེད།  འདིར་དབྱིན་ཇི་འཛུལ་བ་ནས་བཟུང་ང་ཚོའི་སྐད་ཡིག་བརླག་འགོ་བཙུགས་པ་རེད། ངའི་རྨོ་མོའི་ཁང་པའི་ནང་ལ་ཆོ་ག་ཕྱག་ལེན་དང་ཁ་འདོན་དགེ་སྦྱོར་གྱིས་ཁེངས་ཡོད། ལ་ལ་ཞིག་ཉིན་གང་བོར་འདོན་དགོས། འོན་ཀྱང་འགྲེལ་བཤད་རྒྱག་མཁན་དང་ཡི་གེ་མི་ཤེས་མཁན་ཚོར་སྐད་བསྒྱུར་བྱེད་མཁན་གཅིག་ཀྱང་མེད།  དེ་ལྟར་ཕ་མེས་ཡང་མེས་ནས་བྱུང་བའི་ཡིད་ཆེས་དང་དད་པ་སོགས་དེ་རིམ་བཞིན་གྱིས་ཉམས་ཏེ་ལྐོག་གྱུར་དུ་སོང་བས་ད་ལྟ་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་བེད་སྤྱོད་མེད་པར་གྱུར་ཡོད།

སྐབས་ཤིག་ལ་ང་ཚོའི་བསམ་བློ་འགྱུར་བ་ཕྱིན་ཏེ་དེའི་སྐོར་ཤེས་འདོད་ཡོད་ན་ཡང་དེ་དུས་ཕྱིས་དྲགས་པ་རེད།  ང་ཚོས་ཤུལ་དུ་བསྐྱུར་བའི་རང་གི་རྒྱལ་ཁབ་སྟེ་རྒྱ་གར་དང་དེར་སྡོད་པའི་ནང་མིའི་སྐོར་ལ་སུས་ཀྱང་སྐད་ཆ་དྲིས་མྱོང་ཡོད་མ་རེད། ངས་རང་གི་ཨ་ཕའི་ཕྱོགས་ཀྱི་སྤུན་མཆེད་སུ་ཡང་མི་ཤེས།ལོ་གཉིས་ཀྱི་ཡ་སྔོན་ཞིག་ལ།ང་ལ་དགའ་མཁན་གྱི་བལ་བོ་འགས།  ཕྱི་ལོ་༡༨༧༢་ནས་ད་བར་བྱུང་བའི་གཞུང་འབྲེལ་གསར་ཤོག་སྟེ།  དབྱིན་གཞུང་གིས་རྒྱ་གར་གྱི་ཐོག་ལ་ལས་ཀ་བྱེད་སྟངས་དང༌།  ཧིན་དིའི་རིགས་དང་འབྲི་ཀློག་མི་ཤེས་མཁན་དང་རིགས་དམའ་བའི་སྐོར་གྱི་ཤོག་ལྷེ་དུ་མ་ཞིག་སྤྲད་སོང༌།  ད་ང་ལ་ཡོད་པ་ནི་བྷ་རཱ་ནཱ( Baranas) གྲོང་ཁྱེར་ནས་ཡིན་པའི་མི་ཚོས་ཁྱེར་ཡོང་བའི་མིང་ཐོ་ཙམ་ལས་གང་ཡང་མེད།

ངའི་རྨོ་མོའི་ཁང་པ་དང་རྒྱང་ཐག་རིང་སའི་འཛམ་གླིང་ཞིག་ནས།ང་ཚོས་ཉིན་དཀྱིལ་འབྲས་བཟའ་བ་དང་དགོང་མོར་གྲོ་བཟའ་བ།  གླིང་ཕྲན་དེ་ནི་ངོ་མ་རྟོགས་དཀའ་བ་ཞིག་ཡིན་ལ་མི་འབོར་ཡང་༤༠༠༠༠༠ ཙམ་ལས་མེད།  དེ་ལ་ཡོད་མཁན་ནི་ཨཕ་རི་ཀའི་མི་རིགས་དཀྱུས་མ་དང་ཤེས་ལྡན་གྱི་མི་རྣམས་ཏེ།ཉེན་རྟོག་པ་དང་དགེ་རྒན་སོགས་ཡིན།དེ་ཚོའི་གྲས་ནས་གཅིག་ནི་ང་ཅཱགྷོའོས་(Chaguanes ) ནས་གཞུང་གི་སློབ་གྲྭར་འགྲོ་བའི་སྐབས་ཀྱི་ངའི་ཐོག་མའི་དགེ་རྒན་དེ་ཡིན་པས།  ངས་ད་དུང་སྤྲོ་སྣང་གིས་བརྟས་པའི་ལོ་ཟླ་དེ་དག་དང་དགེ་རྒན་ཁོང་དྲན་ཡོང་གི  ང་ཚོ་མི་འགྱངས་བར་རྒྱལ་སར་ཕྱིན་ཏེ་སློབ་སྦྱོང་བྱ་དགོས་ལ་ལས་ཀ་ཡང་འཚོལ་དགོས།  མ་ཟད་ཕན་ཚུན་ངོས་མི་ཤེས་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་གཏན་འཇགས་ཀྱི་འཚོ་བ་སྐྱེལ་དགོས།  དེར་མི་རིགས་དཀར་པོ་སོགས་ཡོད་ལ་ཁོང་ཚོ་དབྱིན་ཇི་ནས་ཡོང་བ་མ་ཡིན་ཏེ།  སྐབས་ཤིག་ལ་ང་ཚོ་བཞིན་རྒྱ་མི་རིགས་དང་པོར་ཅུ་གྷལ(Portugese)ཚོ་ཡང་གནས་སྤོས་བྱས་པ་ཤ་སྟག་རེད་འདུག   ཁོང་ཚོ་ལས་ཁྱད་མཚར་བ་ཤ་མདོག་སྨུག་པོ་ཡི་མི་རྣམས་སྟེ་གླིང་ཕྲན་ཝྭནཱེ་ཛོའོ་ལཱ( Venezuela) ལས་ལོགས་སུ་མ་དགར་གོང་དང་སི་པཻཻན་གྱི་མངའ་འོག་ཏུ་མེད་པའི་སྐབས་ཀྱི་མི་ཚོར་སི་པཻེན་སྐད་ཀྱིས་ཕྭ་གྷོལ་( Pagnols)ཞེས་འབོད།  དེ་ལྟ་བུའི་ལོ་རྒྱུས་ཤིག་ནི་བྱིས་པ་ཞིག་གི་བློ་ཡིད་ལས་འདས་པ་ཞིག་རཻད།

ངས་ཁྱེད་ཚོར་ངའི་ལོ་རྒྱུས་སམ་རྒྱབ་ལྗོངས་བརྗོད་དུས་ངས་རང་གིས་ཕྱིས་སུ་རྙེད་པའི་འཆར་སྒོ་དང་བསམ་བློ་དེ་དེབ་ལས་བཏོན་ནས་དེར་གཞི་བཞག་ནས་འགྲེལ་དགོས།   ནར་མ་སོན་པའི་བྱིས་པ་ཆུང་ཆུང་ཞིག་ལ་མཚོན་ན་རང་གི་མིག་མདུན་དུ་ཡོད་པའི་རྨོ་མོའི་ཁྱིམ་གྱི་ཅ་དངོས་ལས་གཞན་གང་ཡང་ཤེས་ཀྱི་མེད། ང་ལྟ་བུའི་ཕྲུ་གུ་མང་པོ་ཞིག་དེ་བཞིན་གོ་རྟོགས་གང་ཡང་མེད་པར་ཐ་ན་རང་ཉིད་སུ་ཡིན་མིན་ཡང་ངོས་མ་ཟིན་པར་འཇིག་རྟེན་འདིར་སྐྱེས་ཡོད་སྙམ།  འོན་ཀྱང་ཕ་རཱན་སིའི་བྱིས་པ་ཚོས་ཤེས་བྱ་བསྒུགས་ནས་ཤེས་དགོས།  ཤེས་བྱ་ཆ་ཚང་ཁོང་ཚོའི་ཉེ་འགྲམ་ལ་ཡོད་ངེས་ཏེ།  རྒན་རབས་ཚོ་དང་མཉམ་དུ་གཏམ་གླེང་བྱེད་རྒྱུ་དང༌།  ཚགས་ཤོག་དང་རླུང་འཕྲིན་སོགས་ལས་ཤེས་རྟོགས་ཡོང་ངེས་ལ།  སློབ་གྲྭ་ནས་མི་རབས་དང་མི་རབས་ཀྱི་མཁས་པ་ཚོས་ཆེད་སྒྲིག་བྱས་པའི་བསླབ་དེབ་སོགས་ལས་ཕ་རཱན་སི་དང་ཕ་རཱན་སིའི་མི་རིགས་ཀྱི་སྐོར་ལ་གོ་རྟོགས་མི་དམན་པ་ཞིག་རག་གི་ཡོད་ཅེས་བརྗོད།

ང་ཌརཱེ་ནཱེ་ཏ(Trinidad) ལ་ཡོད་དུས། སློབ་གྲྭས་ང་ལ་གསལ་ཁ་གང་ཡང་བཏོན་མྱོང་མེད་པས་རྨོངས་ཞེན་གྱིས་ཁེངས་པའི་ཁོར་ཡུག་ཅིག་ལ་ཡོད་ཀྱང་རིག་པ་བཀྲ་བའི་སློབ་བུ་ཞིག་ཡིན།།  ཡོད་ཚད་དངོས་ཡོད་དང་འགྲོགས་ནས་ཡི་གེའི་སྦྱོར་ཐབས་སམ་བརྡ་ཡིག་སོགས་བློར་འཛིན་བྱས་ཏེ་སྦྱོང་དགོས་པས་ཐམས་ཅད་གསང་སྟབས་ཀྱི་རྫུས་ཤིག་ཏུ་སྣང༌། མ་ཟད་ང་ཚོའི་སློབ་ཚན་དེ་ཚོ་འཆར་གཞི་དང་ངན་གྲོས་ཀྱིས་བསྒྲིགས་པ་ཞིག་ཡིན་པར་ཡིད་མ་ཆེས། ང་ཚོས་སྦྱང་བཞིན་པའི་སློབ་ཚན་གང་ཞིག་ཡང་དག་པ་དང་ཚད་དང་ལྡན་པ་ཞིག་ལ་ངོས་འཛིན་བྱས། ཕྱོགས་གཞན་ཞིག་ནས་བརྗོད་ན།ང་རང་ལ་ཡང་ནོར་འཁྲུལ་མི་ཉུང་བ་ཞིག་མཆིས་སྣང༌། སྤྱི་ཚོགས་ཀྱི་གོ་རྟོགས་སྲབ་པའི་ང་ལྟ་བུར་མཚོན་ན། རང་ཉིད་དང་རྒྱང་ཐག་རིང་བའི་སྤྱི་ཚོགས་གཞན་ཞིག་ཏུ་འཛུལ་བའི་བསམ་བློ་འཁོར་དཀའ།  ང་དེབ་ལ་ཧ་ཅང་དགའ་ཡང་ཀློག་པར་ཁག་པོ་འདུག ཆེས་དགའ་སའི་རྩོམ་པ་པོ་ཨཱན་ཌ་སཱན( Andersen)དང་ཨ་སཱོབ( Aesop)།རྣམ་པའི་བརྩམས་ཆོས་ལ་དུས་མེད་དང་གནས་མེད། མ་ཕྱིར་མ་བཏོན་པ་བཅས་ཡིན། མཐའ་མཇུག་ང་འཛིན་གྲྭ་དྲུག་པར་སླེབས། དེ་ནི་སློབ་ཆེན་གྱི་འཛིན་རིམ་ཆེས་མཐོ་ཤོས་ཡིན། སྐབས་དེར་ང་ལ་ང་ཚོའི་རིག་གནས་ཀྱི་སྐོར་གྱི་བསླབ་དེབ་འགའ་རག་བྱུང་བ་དེ། ཕ་རཱན་སིའི་རྩོམ་པོ་མཱོ་ལཱེརུ(Moliere) དང་དམག་སྤྱི་སཱེ་རན་ནཱོ་དི་བྷེ་གྷར(Cyrano de Bergerac)གཉིས་ཀྱི་སྐོར་ཡིན་ཞིང༌།  དེ་བསླབ་གཞིར་བཞག་དགོས་པའི་རྒྱུ་མཚན་ནི་དེ་གཉིས་ལ་ལྷ་སྒྲུང་གི་ཁྱད་ཆོས་ལྡན་པས་ལོས་ཡིན་སྙམ།

ཕྱིས་སུ་རང་ཉིད་རྩོམ་པ་པོར་གྱུར་སྐབས་བྱིས་དུས་ཀྱི་མ་རིག་པའམ་མ་ཤེས་པ་དག་སྟེ། ས་དང་གདོད་མའི་ཡུལ་མི།འཛམ་གླིང་གསར་བ། མི་སེར་སྤེལ་ཡུལ། ལོ་རྒྱུས།  རྒྱ་གར།   ཁ་ཆེ་བའི་འཛམ་གླིང༌། དེ་དག་ང་དང་འབྲེལ་བ་ཡོད་ཅིང་ངའི་བརྗོད་གཞིར་གྱུར།  ཨཕ་རི་ཀ་དང་དབྱིན་ཡུལ་གཉིས་ནས་ངས་རྩོམ་བྲིས།  རྒྱུ་མཚན་དེ་དག་ལ་བརྟེན་ནས་ངས་རྒྱུན་དུ། ངའི་དེབ་དག་གཅིག་ལ་གཅིག་འབྲེལ་ཡིན་པ་དང་ང་ནི་དེ་ཚོ་ཕྱོགས་གཅིག་ཏུ་བསྡོམས་པའི་མཇུག་འབྲས་ཡིན་ཞེས་བརྗོད་ཟིན་པ་ཡིན།  དེ་ནི་ངས་ཅི་ཞིག་བརྗོད་འདོད་པ་དེ་ཡང་ཡིན། ངའི་རྒྱབ་ལྗོངས་དང་འབྱུང་རིམ་བཤད་ཡོང་དུས།  ངའི་ལས་ཀའི་ཐོན་ཁུངས་དང་སྐུལ་སློང་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་ལ་ཧ་ཅང་མགོ་རྙོག་ཅིག་ཀྱང་ཡིན།  ཁྱེད་ཀྱིས་རྗེས་སུ་ཅཱགྷོའོས་(Chaguanas ) ལྟ་བུའི་ཡུལ་གྲུ་དེ་ནི་ཧ་ཅང་སྟབས་བདེ་ཞིག་མཐོང་ཡང༌། ང་ལྟ་བུའི་རྩོམ་པ་བོ་ཞིག་ལ་མཚོན་ན་དེ་ནི་ཆེས་རྙོག་འཛིངས་ཅན་ཞིག་ཡིན་པ་ཡང་རྟོགས་ངེས་ཡིན། ལྷག་པར་དུ་ཆེས་ཐོག་མར་རང་ཉིད་རྩ་བ་ཉིད་ནས་འདྲིས་མྱོང་མེད་པའི་སྤྱི་ཚོགས་ཤིག་ནས་ཡི་གེའི་གཞུང་ལུགས་དག་སྦྱོང་སྐབས་ཚང་མ་ནོར་ནས་སྦྱངས་འདུག གཅིག་བྱས་ན་ཁྱེད་ཚོས་དེར་མཐུན་རྐྱེན་ཆ་ཚང་མཛོམས་པས་དཀའ་ཁག་གང་ཡང་མེད་པར་འགོ་བརྩམས་ཤིང་མདུན་སྐྱོད་བྱས་ལོས་ཡོད་སྙམ་སྲིད།   གོང་དུ་ངས་རང་ཉིད་ཀྱི་རྒྱབ་ལྗོངས་གི་ཤེས་བྱ་གང་བཤད་པ་དེ་དག་རྩོམ་བྲིས་པའི་འགྲོས་དང་བསྟུན་ནས་ཤེས་པ་རྐྱང་ཡིན། ངས་ལས་ཀའི་སྒྲོམ་གཞི་དེ་ཟླ་གཉིས་ཀྱི་སྔོན་ལ་གཞི་ནས་གསལ་བོ་གྱུར་ཡོད་ཅེས་བརྗོད་དུས་ཁྱེད་ཚོ་ཚང་མས་ངེས་པར་དུ་ཡིད་ཆེས་བྱ་དགོས། དེབ་རྙིང་པ་ཚོ་བཀླགས་ཡོང་དུས་ངས་དེའི་འབྲེལ་མཚམས་ཆ་ཚང་མཐོང་ཐུབ་ན་ཡང༌། ངས་ཅི་ཞིག་བྲིས་པ་དང་ཅི་ཞིག་བྱས་པ་དེ་གཞན་ལ་འགྲེལ་བཤད་རྒྱག་དགོས་པ་ནི་ཆེས་ཁག་ཤོས་དེ་རེད།

ངས་ང་རྩོམ་པ་པོ་སྤྱང་གྲུང་ལྡན་པ་ཞིག་ཡིན་ཞེས་བརྗོད་པ་ལྟར་ད་དུང་ཡང་དེ་བཞིན་ཡིན།རྩོམ་གྱི་མཇུག་སྒྲིལ་གྲབས་ཡོད་ན་ཡང་ང་ལ་་དམིགས་བསལ་གྱི་འཆར་གཞི་མེད།  ལམ་ལུགས་དང་སྒྲིག་གཞི་གང་ཡང་མེད། རིག་པའི་སྒོ་ནས་བསྒྲུབ་ཀྱི་ཡོད།  མི་ཚང་མར་སྤྲོ་བ་སྟེར་ཐུབ་པ་ཞིག་དང་ལས་སླ་བའི་དེབ་ཅིག་བསྐྲུན་རྒྱུ་དེ་ཡིན། ངས་རྩོམ་ཡིག་ག་འདྲ་ཞིག་བྲིས་ཀྱང༌།  རང་ཉིད་ཀྱི་རྣམ་དཔྱོད་དང་ཚོར་འདུ། སྒྱུ་རྩལ་དང་འཇོན་ཐང༌། མཐོང་རྒྱ་ཐོས་རྒྱ་སོགས་ཚང་མ་ཕྱོགས་གཅིག་ཏུ་སྦྲེལ་ཏེ་ད་གཟོད་དེབ་གཅིག་གི་རྗེས་སུ་གཅིག་ཅེས་རེས་མོས་ལྟར་བཏོན་པ་རེད། ངས་དེབ་ཅིག་ངེས་པར་དུ་འབྲི་དགོས་དོན་ནི། འདིར་ངས་ཤེས་འདོད་ཀྱི་ཤེས་བྱ་མཆིས་པའི་དེབ་གཅིག་ཀྱང་མི་འདུག་པས། ངས་རང་ཉིད་ཀྱི་འཇིག་རྟེན་ངོ་མ་དེ་ག་འདྲ་ཞིག་ཡིན་མིན་མཐོང་འདོད་དང་རྟོགས་འདཽད་ཀྱིས་དེ་ཚོ་བྲིས་པ་ཡིན།

ང་དབྱིན་ཇིའི་འགྲེམས་སྟོན་ཁང་དང་ས་ཆ་གཞན་དུ་ཕྱིན་ཏེ་ཡིག་ཆ་ཁག་ལ་དཔྱད་ནས་མི་སེར་སྤེལ་ཡུལ་གྱི་མི་ཚོའི་ཚོར་བ་ངོ་མ་དང་དེའི་ལོ་རྒྱུས་སོགས་འཚོལ་དུ་འགྲོ་དགོས་པ་དང༌།  འདིར་ང་ལ་ངའི་སྦོ་བོ་དང་རྨོ་མོ་ཡོང་སའི་རྒྱ་གར་གྱི་ཡུལ་དེ་ཡང་སྙིང་ག་འདྲ་ཞིག་ཡིན་མིན་སྐོར་བརྗོད་མཁན་གཅིག་ཀྱང་མ་བྱུང་སྟབས་ང་ངེས་པར་དུ་རྒྱ་གར་དུ་བསྐྱོད་དགོས་བྱུང༌།  དེར་བདག་ཉིེད་ཆེན་པོ་གྷན་དྷི་དང་པཎྜི་ཏ་ནེ་རོ་གཉིས་ཀྱིས་བརྩམས་གནང་བའི་གསུང་རྩོམ་ཁག་ཅིག་ཡོད་ཀྱང༌། ཡ་མཚན་ཞིག་ལ་གྷན་དྷི་མཆོག་ནས་ལྷོ་ཨཕ་རི་ཀ་ནས་མྱངས་བའི་མྱོང་ཚོར་རྐྱང་བྲིས་ཡོད་པས་དེས་ངར་བློ་བསྐྱེད་གང་འཚམས་སྟེར་རུང་ད་དུང་དེ་ཡི་འགྲིག་གི་མི་འདུག  དེར་དབྱིན་ཡུལ་ནས་ཚར་ལོང་བྱུང་བའི་རྒྱ་གར་བའི་རྩོམ་པ་བོ་འགའ་བྱུང་ཡོད་དེ། ཇོན་མཱ་ས་ཌར་(John Masters) ( ཕྱི་ལོ་༡༩༥༠ ནང་ལ་དབྱིན་ཇི་དང་རྒྱ་གར་གྱི་སྐོར་དེབ་སུམ་བཅུ་སོ་ལྔ་ཙམ་བྲིས་པས་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།) བརྩེ་དགའི་བརྩམས་སྒྲུང་འབྲི་མཁན་གྱི་བུད་མེད་རྩོམ་པ་བོ་ཡང་མང་པོ་བྱུང་ཡོད། སྐབས་དེ་དུས་ཀྱི་རྒྱ་གར་རྩོམ་པ་བོ་དག་གྲོང་སྡེའི་ཡུལ་མི་སྟེ་གྲལ་རིམ་པ་ཤ་སྟག་ཡིན་པས། ང་ཚོ་རྒྱ་གར་ནས་ཡོང་བ་མི་ཤེས།

རྒྱལ་ཁབ་གཞན་ཚོ། དཔེར་ན། ཨཕ་རི་ཀ་དང་ཨ་མི་རི་ཀ། ཁ་ཆེའི་རྒྱལ་ཁབ་སོགས་ལ་རང་གི་ལང་ཕྱོགས་གསལ་བོ་དང་བརྟན་པོ་ཡོད་དེ། རྒྱ་གར་བ་ཚོར་གནས་སྐབས་ཀྱི་འདོད་བློ་ཁེངས་ན་དེ་བས་ཚིམས་ནས་འདུག  ང་ལོ་ན་ཕྲ་བའི་སྐབས་ཤིག་ནས་རང་ཉིད་ཀྱི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་ལ་ཇི་ཞིག་བྱེད་དགོས་སོགས་ཀྱི་བསམ་བློ་འཁོར་མྱོང་ཡོད། མི་འགའ་རེས་ང་ལ་ཡི་གེ་བཏང་སྟེ་ཁྱེད་ཀྱིས་ཇར་མ་ནི་(Germany) ཡང་ན་རྒྱ་ནག་གི་སྐོར་འབྲི་ཐུབ་ན་ལེགས་ཚུལ་བརྗོད་ཀྱང༌། ས་ཆ་དེ་ཚོའི་སྐོར་ལ་སྔོན་ནས་བརྩམས་ཆོས་ཧ་ཅང་ལེགས་པོ་རྐྱང་ཡོད་སྟབས་ངས་འབྲི་དགོས་དོན་མི་འདུག

ངས་མིག་སྔའི་གཞན་གྱི་བརྗོད་བྱ་གྱུར་བའི་བརྩམས་ཆོས་དག་བཀླགས་ཏེ་དེ་ལ་བརྟེན་འདོད་ཡོད། ང་རང་ལོ་ན་ཆུང་པས་དེ་ཚོར་ནོར་འཁྲུལ་ཡོད་པ་གང་ཡང་མ་མཐོང༌། དེ་བས་ན་ངའི་ལས་ཀ་ཡར་རྒྱས་དང་གོང་འཕེལ་ཧ་ཅང་ཕྱིན་ཡོད། ང་ས་ཕྱོགས་མ་འདྲ་བ་མང་པོ་ཞིག་ལ་འགྲོ་སྲིད་ཀྱང༌། གཏམ་གླིང་གི་རྩལ་དང་ཤེས་བྱ། ཚོར་ཤེས་ཀྱི་ནུས་པ་སོགས་ཕྱོགས་ཡོངས་ནས་མཐུན་ཆ་དང་གྲིམ་ཤ་ལྡན།

ཐོག་མར་འགོ་འཛུགས་སྐབས་ངས་ཁ་ཕྱོགས་གང་གདམ་དགོས་མ་ཤེས་པས་དེབ་ཅིག་འབྲི་ཐུབ་ན་སྙམ། དེ་ཡང་གཙུག་ལག་སློབ་གྲྭ་ཆེན་མོ་ཡོད་སར་དབྱིན་ཡུལ་ནས་འབྲི་བར་བརྩམས་ཀྱང༌། ངའི་ཉམས་མྱོང་དང་ཤེས་ཚད་སོགས་ཕྱོགས་གང་ནས་ཀྱང་མི་འདང་བས།ད་དུང་དེབ་ཅིག་འདོན་པའི་དུས་ཚོད་མ་རེད་སེམས། ང་ལ་ཁུངས་གཏད་ཆོག་པའི་ལོ་རྒྱུས་དང་ཡིག་ཆ་གང་ཡང་མེད་པས་དེབ་ཅིག་བསྐྲུན་དགོས་ཟེར་ན་སྟོང་བསམ་རེད།  ཕ་རཱན་སི་དང་དབྱིན་ཇིའི་གཞོན་སྐྱེས་སུས་དེབ་ཅིག་འབྲི་འདོད་ན་ཁོ་ལ་མིག་དཔེ་བལྟ་ས་ཧ་ཅང་མང་བས་རང་ཉིད་ཀྱིས་དམིགས་པའི་ལམ་དེར་ཞུགས་ཐུབ་ངེས་རེད།  འོན་ཀྱང་ང་ལ་གང་ཡང་མེད། ངའི་ཨ་ཕས་བྲིས་པའི་རྒྱ་གར་སྤྱི་ཚོགས་གྱི་སྒྲུང་ནི་གནའ་བོའི་མི་ཚོར་དབང་བ་ཞིག་རེད།ངའི་འཛམ་གླིང་ནི་ཁ་ཁ་ཞིག་རེད། དེ་ནི་གྲོང་ཁྱེར་དང་འདྲེས་མ་ཞིག་ཡིན། ཕྱི་ཚུལ་ནས་བལྟས་ན་འུར་ཟིང་ཆེ་བའི་ང་ཚོའི་ཁྱིམ་ཚང་ནི།  ཉལ་ཁང་དང་ཉལ་ས། ཟ་མ་བཟའ་བའི་དུས་ཚོད་དང་ནང་མི་ཚོ་གླགས་ཁེལ་བ་ཞིག་མིན་མོད།ངའི་ནང་མིས་མི་ཚེ་སྐྱེལ་སྟངས་དང་ཕྱི་ཡི་འཇིག་རྟེན་གཉིས་ཀྱི་སྐོར་ལ་འགྲེལ་བཤད་རྒྱག་རྒྱུ་ཧ་ཅང་མང༌། མ་ཟད་ང་ཚོའི་མེས་པོ་ཚོ་དང་ལོ་རྒྱུས་སོགས་ཀྱི་སྐོར་ལ་བཤད་རྒྱུ་མང་ན་ཡང་ངས་དེ་ཚོ་མི་ཤེས།

ཉིན་གཅིག་ཅཱགྷོའོས་(Chaguanas ) ནས་གནས་སྤོ་བྱེད་སའི་སི་པན་(Spain)གྱི་གནམ་ཐང་གི་ལམ་ཟུར་ཞིག་ནས་ངའི་བསམ་བློའི་ནང་ལ་ད་ངས་འགོ་ཞིག་མ་བཙུགས་ན་མི་འགྲིག་པའི་ཚོར་སྣང་ཞིག་སླེབས་བྱུང༌།གནས་དེ་ལ་ལྕགས་ཤན་རྒྱ་སྒོ་ཡིས་ཕྱིའི་འཛམ་གླིང་བསྒྲིབས་མི་འདུག་ལ། ཁྲོམ་གཞུང་གི་འཚོ་བ་ནི་ང་རང་གི་འདོད་མོས་ལྟར་ཡིན། དེ་ནི་ངའི་བདེ་སྐྱིད་ངོ་མ་དེ་ཡིན་ལ་ངས་ཆེས་ཐོག་མའི་རྩོམ་ཡིག་འབྲི་ས་ཡང་ཡིན།  ངས་རང་ཉིད་ལ་དྲི་བ་འདོན་རྒྱུ་མཚམས་བཞག་སྟེ་གང་མགྱོགས་ཀྱིས་འབྲི་ན་འདོད།  ངས་ཕྲུ་གུ་ཚོའི་སྒྲུང་གི་རྒྱབ་ལྗོངས་ལ་རིགས་རྒྱུད་དང་སྤྱི་ཚོགས་དབྱེ་འབྱེད་སོགས་ཀྱི་སྐོར་རྩ་བ་ནས་གླེང་མེད་ལ་དམིགས་བསལ་གྱིས་འགྲེལ་བརྗོད་ཀྱང་གང་ཡང་བྱས་མེད། ང་དམའ་སར་བསྡད་དེ་མི་མང་དཀྱུས་མ་ཁོ་ནའི་ཚབ་བྱས་ནས་སྐད་ཆ་བཤད་པ་ཡིན། ཉི་མ་རེར་སྒྲུང་ཐུང་རེ་བརྩམས་ཤིང༌། ངས་དུས་ཡུན་རིང་པོར་རྩོམ་སྒྲིག་རྒྱུ་ཆས་མི་འདང་བར་དོགས་ནས་སྒྲུང་ཐུང་སྔོན་མ་དག་ཧ་ཅང་ཐུང་ཐུང་རེ་བྲིས་པ་ཡིན།  འོན་ཀྱང་རིམ་བཞིན་རྩོམ་འབྲི་རྒྱུ་ནི་མིག་འཕྲུལ་ལྟ་བུར་གྱུར། རྩོམ་སྒྲིག་རྒྱུ་ཆ་ནི་བརྩམས་ཆོས་རང་ངོས་ནས་རང་འགྲུབ་བྱས་ཤིང༌། སྔོན་གྱི་སྒྲུང་ཐུང་དེ་རིང་དུ་ཕྱིས་པས་སྒྲུང་རེ་ཉིན་གཅིག་གི་ནང་ལ་འབྲི་མི་ཐུབ། དེས་ང་ལ་སེམས་འགུལ་ཤུགས་ཆེན་ཐེབས་ནས་གོམ་པ་དང་པོ་དེ་ལས་སླ་བའི་ངང་ནས་སྤོས་ཏེ་མཇུག་བསྐྱངས་ཐུབ་པ་བྱུང་རུང༌། རང་ཉིད་རྩོམ་པ་བོ་ཞིག་ཡིན་པའི་བསམ་བློ་དེ་དེབ་ཅིག་བརྩམས་ཟིན་པ་དང་གཞི་ནས་འཁོར་བྱུང༌།

དེབ་མཐའ་མ་གཉིས་ཀྱིས་རྩོམ་པ་བོ་དང་ཁོའི་རྩོམ་སྒྲིག་རྒྱུ་ཆ་གཉིས་ཀྱི་དབར་ལ་ཧེ་བག་ཕྱེས་ཤིང་མཐོང་རྒྱ་ཆེ་རུ་ཕྱིན། དེ་ནས་རང་གི་ལྷན་སྐྱེས་ཀྱི་རིག་སྟོབས་ལ་བརྟེན་ནས་ཁྱིམ་ཚང་གི་སྐོར་གྱི་དེབ་ཆེན་པོ་ཞིག་བརྩམས། དེ་འབྲི་བཞིན་པའི་སྐབས་སུ་ངའི་རྩོམ་འབྲི་བའི་འདུན་པ་ཤུགས་ཆེ་རུ་ཕྱིན། ངས་དེ་བརྩམས་ཚར་བ་དང་བསམ་བློ་ཅི་ཙམ་བཏང་ཡང་རྩོམ་གྱི་རྒྱུ་ཆ་ཡོངས་རྫོགས་གླིང་ཕྲན་དེ་ལས་བསྒྲུགས་པ་ཉག་གཅིག་རེད་འདུག

སྟེས་དབང་ཞིག་གིས་ང་རང་བསུན་གཙེར་གྱི་འཁོར་ཡུག་ལས་བསྒྲལ་ཏེ་འགྲུལ་སྐྱོད་པར་གྱུར།དེ་ནས་ང་ཀཱ་རཱི་བྷེན(Caribbean) ས་གནས་སུ་ཕྱིན་ཏེ་ངའི་མི་ཚེའི་ཆ་ཤས་སུ་གྱུར་བའི་མི་སེར་སྤེལ་ཡུལ་གྱི་གནས་སྟངས་ཞིབ་ཅིང་གསལ་བ་ཤེས་བྱུང༌།དེའི་རྗེས་སུ་ངའི་མེས་པོ་ཚོའི་ཕ་ཡུལ་རྒྱ་གར་ལ་ཕྱིན་ནས་དེར་ལོ་གཅིག་ཙམ་ལ་བསྡད་པ་ཡིན། འགྲུལ་བཞུད་དེས་ངའི་མི་ཚེ་ཁག་གཉིས་སུ་བགོས་བྱུང༌། འགྲུལ་བཞུད་དེ་གཉིས་ཀྱི་སྐོར་ལ་བྲིས་པའི་དེབ་ཚོས་ང་རྒྱལ་ཁམས་གཞན་ཞིག་ཏུ་ཁྲིད་སོང་བས།  འདུ་ཤེས་གསར་བ་དང་སྔོན་ཆད་བློ་ཡུལ་ལ་ཡང་དྲན་མ་མྱོང་བའི་གོ་རྟོགས་གསར་པ་རྙེད་བྱུང༌། དེ་ནས་ངས་རྟོག་སྒྲུང་བྲིས་ཡིན།  དབྱིན་ཡུལ་དང་ཀཱ་རཱི་བྷེན(Caribbean)གྱི་སྐོར་ལ་འབྲི་རྒྱུ་ལས་སླ་བོ་ཞིག་གཏན་ནས་མིན་ཡང་བྲིས་པ་མ་ཟད་ངས་སྔོན་ཆད་འབྲི་མ་ཐུབ་པའི་གླིང་ཕྲན་གྱི་མི་རིགས་ཚོའི་སྐོར་ཡང་བྲིས་ཐུབ་བྱུང༌།

རྟོག་སྒྲུང་གསར་བ་འདི་ནི་མི་སེར་སྤེལ་ཡུལ་གྱི་ངོ་ཚ་དང་འཆར་སྣང་གི་སྐོར་ཡིན། དངོས་གནས་བརྗོད་ན།  སྟོབས་མེད་ནུས་མེད་ཀྱི་མི་ཚོར་རང་ཉིད་ལས་གཞན་སྐྱབས་ཡུལ་དང་བརྟེན་ས་མེད་སྟབས་ཁོང་ཚོ་ནང་ཁུལ་གཅིག་ལ་གཅིག་བརྟེན་གྱི་གནས་པའི་སྐོར་གྱི་དེབ་ཅིག་ཡིན་ཞིང་དེའི་མིང་ལ། ལད་ཟློས་ཀྱི་མི་ཚོ(Mimic Men) བཏགས་ཡོད་ཀྱང༌།  དེ་ནི་ལད་ཟློས་ཀྱི་མི་ཚོའི་སྐོར་མ་ཡིན་པར་མི་སེར་སྤེལ་ཡུལ་གྱི་མི་ཚོས་རང་ཉིད་ལ་ཡིད་ཆེས་མི་བྱེད་པར་གཞན་ལ་ལད་ཟློས་རྐྱང་བྱས་ཏེ་འཚར་ལོངས་བྱུང་མཁན་གྱི་སྐོར་ཡིན། ངས་ལོ་སུམ་བཅུ་ལྷག་ལ་དེབ་དེར་བལྟས་མེད། ཕྱིས་སུ་དེ་ལས་ཤོག་ལྷེ་འགའ་ཤས་གཞན་གྱིས་ངར་བཀླགས་བྱུང༌།  སྐབས་དེར་ངས་མི་སེར་སྤེལ་ཡུལ་གྱི་སེམས་ཁམས་འཆོལ་བའི་ནད་ཀྱི་སྐོར་བྲིས་འདུག་སྙམ།  ཡིན་ཡང་ང་ལ་དེ་འདྲའི་བསམ་བློ་ཡོད་མྱོང་མེད།  དེབ་དེ་དག་རང་ཉིད་ཀྱི་རྣམ་དཔྱོད་དང་རིག་པ་སྤྱད་དེ་བྲིས་པ་ལས་གསང་སྟབས་ཀྱི་མིང་ཚིག་བེད་སྤྱོད་བཏང་སྟེ་རང་གི་བརྩམས་ཆོས་གང་ཡང་བཀྲལ་མ་མྱོང༌། གལ་ཏེ་བྱས་ཡོད་ན་ངས་དེབ་གཅིག་ཀྱང་འབྲི་ཐུབ་མེད་སྲིད།

ངས་རང་གི་སྔོན་ཆད་བསྒྲུབས་པའི་བྱ་གཞག་ལ་དཔྱད་ཞིབ་ཅུང་ཙམ་བྱས་ན། དགོད་བྲོ་བའི་འཁྱམས་པོའི་མི་ཚེའི་བརྒྱུད་རིམ་ནས་གོ་སླ་བའི་མི་སེར་སྤེལ་ཡུལ་གྱི་སྐོར་ལ་དཔྱད་པ་སྟེ་ཚང་མས་གོ་དཀའ་བར་གྱུར་འདུག་པ་ཚོ་བརྒྱུད་ནས་འདས་པའི་ལོ་བཅུའི་རིང་ལ་ངའི་སྐྱེས་ཡུལ་ལ་འགྱུར་བ་ཧ་ཅང་ཆེན་ཐེབས་པ་རྟོགས་ཐུབ།

རྟོག་སྒྲུང་དང་འགྲུལ་བཞུད་གཉིས་ཀྱིས་ང་ལ་མཐོང་རྒྱ་བསྐྱེད་སོང༌། འབྲི་རྩོམ་གྱི་ཁ་ཕྱོགས་གང་འདྲ་ཞིག་ཡིན་རུང་ང་ལ་གཅིག་མཚུངས་ཀྱིས་གལ་ཆེན་པོ་ཡིན་པ་ཁྱེད་ཚོས་ཤེས་སམ། དཔེར་ན་ངའི་དེབ་དང་པོ་བཏོན་ནས་ལོ་ཉེར་དྲུག་ཕྱིན་པའི་རྗེས་སུ་དེབ་གསུམ་པ་སྟེ་རྒྱ་གར་གྱི་སྐོར་འབྲི་འགོ་བརྩམས་སྐབས།  འགྲུལ་བཞུད་པའི་དེབ་ཀྱི་ནང་ལ་ཆེས་གལ་ཆེ་བ་ནི་རྩོམ་པོ་འགྲོ་ཡུལ་གྱི་མི་ཚོ་ཡིན། ཁོང་ཚོས་རང་ཉིད་འགྲེལ་བརྗོད་བྱེད་པར།  འགྲུལ་བཞུད་གསར་ཞེས་པའི་དེབ་དེ་ཡོད་ན་ད་གཟོད་སྟབས་བདེ་ཞིང་གོ་སླ་བའི་ངང་ནས་བྱེད་ཐུབ། ཐབས་ལམ་དེ་ནི་ཐེངས་གཉིས་པར་ང་ཁ་ཆེའི་རྒྱལ་ཁབ་ལ་ཕྱིན་པའི་སྐབས་སུ་བཏང་བའི་ཐབས་ཇུས་ཤིག་ཡིན།

ང་ནི་རང་ཉིད་ཀྱི་རིག་སྟོབས་ཁོ་ནར་བརྟེན་ནས་མདུན་སྐྱོད་བྱས་པ་ཞིག་ཡིན། ང་ལ་ཆབ་སྲིད་ཀྱི་ལྟ་བ་དང་ལང་ཕྱོགས། རྩོམ་འབྲི་རྒྱུར་དམིགས་བསལ་གྱི་སྒྲོམ་གཞི་དང་སྒྲིག་འཛུགས་གང་ཡང་མེད། དེ་ནི་ཕལ་ཆེར་ངའི་མི་རབས་ནས་འཇགས་པའི་གཤིས་ཀ་ཞིག་རེད་སྙམ། རྩོམ་པ་བོ་ཨར་ཀཱ་ནཱ་ཡཱན( R K Narayan)ཁོང་ལོ་འདིར་གྲོངས་ཤིང་ཁོང་ལ་ཡང་ཆབ་སྲིད་ཀྱི་ལྟ་བ་གང་ཡང་མི་འདུག  དེ་བཞིན་ངའི་ཨ་ཕར་ཡང་དམིགས་བསལ་གྱི་ཆབ་སྲིད་ཀྱི་ལྟ་བ་མེད་ཅིང། དུས་སྐབས་ཧ་ཅང་ཐབས་སྡུག་ཅིག་ལ་བྱས་འབྲས་སོགས་ལ་མ་བལྟོས་པར་རྩོམ་ཐུང་མང་པོ་བྲིས་འདུག གཅིག་བྱས་ན་དུས་རབས་མང་པོ་ཞིག་ལ་ཁོང་ཚོ་གོ་ས་དང་དབང་ཐོབ་དང་བར་ཐག་རིང་སོང་བས་ཡིན། གང་ལྟར་དེས་ང་ཚོར་དམིགས་བསལ་གྱི་མཐོང་ཚུལ་ཞིག་སྤྲད་ཅིང༌། ངས་བལྟས་ན་ང་ཚོས་ད་དུང་དངོས་པོའི་མཚར་ཆོས་དང་ཡ་ངའི་ཁྱད་ཆོས་སོགས་ཤེས་འདོད་ལོས་ཡོད་སྙམ།

ལོ་སུམ་བཅུའི་ཡ་སྔོན་ཏེ་ཇག་དམག་གི་དཀའ་ངལ་ཡོད་པའི་སྐབས་ཤིག་ལ་ཨར་ཅཱན་ཌི་ནཱར་(Argentina)ཕྱིན་པ་ཡིན། མི་མང་གིས་སྔོན་གྱི་སྲིད་དབང་སྒེར་འཛིན་པ་ཕྭ་རཱོན་(Peron) བཙན་བྱོལ་ནས་ཕྱིར་འོང་བར་རེ་སྒུག་བྱཻད་གྱིན་ཡོད། རྒྱལ་ཁབ་དེ་འཁོན་འཛིན་གྱིས་ཁེངས་ཤིང་སྒེར་གཅོད་རིང་ལུགས་པས་ཁོང་ཚོའི་ལམ་ལུགས་ལག་བསྟར་བྱ་བར་རེ་ནས་བསྡད། མི་ཞིག་གིས་བརྗོད་པ་ལྟར་ན། དེར་ལེགས་པའི་མནར་གཅོད་ཅིག་དང་སྡུག་པའི་མནར་གཅོད་དེ་མནར་གཅོད་རྣམ་པ་གཉིས་ཡོད་ཅིང༌།  ལེགས་པའི་མནར་གཅོད་ནི་ཁྱེད་ཀྱིས་རང་གི་དགྲ་བོར་ཕར་ཅི་བྱས་པ་དེ་ཡིན་ལ། སྡུག་པའི་མནར་གཅོད་ནི་ཁྱེད་ཀྱི་དགྲ་བོས་ཚུར་ཁྱེད་ལ་ཅི་བྱས་པ་དེ་ཡིན།  ཡང་མི་ལ་ལས་འཇིག་རྟེན་འདི་ན་དོན་དངོས་ཀྱི་བགྲོ་གླེང་བྱེད་རྒྱུ་ཞིག་མེད་ཅིང༌། “འདི་ལ་གང་ཡོད་པ་དེ་ནི་ཆེ་དྲགས་པའི་སེམས་ཚོར་དང་རྟོག་བཟོའི་ཡུ་རོབ་ལུགས་ཀྱི་ཆབ་སྲིད་ཅིག་ལས་གང་ཡང་མེད། རྟོག་བཟོའི་གླིང་གཞི་གྱུར་ཞིང་སྤྱི་མཚན་གྱི་ལྟ་བ་ཆགས་པས།  མཐར་རྟོག་བཟོས་འགོ་བརྩམས་ཤིང་རྟོག་བཟོས་ཕན་ཚུན་བསྡུར་ཏེ་མཇུག་སྒྲིལ། མི་ཚོར་རྩོད་གཞི་གང་ཡང་མེད་ཀྱང་ཕན་ཚུན་དགྲ་ཟླ་གྱུར་”ཞེས་བྲིས་ཡིན། ཨར་ཅཱན་ཌི་ནཱར་(Argentina)གྱིས་ད་དུང་ཚོར་ཤུགས་ཀྱི་དབང་འོག་ཏུ་ཕྱིན་ཏེ་བྱ་བ་སྒྲུབ་ཀྱིན་པ་མ་ཟད་བདེན་པ་ཁྱད་དུ་བསད་ནས་རང་ཉིད་ཀྱི་མི་ཚེ་ཆུད་ཟོས་སུ་གཏོང་གིན་འདུག

ད་ང་བྱ་བ་སྒྲུབ་པའི་མཐར་མཇུག་ལ་བསླེབ་གྲབས་ཡོད།  ངས་རང་གིས་རང་ལ་སྐུལ་སློང་གྲངས་མེད་བྱས་ཏེ་མཐར་སྒྲུབ་དགོས་པ་དག་བསྒྲུབས་ཐུབ་སོང་བས་སྤྲོ་བས་བརྟས། ངས་དེ་སྤྱང་གྲུང་ལྡན་པའི་སྒོ་ནས་བྲིས་པ་དང་རྩོམ་འབྲྀའི་ཆ་རྐྱེན་གྱིས་འགལ་རྐྱེན་མང་པོ་བཟོས་པའི་ཁྲོད་ནས་དེབ་ཆ་ཚང་བྱིན་རླབས་དང་འདྲ་བར་ཐོན་ཡོད།  འབྲི་བཞིན་པའི་སྐབས་སུ་དེ་ལ་དོན་སྙིང་དེ་འདྲ་ཞིག་ཡོད་པ་མ་ཤེས་ཀྱང་མཐར་དེབ་རེ་རེས་ང་རང་ཡ་མཚན་བཅུག་སོང༌།ཆེས་ཡ་མཚན་ཆེ་ཤོས་དེ་ནི་འགོ་བརྩམས་ཐུབ་པ་དེ་ཡིན། འགོ་མ་བརྩམས་སྔོན་ནས་ལས་དོན་ཤོར་འགྲོ་སྙམ་པའི་སེམས་ཁྲལ་ཤུགས་དྲག་བྱས་པ་དེ་ད་དུང་སེམས་ལ་གསལ་ལེ་འདུག

ངས་འགོ་ཇི་ལྟར་བརྩམས་པ་བཞིན་མཇུག་སྒྲིལ་བ་དང་ལྷན་དུ་རྩོམ་པ་བོ་ ཕཱོརོ་སཱུཊProust) བརྩམས་པའིསཱཎ་ཊ་བྷེབེ་ལ་བརྒོལ་བ( Against Saint -Beuve) ནང་གི་རྩོམ་ཞིག་གི་ཁ་བྱང་སྣང་བ་འགྲོ་བོ་ཞིག་སྟེ། “གལ་ཏེ་ང་ཚོར་རིག་རྩལ་ཡོད་ན་ཐམས་ཅད་གཟི་བྱིན་ལྡན་པ་རེ་བྲི་ཆོག”ཞེས་པ་དང༌།  ཁོང་གིས་ད་དུང༌།”ང་ཚོ་ཚང་མ་ལ་ཐུན་མོང་མ་ཡིན་པའི་འཆར་སྣང་རེ་དང་རིག་རྩལ་རེ་ཡོད་ཅིང་དེ་ནི་རོལ་དབྱངས་བཞིན་ཡང་ནས་ཡང་དུ་མ་ཉན་ན་བརྗེད་འགྲོ་བ་ལྟར་ང་ཚོས་རང་གི་རིག་རྩལ་དང་འཆར་སྣང་ཡང་དྲན་གསོ་དང་སྦྱོང་བརྡར་མ་བྱས་ན་དེ་སྐད་ཅིག་གིས་ཡལ་འགྲོ་བས་ན།མི་ལ་ལས་རང་གི་རྒྱུད་ལ་རང་བཞིན་གྱིས་མངའ་བའི་ནུས་པ་མི་ཤེས།  རིག་རྩལ་ནི་འཆར་སྣང་གི་ཆ་ཤས་ཤིག་ཡིན་པས་དེ་གཉིས་མཉམ་རུབ་ཀྱིས་མཐར་རང་གི་ཁྱད་ཆོས་མངོན་ཐུབ་”ཅེས་གསུངས་ཡོད།།

རྔ་བཟའ་བདེ་པོ་འཚོས་བསྒྱུར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།