མང་གཙོའི་འཕེལ་རིམ། (སྲིད་འཛིན་ནཱེ་རཱོ།)

ཐེངས་སྔོན་མའི་འཕྲིན་ཡིག་ཏུ་ངས་ཁྱོད་ལ་དུས་རབས 19 པའི་རང་བྱུང་ཚན་རིག་གི་འཕེལ་རྒྱས་ལ་འཁྱུག་ཙམ་དཔྱད་པའི་ལྟ་ཚུལ་འགའ་བསྙད་པར་འབད་པ་ཡིན། ད་ནི་ངེད་གཉིས་ཀྱིས་ཕྱོགས་གཞན་ཞིག་ནས་དུས་རིམ་འདིའི་མང་གཙོའི་བསམ་བློ་འཕེལ་རིམ་ཐད་དཔྱོད་པར་བྱའོ།།

ཁྱོད་ཀྱིས་དེ་སྔོན་ངས་ཁྱེད་ལ་དུས་རབས་བཅོ་བརྒྱད་པའི་ཧྥ་རན་སིའི་བསམ་བློའི་དམག་འཁྲུག་སྐོར་བརྗོད་པ་དྲན་ངེས། དུས་རིམ་དེའི་རླབས་ཆེ་བའི་བསམ་བློ་བ་དང་རྩོམ་མཁན་བོལ་ཐིར (Voltaire 1694~778) གཙོས་བསམ་བློ་མཁན་ཆེན་གཞན་འགའ་ཞིག་གིས་ཆོས་ལུགས་རྙིང་མའི་འདུ་ཤེས་དང་སྤྱི་ཚོགས་ཧྲིལ་བོར་གདོང་གཏད་དེ་དཔའ་མཛངས་རྟུལ་ཕོད་ཀྱིས་རིག་པའི་གཞུང་ལུགས་གསར་བ་དར་སྤེལ་བཏང་ཞིང༌། སྐབས་དེའི་ཧྥ་རན་སིར་མཚོན་ན། དེ་ལྟའི་ཆབ་སྲིད་བསམ་བློར་ཚབས་ཆེ་བའི་བཀག་རྒྱ་འཐེབས་ཡོད།  

འཇར་མན་གྱི་མཚན་ཉིད་སྨྲ་བ་ཚོས་གཞལ་དཀའ་བའི་མཚན་ཉིད་རིག་པའི་དོགས་སློང་ཐད་རང་ཉིད་རང་ལ་སྤྲོ་བས་བརྟས་ཤིང༌། དབྱིན་ཡུལ་ནང་ཚོང་ཟོང་གོང་འཕེལ་དུ་ཕྱིན་པ་དང་ཆབས་ཅིག། ཡུལ་དུས་ཀྱི་དབང་གིས་མ་གཏོགས་མི་ཕལ་ཆེ་བ་བསམ་གཞིག་བགྱི་བར་བྲོད་པ་དེ་ཙམ་མེད་མོད། ཅི་སྟེ་དུས་རབས 19 པའི་དུས་དཀྱིལ་ལ་བསླེབས་ཙ་ན། དབྱིན་ཡུལ་དུ་ཡིད་འཇོག་རི་བའི་བརྩམས་ཆོས་ཤིག་སྐྱེ་དགུ་ཡོངས་ཀྱི་འདྲེན་བྱེད་ཡུལ་དུ་མངོན་པར་གྱུར།

དེ་ནི་དབྱིན་ཇིའི་མཚན་ཉིད་སྨྲ་བ་དང་དཔལ་འབྱོར་རིག་པ་མཁན་ཨ་དྷམ.སི་མེ་ཐི (Adam Smith 1723–90)ཡིས་མཛད་པའི “རྒྱལ་ཁབ་ཀྱི་འབྱོར་ཕྱུག” (Wealth of Nations) ཅེས་པའི་གསུང་རྩོམ་དེ་རེད། དེ་ཡང་ཆབ་སྲིད་དཔལ་འབྱོར་རམ། དཔལ་འབྱོར་རིག་པའི་རྩོམ་དེབ་ཅིག་ཡིན་གྱི། ཆབ་སྲིད་རྐྱང་བའི་བརྩམས་ཆོས་ཤིག་ལར་ནས་མ་ཡིན།

མཛད་རྩོམ་དེའི་བརྗོད་གཞི ༼སྐབས་དེའི་བརྩམ་བྱ་གཞན་དག་དང་འདྲ་བར༽ ནི་མིའི་ཀུན་སྤྱོད་རྣམ་གཞག་དང་ཆོས་ལུགས་གཉིས་ཟུང་དུ་སྦྲེལ་བ་ཞིག་ཡིན་སྟབས། དེ་ལ་མགོ་ཉོག་དྲན་འཁྲུལ་གྱི་ཆ་ཡང་མང་དུ་སྣང་ངོ༌།།

བརྩམས་ཆོས་དེའི་ནང་ཨ་དྷམ.སི་མེ་ཐིས་ཚན་རིག་གི་ཐབས་ལ་བརྟེན་ནས་ཀུན་སྤྱོད་རིག་པའི་སྣེ་མང་རྙོག་འཛིང་གི་ཆ་ཡོངས་ལ་སུན་འབྱིན་དང་དཔལ་འབྱོར་རིག་པར་དབང་སྒྱུར་ཐེབས་པའི “རང་བྱུང་གི་ཆོས་ཉིད” (natural laws) ཅིག་རྟོགས་པའི་བརྩོན་པ་ཧུར་བླངས་འདུག།

ཕལ་ཆེར་ཁྱེད་རང་གིས་ཀྱང་ཤེས་གསལ་ལྟར། སྤྱིར་ན་དཔལ་འབྱོར་རིག་པས་མི་མང་ངམ་རྒྱལ་ཁབ་ཅིག་གི་འགྲོ་བགྲོན་ཡོང་འབབ། ཐོན་སྐྱེད་འཛད་སྤྱོད། ད་དུང་རྒྱལ་ཁབ་གཞན་དང་མི་རིགས་གཞན་དབར་གྱི་མཛའ་འབྲེལ་བཅས་སུ་འདུ་འགོད་དོ་དམ་དང་སྙོམས་སྒྲིག་གནང་གི་ཡོད། ཨ་དྷམ.སི་མེ་ཐིའི་བསམ་པར། ཆེས་རྙོག་འཛིང་ཅན་གྱི་བྱེད་ལས་འདི་རིགས་ནི་གཏན་ལ་འབེབས་པའི “རང་བྱུང་གི་ཆོས་ཉིད” ༼ཁོའི་གསུང་རྩོམ་ཁྲོད་དུའང་དེ་ལྟ་བཀོད་ཡོད༽ ལས་བྱུང་བར་འདོད་ཅིང༌། ཁོས་ད་དུང་བཟོ་ལས་ཅན་འཕེལ་རྒྱས་སུ་གཏོང་བར་རང་དབང་ཆ་ཚང་ཞིག་འཐོབ་དགོས་པར་སྙམ། དེ་ལྟ་བྱས་ཚེ་ད་གཟོད་རང་བྱུང་ཆོས་ཉིད་ཀྱིས་དཔལ་འབྱོར་རིག་པར་ཐེ་གཏོགས་བགྱི་མི་སྲིད་པར་ཡིད་ཆེས། ལྟ་ཚུལ་འདི་ནི་དེ་སྔོན་ངས་ཁྱོད་ལ་གླེང་ཟིན་པའི “ཉོ་ཚོང་རང་མོས་སྲིད་ཇུས (laissez-fair)ནས་འགོ་ཚུགས་པ་ཞིག་རེད། ཨ་དྷམ.སི་མེ་ཐིའི་གསུང་རྩོམ་དེ་ནི་ཧྥ་རན་སིའི་ནང་ལང་ཚོའི་ཁོ་ལག་རྒྱས་པའི་མང་གཙོ་གསར་བའི་ལྟ་བ་དང་འབྲེལ་བ་ཅི་ཡང་མེད་མོད། འོན་ཀྱང་ཁོང་གི་ཆེས་བཟློག་ཏུ་མེད་པའི་དཀའ་གནད ༼དེས་རྒྱལ་ཁབ་བམ་མི་རིགས་ལ་ཤན་ཤུགས་ཚབས་ཆེན་ཐེབས་པས། ཁ་ཕྱོགས་གསར་བའི་ལམ་ཆེན་དུ་བསྐྱོད་དགོས་པར་བསྟན༽ བསལ་བའི་རང་བྱུང་ཚན་རིག་གི་རྩོལ་བ་དེ་འདྲ་གདོད་མའི་ཆོས་ལུགས་ཀྱི་ལྟ་བས་འཇིག་རྟེན་ཀུན་འགྲོ་ཡོངས་ལ་འཛིན་པའི་ལྟ་ཚུལ་དང་རིང་དུ་གྱེས་ཡོད།

ཁོང་གིས་དཔལ་འབྱོར་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་པར་མནོ་བསམ་བཞེས་ཤིང༌། ཁོས་དུས་རབས་བཅུ་དགུ་པའི་དབྱིན་ཇིའི་དཔལ་འབྱོར་རིག་པ་མཁན་ཚོར་བློ་སྤོབས་བསྐྱེད། དཔལ་འབྱོར་གྱི་ཚན་རྩལ་གསར་བས་ཆེད་ལས་མཁས་པ་དང་ཤེས་ལྡན་མི་སྣ་ཁ་ཅིག་གི་བསམ་བློར་ཚོད་འཛིན་དང་བཀག་རྒྱ་ཐེབས་ཀྱང༌། མང་གཙོའི་འདུ་ཤེས་གསར་བ་ཁྱབ་གདལ་དུ་ཕྱིན་པའི་དུས་མཚུངས་སུ། ཨ་རི་དང་ཧྥ་རན་སིའི་གསར་བརྗེ་ཡིས་བསམ་བློ་གསར་བའི་མང་གཙོ་དྲིལ་བསྒྲགས་དང་དར་རྒྱས་སུ་གཏོང་བར་བྱེད་ནུས་ཆེན་པོ་ཐོན།

ཨ་རིའི་རང་བཙན་བསྒྲགས་གཏམ (the American Declaration of Independence) དང་ཧྥ་རན་སིའི་ཁེ་དབང་བསྒྲགས་གཏམ (the French Declaration of Rights) གྱི་གཏམ་བཟང་སྙན་མོས་མི་སེམས་ལ་སྐྱོམ་སྒུལ་བསླངས་ཤིང༌། གཉའ་གནོན་དང་བཤུ་གཞོག་མྱོང་བཞིན་པའི་མི་སེར་ས་ཡ་མང་པོར་བཅིངས་འགྲོལ་གྱི་བརྡ་འཕྲིན་སྤྲིངས་ཏེ་སྐད་ཅིག་ཉིད་ལ་ལུས་ཀྱི་སྤུ་ལོང་གཡོ་བའི་ཡིད་འགུལ་ཐེབས་སུ་བཅུག།

བསྒྲགས་གཏམ་འདི་གཉིས་ཁྲོད་སྐྱེ་རྒུ་ཡོངས་ལ་བདོག་པའི་བདེ་སྐྱིད་ཀྱི་ཁེ་དབང༌། རང་དབང༌། འདྲ་མཉམ་བཅས་གླེང་ཡོད་རུང༌། ཐོས་པ་ཀུན་སྨོན་གྱི་བསྒྲགས་གཏམ་དེའི་ཁྲོད་ཀྱི་རིན་ཐང་གཞལ་དུ་མེད་པའི་ཐོབ་ཐང་འདི་དག་འབངས་མི་སེར་གྱིས་དངོས་འབྲེལ་ལོངས་སྤྱོད་ཐུབ་མེད། ཐ་ན་བསྒྲགས་གཏམ་འདི་རིགས་སྤེལ་ནས་ཀྱང་ཧ་ལམ་དུས་རབས་གཅིག་དང་ཕྱེད་ལྷག་ཅིག་འདའ་བའི་ཉི་མ་དེ་རིང་ཡང་མི་ཉུང་ཤོས་ཤིག་གིས་དེ་ལོངས་སུ་སྤྱོད་པའི་བསྐལ་ལྡན་ཡོད་སྲིད་ཀྱང༌། ལར་བསྒྲགས་གཏམ་འདི་རིགས་ཀྱི་རྩ་དོན་ནི་ཆེས་བླ་ན་འཕགས་ཤིང་མིའི་ཚེ་སྲོག་གི་གསོན་ཤུགས་དང་ཡང་འབྲལ་དུ་མེད། ཡོ་རོབ་ཙམ་མ་ཟད་ཡུལ་ལུང་གང་སའི་བསམ་བློ་རྙིང་པ་དེ་ལྟའི་སྡིག་ཉེས་ཤིག་ཡིན་ཞིང༌། གྲུབ་མཐའ་གཞན་དག་དང་འདྲ་བའི་ཡི་ཤུ་ཆོས་ལུགས་ཀྱང་མི་མང་གི་ཆེས་བཟློག་ཏུ་མེད་པའི་སྡུག་ཡུས་དང་མྱ་ངན་ཁོ་ནར་ཟད། བལྟས་ཚོད་དུ། ཆོས་ལུགས་ཀྱིས་ནི་བསྐལ་བ་ཇི་སྲིད་དུ་མི་ཡུལ་འདིའི་དབུལ་ཕོངས་དང་སྡུག་བསྔལ་མ་ལུས་ཡོངས་སུ་བསྒྲལ་བའི་འཚོ་གནས་ཤིག་བསྐྲུན་གྱི་ཡོད་པ་འདྲའོ།།

ཆོས་ལུགས་ཀྱི་དམ་ཚིག་དང་མཆོད་སྦྱིན་ཡོད་ཚད་འཇིག་རྟེན་གཞན་འབའ་ཞིག་གི་ཆེད་དུ་ཡིན་ཕྱིན། འདིར་ང་ཚོས་རྩ་བའི་འགྱུར་བ་གང་ཡང་མི་འཚོལ་བར་ཡོད་ཚད་ལས་དབང་གི་གོ་སྐལ་ཡིན་པར་གདམས། ལར་བྱམས་བརྩེའི་སྦྱིན་གཏོང་ནི་མིའི་འཚོ་བར་བློ་སྤོབས་སྤེལ་བྱེད་ཅིག་ ཡིན་རུང༌། དབུལ་ཕོངས་ཡན་གར་འདོར་བའི་ལྟ་བའམ་ཉམ་ཐག་གི་ཉེར་འབྲས་སུ་སྨིན་པའི་ལམ་ལུགས་དེ་འདྲ་ངོ་མ་བློས་དཔག་དཀའ་བ་ཞིག་ཡིན། རང་དབང་དང་འདྲ་མཉམ་གྱི་འདུ་ཤེས་དེ་ཡང་ལྷ་ཁང་དང་ཆོས་སྡེ་ཁག་གི་ཁྱད་དབང་རིང་ལུགས་དང་རྩ་བ་ནས་རྒྱབ་འགལ་དུ་གྱུར་ཡོད། མང་གཙོ་ཡིས་སོ་སྐྱེས་ཚང་མ་དོན་གྱིས་འདྲ་མཉམ་ཡིན་ཞེས་བརྗོད་མེད་ལ། དེ་ལྟ་འཆད་ཀྱང་མི་ཕོད། རྒྱུ་མཚན་ནི་མི་ཡན་གར་བའི་དབར་ཕན་ཚུན་འདྲ་མཉམ་མིན་པ་དོན་དངོས་རེད་དེ། ཕྱིའི་ཕུང་པོའི་སྟེང་ནས་མི་རེ་འགའ་ཞིག་མི་གཞན་ལས་སྟོབས་ཤུགས་ཆེན་པོ་བདོ་ཞིང༌། ནང་སེམས་ཀྱི་ཐད་ནས་འདྲ་མཉམ་མིན་པ་ནི་མི་ཁ་ཅིག་མི་གཞན་དག་ལས་འཁོས་ཀ་དང་ལྡན་པར་མཐོང་བ་ལྟ་བུ། ཡང་ཀུན་སྤྱོད་ཀྱི་སྟེང་ནས་མི་ཁ་ཤས་ཤིག་ལ་སྒེར་སེམས་མི་ཆེ་རུང་མི་རེ་ཟུང་དེ་ལས་ལྡོག་པའོ།

མི་ནི་འདྲ་མཉམ་མ་ཡིན་པའི་ཕྱོགས་མང་པོ་ཞིག་བྱིས་དུས་ཀྱི་གསོ་སྐྱོང་དང་སློབ་གསོར་རག་ལས་པར་གདོན་མི་ཟ། དཔེ་ཞིག་བཞག་ན། འཇོན་ནུས་འདྲ་མཚུངས་ཡིན་པའི་སྐྱེས་པ་དང་སྐྱེས་མ་གཉིས་ཀྱི་གཅིག་ལ་སློབ་གསོ་གང་ལེགས་སྤྲོད་པ་དང་གཅིག་ལ་སློབ་གསོའི་གོ་བསྐལ་ཞིག་ལྡན་པར་མ་གྱུར་ཚེ། མི་ལོ་འགའི་རྗེས་སུ་ཁོང་གཉིས་ཀྱི་འཇོན་ནུས་ཐད་བར་ཁྱད་ཆེན་པོ་འཆོར་ཞིང༌། ཁོང་གཉིས་ཀྱི་གཅིག་བཅུད་ལྡན་ཟས་ཀྱིས་གསོ་སྐྱོང་གནང་བ་དང༌། གཅིག་ནི་སྐྱ་ཟད་སྔོ་རྡིབ་ཀྱི་འཚོ་བཅོས་ངན་ངོན་ཙམ་རོལ་དུ་ཆུགས། སྔ་མ་དེ་བདེ་བླག་ངང་འཚར་ལོངས་འབྱུང་ཞིང་ཕྱི་མ་ནི་ལྡོག་སྟེ། སྐྱེས་སྟོབས་ཞན་ཁར་ནུས་མེད་ནད་པ་ལྟ་བུར་འགྱུར་ངེས། དེའི་རྐྱེན་པས་མི་ཞིག་གི་བྱིས་དུས་ཀྱི་གསོ་སྐྱོང་དང་ཁོར་ཡུག།བློ་སྦྱོང་དང་སློབ་གསོ་བཅས་ཀྱིས་ཁོ་པ་མི་གཞན་ལས་ཁྱད་དུ་འཕགས་པར་སྐྱེད་བསྲིང་གནང་གི་ཡོད། གལ་ཏེ་ང་ཚོས་མི་ཚང་མར་བློ་སྦྱོང་དང་གོ་སྐབས་གཅིག་མཚུངས་ཤིག་འཐོབ་དུ་ཆུགས་ཚེ། ཉི་མ་དེ་རིང་ཡང་སྐྱེ་དགུ་ཡོངས་འདྲ་མཉམ་མིན་པའི་བཀག་རྒྱ་དེ་ཙམ་མེད་ཀྱང་སྲིད་པ་རེད།

དེ་ལྟ་མོད་ཀྱི། ད་ལྟའི་བར་མང་གཙོ་ནི་མིའི་སེམས་ཁུར་འབའ་ཞིག་ཏུ་གྱུར་སོང་བ་དེས། འགྲོ་བ་མིའི་རིགས་ཚང་མ་དོན་གྱིས་འདྲ་མཉམ་མ་ཡིན་པའི་གནད་དོན་དངོས་དེ་ཁས་འཆེས་པ་མ་ཟད། ད་དུང་མི་རེ་རེར་ཆབ་སྲིད་དང་སྤྱི་ཚོགས་ཀྱི་བརྩིས་མཐོང་འདྲ་མཉམ་དུ་བདོག་པར་བསམ་ཤེས་གནང་དགོས་པར་ནན་གྱིས་གཏམས།  གལ་སྲིད་ང་ཚོས་མང་གཙོའི་རྣམ་གཞག་ཆ་ཚང་ཁས་ལེན་ན་ནི། ང་ཚོ་གང་ལྟར་ཡང་གསར་བརྗེ་རང་བཞིན་གྱི་སྤྱི་སྡོམ་ལ་བསྟུན་དགོས་པར་འདོད། སྤྱིར་ན་ང་ཚོ་གསར་བརྗེའི་གར་སྟེགས་སྟེང་གི་བྱེད་ལས་དེ་འདྲར་གཞོལ་དགོས་པ་ཆེར་མ་མཆིས་ནའང༌། གོང་གི་རྣམ་གཞག་དེའི་མཐའ་འབྲས་དངོས་ལ་གཞིག་ན། ཐུན་མོང་གི་གང་ཟག་རེ་རེར་གྲོས་ཚོགས་སམ་སྲིད་སྐྱོང་ལྷན་ཚོགས་ཀྱི་འཐུས་ཚབ་འདེམས་བསྐོའི་ཁེ་དབང་ཅི་བས་ཀྱང་འཐོབ་དགོས་པར་བསྟན་ཡོད།  དེ་འདྲའི་འདེམས་བསྐོ་ནི་ཆབ་སྲིད་ཀྱི་དབང་ཤུགས་མཚོན་བྱེད་ཅིག་ཡིན་ཞིང༌། གལ་ཏེ་མི་ཚང་མར་འོས་འདེམས་ཀྱི་ཁེ་དབང་འཐོབ་ཚེ་ད་གཟོད་དེ་ལྟའི་སོ་སྐྱེས་རེ་རེར་སྲིད་ཀྱི་དབང་ཤུགས་ཁྲོད་འདྲ་མཉམ་གྱི་ཐོབ་སྐལ་བདོག་སོང་བ་རེད། དེའི་རྐྱེན་གྱིས། མང་གཙོའི་དམིགས་འདུན་གཙོ་བོ་ཡང་འདེམས་བསྐོའི་ཐོབ་དབང་ཆེན་པོ་ཞིག་སྟེ། འོས་འདེམས་ཀྱི་ཁེ་དབང་འཐོབ་རྒྱུ་དེ་རེད། གཞོན་ནུའི་འདེམས་བསྐོའི་དབང་ཚད་ངམ་ཐོབ་དབང་ཟེར་བ། ན་གཞོན་དང་མི་དར་མ་ཚོར་ཡང་འོས་འདེམས་ཀྱི་ཐོབ་ཐང་ཅིས་ཀྱང་བདོག་པར་གོ་དགོས། འདས་པའི་དུས་ཡུན་རིང་པོར་སྐྱེས་མའི་འོས་འདེམས་ཀྱི་ཁེ་དབང་ཡོངས་སུ་འཕྲོག་པ་དེས། ཆེར་མ་འགྱངས་པར་ཁོ་མོ་ཚོས༼དམིགས་སུ་དབྱིན་ཡུལ་དུ༽ སྤྱི་ཚོགས་སྟེང་ཚབས་ཆེ་བའི་ཟིང་ཆ་བསླངས་པ་རེད། དེང་གི་སྔོན་ཐོན་རྒྱལ་ཁབ་ཕལ་མོ་ཆེར་གཞོན་ནུའི་འོས་འདེམས་ཀྱི་དབང་ཚད་ནི་ཕོ་མོ་དབྱེར་མེད་དུ་མངའ་མོད། འོན་ཀྱང་ཡ་མཚན་པ་ཞིག་ལ། ཡུལ་དེ་གའི་མི་མང་ཤོས་ཀྱི་བསམ་པར། རང་ལ་ཐོབ་པའི་འོས་འདེམས་ཀྱི་ཐོབ་ཐང་དེ་ཙམ་གྱིས་རང་ཉིད་གཞན་ལས་འགོངས་པའི་ཁྱད་དབང་གང་ཡང་མེད་པར་འདོད། དེའི་རྒྱུ་མཚན་ནི། ཁོང་ཚོར་འདེམས་བསྐོའི་ཐོབ་དབང་དེ་ཙམ་གདའ་ནའང༌། རྒྱལ་སྲིད་ཀྱི་དབང་ཤུགས་ཅི་ཡང་ཡོད་མ་གྱུར། དངོས་དོན་གྱི་དབང་ཤེད་ཅན་ཚོས་བཀྲེས་ལྟོགས་མྱོང་གིན་པའི་མི་སེར་བེད་སྤྱད་དེ། ཁོ་རང་ཚོའི་ཁེ་སྤོགས་སྒྲུབ་ཏུ་འཇུག་གི་ཡོད་ཀྱི། ལྟོགས་སྐོམ་གྱིས་མནར་བའི་མི་དམངས་ལ་འོས་འདེམས་ཀྱི་ཐོབ་དབང་གང་ཡང་མེད།

དེའི་རྐྱེས་པས། ཆབ་སྲིད་ཀྱི་དབང་ཤུགས་ནི་གཟུགས་མེད་ཀྱི་གྲིབ་ཡོར་ཞིག་ཏུ་མཐོང་གི་ཡོད། དེ་ཡང་དཔལ་འབྱོར་གྱི་སྟོབས་ཤུགས་ཞན་ཁར། འོས་བསྡུའི་ཐོབ་དབང་ལ་ཚོད་བགམ་པ་ཙམ་རེད་ལ། དེ་སྔའི་མང་གཙོ་རིང་ལུགས་ཀྱི་འཚོལ་སྙེག་སྙིང་སྟོབས ༼འདེམས་བསྐོ་བརྒྱུད་ད་གཟོད་མི་ཚང་མ་འདྲ་མཉམ་ཡིན་པར་གོ༽ དེའང་དོན་འབྲས་ཅི་ཡང་སྟོང་བར་གྱུར་ཡོད། ཅི་སྟེ་འདི་ནི་ཕྱིས་ཀྱི་ཡར་རྒྱས་ཤིག་ཡིན། དེ་སྔར ༼དུས་རབས 18 པའི་མཇུག་དང་དུས་རབས 19 པའི་སྟོད་དུ༽ མང་གཙོ་རིང་ལུགས་པའི་ཁྲོད་དུ་བརྩོན་སེམས་ཀྱི་སྙིང་སྟོབས་ཆེས་ཆེར་རྒྱས་སྟབས། མང་གཙོ་ཡིས་སོ་སྐྱེས་ཡོད་ཚད་རང་དབང་དང་མི་རིགས་འདྲ་མཉམ་བཟོ་ཡི་ཡོད། དེར་མ་ཟད། རྒྱལ་ཁབ་གང་དེའི་སྲིད་གཞུང་གིས་ཀྱང་མི་མང་གི་བདེ་སྐྱིད་ཀྱི་སླད་དུ་ལས་ལ་གཞོལ་བ་རེད།དུས་རབས་བཅོ་བརྒྱད་པའི་གཞུང་ས་ཁག་དང་རྒྱལ་པོ་ཚོའི་སྒེར་གཅོད་ལམ་ལུགས་ལ་ངོ་རྒོལ་གྱི་རྣམ་འགྱུར་དྲག་ཏུ་ཕྱིན་པའི་མོད་ལ། ཁོ་ཚོས་སྲིད་དབང་སྒེར་སྡོམ་གྱི་དབང་ཤུགས་ལོག་པར་སྤྱད་པ་དེས། མང་ཚོགས་ལ་ཁོ་རང་ཚོའི་དེ་སྔའི་བསྒྲགས་གཏམ་ཁྲོད་ཀྱི་མི་སྒེར་གྱི་ཁེ་དབང་དེ་འདྲ་ཁྲོམ་བསྒྲགས་བྱེད་དུ་བཅུག་ཡོད། ང་ཚོས་འདི་ལས་མཐོང་ཐུབ་པ་ནི། ཕལ་ཆེར་ཨ་རི་དང་ཧྥ་རན་སིའི་བསྒྲགས་གཏམ་ཁྲོད་ཀྱི་མི་སྒེར་གྱི་ཁེ་དབང་བསྒྲགས་གཏམ་དེ་ལའང་ཕྱོགས་གཅིག་ནས་ནོར་འཕྱུག་ཕྲན་བུ་ཤོར་ཡོད་ལས་ཆེའོ།།

མི་རིགས་འདྲིས་སྡོད་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་ཏུ་མི་སྒེར་རེ་རེ་བཞིན་ཁ་འཐོར་ཏུ་བཏང་སྟེ། ཁོང་ཚོར་རང་དབང་ཆ་ཚང་ཞིག་སྤྲོད་རྒྱུ་དེ་ལས་སླ་མོ་ཞིག་མ་ཡིན། མི་སྒེར་དང་སྤྱི་ཚོགས་ཀྱི་མངོན་འདོད་གཉིས་གདོང་ཐུག་དང་བརྡབ་གསིག་འཆོར་སྲིད་དུས། ཅི་སྟེ་མང་གཙོ་ནི་ནམ་ཡང་མི་སྒེར་རང་དབང་གི་རྒྱབ་རོགས་སུ་འགྲེང་ངེས། དུས་རབས 18 པར་ད་དུང་ཆབ་སྲིད་བསམ་བློའི་ཐད་ནས་རྗེས་ལུས་ཡིན་པའི་དབྱིན་ཡུལ་དུ། ཨ་རི་དང་ཧྥ་རན་སིའི་གསར་བརྗེ་ཡིས་ཤན་ཤུགས་ཆེན་པོ་ཐེབས་ཤིང༌། དུས་ཐོག་མའི་ཚུར་སྣང་གི་ཐོན་དངོས་དེ་ཡང་རྒྱལ་ནང་དུ་འབྱུང་སྲིད་པའི་སྤྱི་ཚོགས་གསར་བརྗེ་དང་མང་གཙོ་གསར་བའི་བསམ་བློར་རྒོལ་མ་ཕོད་པའི་འཇིགས་དངངས་ཤིག་རེད། དབང་སྒྱུར་གྲལ་རིམ་ཁག་སྔར་བས་རྙིང་ཞེན་དང་ལོག་སྤྱོད་ཅན་དུ་གྱུར་ཡོད་རུང༌། ཤེས་ཡོན་པའི་སྡེ་རུ་བསམ་བློ་གསར་བའི་མང་གཙོ་ཡར་ངོའི་ཟླ་བཞིན་འཕེལ། ཐཱོ་མ་སི.ཕཱེན (Thomas Paine 1737~1809) ནི་དུས་རིམ་དེའི་དབྱིན་ཇིའི་རྩོམ་མཁན་གྲགས་ཅན་ཞིག་རེད། ཨ་རིའི་རང་བཙན་དམག་འཁྲུག་སྐབས་སུ་ཁོང་ཡུལ་དེ་གར་ཡོད་ལ། ཨ་རིའི་མི་དམངས་བཅིངས་འགྲོལ་ཐད་དུ་རམ་འདེགས་ཆེན་པོ་གནང༌། ཨ་རིའི་རྒྱལ་དམངས་ཀྱི་ཁ་ཕྱོགས་རང་བཙན་གཙང་མར་འཁྲིད་པའི་ལྟ་ཚུལ་དེའང་ཁོང་གི་བློ་གྲོས་དང་འབྲེལ་བ་དམ་ཟབ་ཡོད་པ་འདྲའོ།།

ཕྱིར་རྒྱལ་ནང་དུ་ལོག་རྗེས། ཁོས་གསར་དུ་ཚུགས་མ་ཐག་པའི་ཧྥ་རན་སའི་གསར་བརྗེ་ལ་སྲུང་སྐྱོབ་གནང་ཕྱིར་ཏུ “མིའི་ཐོབ་ཐང”(the rights of man) ཞེས་པ་བརྩམས་གྲུབ་མཛད། བརྩམས་ཆོས་དེའི་ཁྲོད་ཁོས་གོང་མའི་སྲིད་གཞུང་ལ་ཁ་རྡུང་བཏང་ཞིང་མང་གཙོའི་རེ་འདུན་དྲག་པོ་བསྟན། དེའི་རྐྱེན་པས་དབྱིན་གཞུང་གིས་ཁོ་རང་རྒྱལ་ཁབ་ཀྱི་ཁྲིམས་འགལ་ཉེས་ཅན་དུ་བརྩིས་པས་ཁོང་ཧྥ་རན་སིར་བྱོལ་དགོས་བྱུང༌། གྲོང་ཁྱེར་ཕཱེར་སི (Paris) ནང་རིང་པོ་མ་ལོན་པར་ཁོ་ཡུལ་དེའི་རྒྱལ་འབངས་ལྷན་ཚོགས་ཀྱི་ཁོངས་མིར་གྱུར། ཡིན་ང 1793 ལོར་ཁོས་ཧྥ་རན་སིའི་རྒྱལ་ཐོག་བཅུ་དྲུག་པའི་གོང་མ་ལའོ་སི (Louis XVI) ལ་རྒྱབ་འགལ་བྱས་སྟབས། ཁོ་རང་ཇེ་ཁའོ་བྷན 1(Jacobin) ཚོགས་པས་བཙོན་དུ་བྲིབས། བཙོན་ཁང་དུ་ཁོས “རྣམ་དཔྱོད་ཀྱི་དུས་སྐབས” (the Age of Reason) ཞེས་པ་བརྩམས་ཤིང༌། བརྩམ་བྱའི་ཁྲོད་དུ་ཁོས་ཆོས་ལུགས་ཀྱི་ལྟ་བར་དགག་སྒྲུབ་མཛད། ཁོ་རང་དབྱིན་ཇིའི་ཁྲིམས་ཁང ༼རཱོ་བྷེ་སི་ཕཱེ་ཨར 2(Robespierre)སྲོག་ཐོག་ཏུ་བཏང་རྗེས་ཁོ་རང་གྲོང་ཁྱེར་ཕཱེར་སིའི་བཙོན་དུ་བཀག་ཡོད༽ དུ་ངོ་བཅར་གནང་མ་ཐུབ་པས། ཁོང་གི་གསུང་རྩོམ་དེ་དབྱིན་ཡིག་གི་སྟེང་བསྒྱུར་བསྐྲན་བྱེད་མཁན་ཚོའང་འཇུ་བཟུང་འཐེབས། ཁོང་གིས་ཆོས་ལུགས་ནི་དབུལ་ཕོངས་ཉམ་ཐག་གི་མི་སེར་རྣམས་ནམ་ཡང་ཉམ་ཐག་ཏུ་བསྒྱུར་ཐབས་སུ་མེད་རུང་བ་ཞིག་ཏུ་མཐོང་གི་ཡོད་སྟབས། ཁོང་གི་མཛད་རྩོམ་དེ་འདྲ་སྤྱི་ཚོགས་ཀྱི་ཉེན་ཁ་ཆེན་པོ་ཞིག་ཏུ་འདོད་དེ། ཐ་ན་ཁོའི་གསུང་རྩོམ་ཁག་དཔར་དུ་སྐྲུན་མཁན ༼བུད་མེད་ཀྱང་ཚུད༽ ཁ་ཅིག་ཀྱང་འཇུ་བཟུང་བཀག་ཉེར་བྱས། གནད་དོན་འདིའི་ཐད་དབྱིན་ཇིའི་སྙན་དངགས་མ་ཞའེ་ལའེ 3(Shelley) ཡིས་ཁྲིམས་ཞིབ་པ་ཚོར་སྤྲིངས་པའི་ངོ་རྒོལ་ཞུ་ཡིག་དེ་ཅི་བས་ཀྱང་བཀླག་བྲོད་པ་ཞིག་ཡིན།

ཡོ་རོབ་གླིང་ལ་མཚོན་ན། ཧྥ་རན་སའི་གསར་བརྗེ་ཆེན་མོ་ནི་དུས་རབས 19 པའི་དུས་སྟོད་དུ་བྱུང་ཞིང་འཕེལ་བའི་མང་གཙོའི་བསལ་བློའི་མ་ཡུམ་ལྟ་བུ་ཡིན། ཡུལ་དུས་ཀྱི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་རྒོད་ཀྱང༌། དོན་དངོས་ཐོག་ཁྱབ་ཆེ་བའི་གསར་བརྗེའི་བསམ་བློ་ཟམ་མ་ཆད་པར་འཕེལ། དུས་རིམ་དེའི་མང་གཙོའི་བསམ་བློ་ནི་སྒེར་གཅོད་དང་བཙན་རྒྱལ་ལམ་ལུགས་ལ་རྒོལ་བའི་རིག་སྟོབས་ཀྱི་རྣམ་འགྱུར་ཞིག་ཡིན།  དེ་ཡང་ཐོག་མར་བཟོ་ལས་ཅན་གྱི་གནས་བབ་གཞིར་བཟུང་བ་ཡིན་རུང༌། ཐོན་སྐྱེད་གསར་བས ༼དེང་གི་རླངས་ཤུགས་དང་འཕྲུལ་ཆས་ཕོན་པོའི་རིགས༽ གདོད་མའི་འཚོ་བའི་སྲོལ་ལུགས་རྩ་གཏོར་བཏང༌། ཡ་མཚན་པའི་དོན་དག་གཞན་ཞིག་བསྙད་པ་ལ། དུས་རབས 19 པའི་སྟོད་ཀྱི་རང་དབང་གི་རྨང་སྲོལ 4(the radicals) ༼ཡང་ན་རྨང་བཅོས་རིང་ལུགས ་ཞེས་ཀྱང་བརྗོད______སྒྱུར་བ་པོའི་མཆན༽དང་མང་གཙོ་རིང་ལུགས་པ་ཚོས་འཕོ་འགྱུར་དེ་འདྲ་སྣང་མེད་དུ་བཞག་སྟེ། ཧྥ་རན་སིའི་མི་བུའི་ཐོབ་ཐང་ངམ་གསར་བརྗེའི་ཕུལ་བྱུང་བཤད་སྒྲོས་ཙམ་གློད་བཞིན་མཆིས། ཁོང་ཚོར་མཚོན་ན། བཅོས་སྒྱུར་འདི་རིགས་ནི་གནད་ཀ་འཁྲུལ་མེད་ཅིག་སྟེ། བླ་མེད་ཀྱི་དགེ་སེམས་དང་བཟང་སྤྱོད། མང་གཙོའི་ཆབ་སྲིད་མངོན་འདོད་སོགས་ཀྱི་ཐད་ལ་ཤན་ཤུགས་གང་ཡང་ཐེབས་མེད་ཀྱང་སྲིད་མོད། གནད་དུ་འཁེལ་བའི་དོན་དག་འདི་རིགས་སྣང་མེད་རྒྱབ་ཏུ་འདོར་སྲོལ་ཞིག་ཡོད།

མི་མང་ལ་མཚོན་ནའང༌། བསམ་བློ་རྙིང་བ་དོར་ཏེ་གསར་བ་ཞིག་དང་དུ་ལེན་རྒྱུ་ནི་ཅི་འདྲའི་དཀའ་ཁག་ཅིག་ཡིན་ཚུལ་དེ་ངོ་མ་རྟོགས་པར་སྤྲོ་བ་ཞིག་ཡིན། མི་དམངས་མང་ཚོགས་ཀྱི་ཡིད་མིག་གཉིས་ཀྱིས་ཅི་གང་ཡང་མཐོང་ཞིང་རྟོགས་མི་འདོད་ཅིང༌། གཅེས་པའི་སྲོག་ལ་གཙེས་ཀྱང༌། ཁོ་ཚོ་ད་དུང་རྙིང་ཞེན་མཁྲེགས་འཛིན་གྱི་འཐབ་རྩོད་ལ་ཞུགས། དེ་ལྟའི་འཐབ་རྩོད་ཁྲོད་ཁོ་ཚོ་ཞི་དྲག་གཉིས་ཀྱི་སྒོ་ནས་གཞུག་སྲིད་ནའང༌། ཁོང་ཚོས་ཡུལ་དུས་ཀྱི་གནས་བབ་གསར་བར་བསྟུན་ཤེས་དང་བསམ་བློ་གསར་བར་དང་དུ་ལེན་ངེས། རྙིང་ཞེན་རིང་ལུགས་ཀྱི་སྟོབས་ཤུགས་དེའང་ཡ་མཚར་བ་ཞིག་ཡིན། ཐ་ན་རང་ཉིད་སྔོན་ཐོན་ཅན་ཏུ་འདོད་པའི་རང་དབང་གི་རྨང་སྲོལ་པ་ཚོས་དུས་ནམ་ཀུན་དུ་རྙིང་ཞེན་ལ་རྡུང་རྡེག་དང་བསམ་བློར་སུན་འབྱིན་གཏོང་རྒྱུ་ཙམ་ལས་བཅོས་སྒྱུར་གྱི་གནས་བབ་ལ་མིག་གིས་མི་བལྟ། ལར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དལ་ཞིང་རྟག་ཏུ་མི་མང་གི་བསམ་བློ་དང་ཡུལ་དུས་ཀྱི་གནས་བབ་དངོས་དབར་གྱི་སྟོང་ཆའི་དབང་གིས། གསར་བརྗེའི་གནས་ཚུལ་དེ་འདྲ་བྱུང་བ་ཡིན་ཡང༌། དེ་ནི་ཡ་མཚན་དགོས་པ་ཞིག་ལར་ནས་མ་ཡིན་ནོ།།

དེའི་སྟབས་ཀྱིས། མི་ལོ་བཅུ་ཕྲག་མང་པོའི་རིང༌། མང་གཙོ་ཡིས་ཧྥ་རན་སིའི་གསར་བརྗེའི་བསམ་བློ་དང་དེའི་སྲོལ་རྒྱུན་མུ་མཐུད་རྒྱུན་འཁྱོངས་གནང་བ་རེད། ཡུལ་དུས་ཀྱི་གནས་བབ་གསར་བར་བསྟུན་ཤེས་མ་བྱས་པའི་ཕམ་ཉེས་དེས། ཉམ་དམས་སུ་འགྱུར་བཞིན་པའི་མང་གཙོའི་དུས་རབས་དེ་མཇུག་བསྡུ་བའི་སྣེ་ཁྲིད་ཅིང༌། ཕྱིས་ཀྱི་དུས་རབས 20པའི་ནང་མི་མང་གིས་དེ་ལ་བློས་མི་འདོད་པ་བྱུང༌། ཉི་མ་དེ་རིང་གི་རང་རྒྱལ་དུའང་བསམ་བློ་སྔོན་ཐོན་ཅན་གྱི་སྲིད་དོན་པ་ཚོས་ད་དུང་ཡང་ཧྥ་རན་སིའི་གསར་བརྗེ་ཆེན་མོ་དང་མིའི་ཐོབ་ཐང་དང་འབྲེལ་གཏམ་གླེང་མཛད་ཅིང༌། དུས་སྐབས་དེ་ཙམ་ནས་ཀུན་གྱིས་ཡི་མ་རངས་པར་གྱུར་ཏོ།།

དེ་སྔའི་མང་གཙོ་རིང་ལུགས་པ་ཚོས་ངང་ངམ་ཤུགས་ཀྱིས་རྗེས་དཔག་རིང་ལུགས (rationalism)ཀྱི་ལྟ་བ་སྲུང་འཛིན་བྱེད་ཅིང༌། ཁོང་ཚོའི་སྨྲ་བརྗོད་རང་དབང་དང་བསམ་བློ་རང་དབང་གི་མངོན་འདོད་ཀྱིས་ལྷ་ཆོས་རིག་པ (theology) དང་ཆོས་ལུགས་གྲུབ་མཐའ་(dogmatic religion) དང་དུ་ལེན་ཐབས་མེད་པ་རེད། དེའི་ཕྱིར། ལྷ་ཆོས་རིག་པའི་ལྟ་གྲུབ་ཉམ་ཞན་དུ་གཏོང་ཆེད་མང་གཙོ་དང་རང་བྱུང་ཚན་རིག་གཉིས་ཟུང་དུ་སྦྲེལ་ཞིང༌། མི་མང་གིས་དམ་པའི་གསུང་རབ (Bible) ལ་དོགས་སློང་དང་དཔྱོད་ཤེས་མཛད་པའི་བློ་སྤོབས་ཆེས་ཆེར་བསྐྱེད་འགོ་བརྩམས། དམ་པའི་གསུང་རབ་ནི་སྤྱིར་བཏང་གི་རྩོམ་དེབ་དཀྱུས་མ་ཞིག་ཏུ་མཐོང་གི་ཡོད་ཀྱི། དེ་ལ་དོགས་ཚོམ་ཙམ་ཡང་མེད་པར་ལོང་བའི་བརྟུལ་ཞུགས་བཟུང་སྟེ་དང་ལེན་བྱེད་རྐྱང་མི་བྱ་ཞིང༌། དམ་པའི་གསུང་རབ་ལ་དགག་སྒྲུབ་མཛད་པར “ཚད་ལས་བརྒལ་བའི་སུན་འབྱིན”ཞེས་ཀྱང་འབོད། དེ་འདྲའི་དོགས་སློང་དང་དཔྱོད་ཤེས་ལ་བརྟེན་ནས་དམ་པའི་གསུང་རབ་ནི་དུས་སྐབས་མི་འདྲ་བ་རེ་རའི་རྩོམ་མཁན་མ་འདྲ་བ་རྣམས་ཀྱི་ཡིག་ཚང་ཁག་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཡིན་པར་ཁས་བླངས་པ་མ་ཟད། ཁོ་ཚོས་ད་དུང་སྟོན་པ་མ་ཤི་ཀ་ལ་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་པའི་དམིགས་འདུན་གང་ཡང་མེད་པའི་ལྟ་ཚུལ་བཏོན་པས། རྙིང་ཞེན་ཆེ་བའི་དད་ལྡན་མང་བོའི་ཡིད་སེམས་ལ་སྐྱོམ་འགུལ་ཆེན་པོ་བཟོས། ཚན་རྩལ་དང་མང་གཙོའི་བསམ་བློས་གདོད་མའི་ཆོས་ལུགས་ཀྱི་མ་ལག་ཁག་ཉམ་ཉེས་སུ་བཏང་བ་དང༌། གདོད་མའི་ཆོས་ལུགས་ཀྱི་གོ་གནས་འཛིན་ཐབས་སུ་མཚན་ཉིད་རིག་པ་དར་སྤེལ་གཏོང་བའི་ལས་ལ་ཧྲིལ་གྱིས་ཞུགས།

ཧྥ་རན་སིའི་མཚན་ཉིད་རིག་པ་མཁན་ཁཱམ་ཊི 5(Comte) ཡང་གོང་གི་མཚན་ཉིད་རིག་པ་དར་རྒྱས་སུ་གཏོང་མཁན་ཚོའི་གྲས་ཀྱི་གཅིག་ཡིན། ཁཱམ་ཊིའི་བསམ་པར། གདོད་མའི་ལྷ་ཆོས་རིག་པ་དང་ཆོགས་ལུགས་ལྟ་གྲུབ་ཀྱི་དུས་རིམ་དེ་ཡོལ་ཟིན་པར་འདོད། འོན་ཀྱང་ཁོ་རང་ཡང་དེ་ལྟའི་ཆོས་ལུགས་གྲུབ་མཐའ་ཁག་ཅིག་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ཏུ་བསྐྱེད་པར་ཡིད་ཆེས་སུ་བཅུག དེའི་རྐྱེན་པས། ཁོས “མིའི་རིགས་ཀྱི་ཆོས་ལུགས” (religion of humanity)ཀྱི་ལྟ་བ་བཏོན་ཏེ། དེ་ལ ”དངོས་དཔང་ར་སྤྲོད་རིང་ལུགས” (Positivism) ཞེས་སུ་འབོད། ལྟ་ཚུལ་དེ་ནི་ཡར་རྒྱས་དང་བཀའ་བཀོད། བརྩེ་བ་བཅས་གཞིར་བཟུང་བའི་ལྟ་བ་ཞིག་ཡིན་པའི་ཁར། ཚན་རིག་གཞིར་བཟུང་བ་ཞིག་ཀྱང་ཡིན་གྱི། དེ་ནི་རང་བྱུང་ཁམས་ལས་འདས་པའི་གསང་བ་ལྐོག་གྱུར་གྱི་ཆ་ཕྲན་ཙམ་ཡང་མི་འདྲིས། དོན་དངོས་སྟེང། དེ་ཡང་དུས་རབས་བཅུ་དགུ་པའི་བསམ་བློ་གསར་བ་གཞིར་བཟུང་བའི་ཐོག།འགྲོ་བ་མིའི་རིགས་འཕེལ་རྒྱས་ཀྱི་འཆར་སྒོ་ཞིག་ཡིན། ཁཱམ་ཊིའི་ལུགས་ཀྱི་ལྟ་བར་དད་མཁན་ཤེས་ཡོན་ཅན་འགའ་ཞིག་ལས་མེད་ཀྱང༌། ཁོང་གི་ལྟ་བས་ཡོ་རོབ་གླེང་གི་བསམ་བློར་སྒུལ་ཤུགས་ཆེན་པོ་འཐེབས་པས། ཁོའི་ལྟ་བ་དེའང་སྤྱི་ཚོགས་དང་རིག་གནས་བཅས་སུ་འབྲེལ་བའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ནས་འགོ་བརྩམས་པར་བཞེད་ཀྱང་སྲིད་དོ།། 

ཇོན.སི་ཐིར་ཐི.མཱེལ 6(John Stuart Mill) ནི་ཁཱམ་ཊིའི་དུས་མཉམ་གྱི་དབྱིན་ཇིའི་མཚན་ཉིད་སྨྲ་བ་དང་དཔལ་འབྱོར་རིག་པ་མཁན་བཅས་ཡིན། ཁཱམ་ཊིའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཆད་ཁྲིད་དམ་བློ་སྟོན་གྱིས་མཱེལ་ལ་བག་ཆགས་ཟབ་མོ་ཐེབས་པའི་མཐུས། ཁོས་དབྱིན་ཇིའི་ཆབ་སྲིད་དཔལ་འབྱོར་རིག་པའི་སློབ་གླིང་གི་ཁ་ཕྱོགས་གསར་བར་འཁྲིད་པའི་སྟ་གོན་གང་ལེགས་མཛད། དེ་ཡང་ཨ་དྷམ.སི་མེ་ཐིའི (Adam Smith) འཆད་ཁྲིད་དམ་སློབ་སྟོན་གྱི་དངོས་དང་བརྒྱུད་པའི་སྒོ་ནས་བྱུང་ཞིང་འཕེལ་ཏེ། དཔལ་འབྱོར་རིག་པའི་བསམ་བློའི་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འགའ་ཞིག་དྲངས་པ་རེད་མོད། འོན་ཀྱང་ཁོང་གི་སྙན་གྲགས་གནམ་འོག་ཀུན་ལ་ཁྱབ་དོན་ནི། ཁོ་པ་མཁོ་ཕན་རྩ་འཛིན་རིང་ལུགས་ཀྱི་གཙོ་འཛིན་ལྟ་བུ་ཡིན་པས་སོ། ། མཁོ་ཕན་རྩ་འཛིན་རིང་ལུགས (Utilitarianism) ནི་དབྱིན་ཡུལ་དུ་དར་ཡུན་ཅུང་སྔ་བའི་རིག་པའི་གྲུབ་མཐའ་གསར་བ་ཞིག་ཡིན། རིག་པའི་གཞུང་ལུགས་དེའི་ཐད་ལ་མཱེལ་གྱིས་ཆེས་བླ་ན་མཐོ་བའི་མཛད་རྗེས་བཞག་ཡོད།

རིང་ལུགས་དེའི་མིང་བརྡར་བརྟགས་ཚེ། དེ་ལ་མཚན་ཉིད་རིག་པའི་ལམ་སྟོན་མཛད་པ་ནི་མཁོ་ཕན་བཀོད་སྤྱོད་ལེགས་པོ་ཞིག་ཏུ་འཁུམས། མི་གྲངས་ཆེས་མང་ཤོས་ཀྱི་བདེ་སྐྱིད་ཆེས་ཆེན་པོ (the greatest happiness of the greatest number ༼ཡང་ན་དགའ་བ་ཆེས་མང་ཤོས་དེ་ཆེས་དགའ་བའི་དངོས་པོ་ཡིན་ཞེས་ཀྱང་བཞེད______སྒྱུར་བ་པོའི་མཆན༽ ནི་མཁོ་ཕན་རྩ་འཛིན་རིང་ལུགས་ཀྱི་རྩ་བའི་རྣམ་གཞག་ཡིན་དུས། དེ་ཡང་ལེགས་ཉེས་ཀྱི་ཚོད་ལྟའི་རྒྱུགས་བཤེར་ཉིད་དོ།། ལར་བསམ་སྦྱོར་ཡོད་ཚད་མིའི་བདེ་སྐྱིད་མཐོར་འདེགས་ལ་གཞོལ་པས་ཡང་དག་པར་བཀྲལ་ཞིང་བདེ་སྐྱིད་གོ་ལྡོག་ཏུའང་འཇུག་པས་ནོར་འཆུག་ཏུ་སྨྲ་ཡི་ཡོད། སྤྱི་ཚོགས་སམ་སྲིད་གཞུང་གང་ཞིག་ཡིན་རུང༌། “མི་གྲངས་ཆེས་མང་ཤོས་ཀྱི་བདེ་སྐྱིད་ཆེས་ཆེན་པོའི” ལྟ་ཚུལ་དེ་མཐོར་འདེགས་ཀྱི་སྟེང་ནས་སྒྲིག་འཛུགས་དོ་དམ་གནང་གི་ཡོད། ལྟ་ཚུལ་འདི་དག་སྔ་མ་སྔ་མའི་མི་ཚང་མ་སྐྱེས་ཐོབ་འདྲ་མཉམ་ཡིན་པའི་མང་གཙོ་རིང་ལུགས་དང་ཅུང་མི་འདྲ་བ་རེད། “མི་གྲངས་ཆེས་མང་ཤོས་ཀྱི་བདེ་སྐྱིད་ཆེས་ཆེན་པོ” ཡིས་སྡུག་མྱོང་མཁན་ཉུང་ཤོས་ཀྱི་སླད་དུ་རང་སྲོག་བློས་གཏོང་གི་བསམ་པའི་རེ་འདུན་བསླངས་པ་ཞིག་ཡིན་ཡང་སྲིད་པ་རེད།

བུ་མོ་ལགས། ངོས་ཀྱིས་ཁྱེད་ལ་ལྟ་ཚུལ་བསམ་ཚུལ་མི་འདྲ་བ་འདི་རིགས་དམར་ཁྲིད་བྱས་ཀྱང༌། ངེད་གཉིས་ཀྱིས་བླང་བྱ་འདིའི་ཐད་བགྲོ་གླེང་གྲོས་བསྡུར་བྱེད་པའི་དགོས་པ་ཆེར་མི་མཆིས་ཏེ། གོང་གི་རྒྱུ་མཚན་དེ་དག་ལ་དཔྱད་ན། མང་གཙོ་ནི་སྤྱི་མང་གི་ཁེ་དབང་ལ་གོ་ཡི་འདུག ཇོན.སི་ཐིར་ཐི.མཱེལ་ནི་མི་སྒེར་རང་དབང་གི་མང་གཙོའི་བསམ་བློ་བརྩོན་ལེན་གནང་མཁན་སྟོབས་ཅན་ཞིག་ཡིན། ཁོང་གིས་བརྩམས་པའི “རང་དབང་གི་རྣམ་བཤད” (On Liberty 1859) ཅེས་པའི་གསུང་རྩོམ་དེའང་སྙན་པའི་བ་དན་སྲིད་ན་གཡོ་བ་སྨོས་མེད་རེད། བུ་མོ་ལགས། འདིར་ངས་ཁྱེད་ལ་ཁོང་གི་གསུང་རྩོམ་ཁྲོད་ཀྱི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་གི་སྙིང་བསྡུས་ཤིག་འཆར་པར་བྱའོ།།

དེ་ཡང་མི་སྲུན་བྱེ་བྲག་པའི་ངག་ལ་གསན་ཏེ་ལྟ་ཚུལ་བསྙད་པ་ནི་འགྲོ་བ་མིའི་རིགས་ལ་ཆོས་གོས་ཤིག་བགོས་སུ་བཅུག་པ་ཡིན་ཁར། ང་ཚོའི་རྗེས་རབས་པ་རྣམས་ཀྱང་འཚོ་ཞིང་སྡོད་པའི་དེང་གི་མི་རབས་འདིའི་རིགས་རྒྱུད་དུ་སྤེལ་རྩིས་རེད་མོད། འོན་ཀྱང་ལྟ་བ་དེ་འདྲར་ཡི་མི་རངས་པའི་མི་འབོར་ནི་དད་ཅིང་སྨོན་པའི་མི་གྲངས་ལས་བརྒལ་ཡོད། གལ་སྲིད་དེ་ནི་ལྟ་ཚུལ་ཡང་དག་ཅིག་ཡིན་དུ་ཆུགས་ཀྱང༌། ཁོང་ཚོར་ནོར་འཆུག་ཡོ་བསྲང་བྱ་བའི་གོ་སྐབས་ཕྲན་ཙམ་ཡང་ཡོད་མི་འགྱུར། གལ་སྲིད་དེ་ནི་གནོན་གྱི་ལྟ་བ་ཞིག་ཡིན་ན་ནི། ཁོ་ཚོས་ཕམ་ཁ་མྱོང་རྒྱུ་ལས་མེད་དུས། ཆེས་བླ་ན་མེད་པའི་ཕན་བདེ་ནི་ཅི་ཞིག…………. ང་ཚོས་རྨེག་མེད་དུ་གནུབས་པར་བརྟུན་པའི་ལྟ་བ་དེ་ནི་བརྫུས་ཆོས་ཤིག་ཏུ་སུ་ཡིས་ཀྱང་བསྙོན་འདིང་མི་ནུས། གལ་ཏེ་ང་ཚོས་སྤོབས་པའི་དབང་དུ་ཆུགས་ཀྱང༌། ལྟ་བ་དེ་དྲག་འདུལ་བགྱི་བ་ནི་མ་རུང་གནོད་ཀྱི་སྦྱོར་བ་ཉིད་དོ།།

བསམ་བློའི་ཁྱོར་སོ་དེ་འདྲ་ནི་ཆོས་ལུགས་ལྟ་གྲུབ་དང་བཙན་ཤེད་ལམ་ལུགས་གང་ལའང་འགྲིག་ཐབས་མེད་ཅིང༌། དེ་ཡང་བདེན་དོན་འཚོལ་དཔྱོད་བྱེད་པའི་མཚན་ཉིད་རིག་པ་མཁན་ཞིག་གི་བསམ་བློའི་འཁྱེར་སོ་རང་རེད། བུ་མོ་ལགས། ངས་ཁྱེད་ལ་དུས་རབས 19 པའི་ཡོ་རོབ་ནུབ་མའི་བསམ་བློ་མཁས་ཆེན་ཁ་ཅིག་གི་མིང་བྱང་བཀོད་དེ། ཁོང་ཚོའི་བསལ་བློའི་ཤུགས་རྐྱེན་དེ་ཇི་ལྟར་ཐེབས་ལུགས་དང༌། ཁོང་རྣམས་ནི་བསམ་པའི་འཇིག་རྟེན་སྟེང་ཏུ་ལོ་རྒྱུས་ཀྱི་མཚམས་རྟགས་ལྟ་བུའི་ཞབས་འདེགས་ཞུས་མྱོང་བ་བཅས་ཁུངས་སྐྱེལ་ར་སྤྲོད་བགྱིས་པ་ཡིན། ཡིན་ནའང་སྐྱེས་ཆེན་དེ་དག་གམ་དེ་སྔའི་འཆར་ཅན་གྱི་མང་གཙོ་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་དེས་ཧ་ལམ་སྐབས་དེའི་ཤེས་ཡོན་པའི་སྡེ་ལ་བཀག་རྒྱ་མི་ཉུང་བ་བཟོས་ཤིང༌། ཆེ་ས་ནས་ཤན་ཤུགས་གང་དེ་ནི་ཤེས་ཡོན་པའི་དངོས་དང་བརྒྱུད་པའི་སྒོ་ནས་བྱུང་ཞིང་ཁྱབ་པར་གྱུར་བ་རེད། མང་ཚོགས་ནང་ཐད་ཀར་ཐེབས་པའི་ཤུགས་རྐྱེན་ཆུང་ཡང༌། ཐད་ཀ་མ་ཡིན་པའི་མང་གཙོའི་བསམ་བློའི་ཤན་སྟོབས་ནི་རབས་ཏུ་ཆེ། ཐ་ན་དོན་གནད་འགའ་ཞིག ༼འདེབས་བསྐོའི་རེ་འདོད་ལྟ་བུ༽ གི་སྟེང་ཐད་ཀར་ཐེབས་པའི་ཤན་ཤུགས་ནི་དེ་བས་ཀྱང་བླ་ལྷག་གིས་ཆེའོ།།

དུས་རབས་བཅུ་དགུ་པའི་ཡོ་ལང་རེ་ཞིག་འཇགས་པའི་མོད་ལ། སྤྱི་ཚོགས་རིང་ལུགས་དང་གྲལ་རིམ་འཐབ་རྩོལ་ལས་འགུལ ༼བཟོ་ཞིང་མི་དམངས༽ གྱི་བསམ་བློ་འཕེལ་རྒྱས་སུ་ཕྱིན། འདི་རིགས་ལ་ཉེ་བའི་ཆར་གྱི་མང་གཙོའི་རྒྱལ་ཁབ་ཁག་གི་ཤུགས་རྐྱེན་ཐེབས་པས། ཁོང་ཚོ་རང་ཉིད་ལའང་ཤན་མི་འཐེབས་ག་ལ་སྲིད། མི་འགའ་ཞིག་གིས་སྤྱི་ཚོགས་རིང་ལུགས་ནི་མང་གཙོའི་གདམ་ཀ་ལྟ་བུར་མཐོང་གི་ཡོད། ལས་ཤས་ཤིག་གིས་སྤྱི་ཚོགས་རིང་ལུགས་ནི་མང་གཙོའི་དགོས་མཁོ་ཞིག་ཏུ་འདོད། ང་རང་ཚོས་དེ་ལྟའི་མང་གཙོ་ནི་རྒྱལ་ཁབ་ཡོད་དོ་ཅོག་རང་དབང་འདྲ་མཉམ་ཡིན་ཞིང༌། སོ་སྐྱེས་རེ་རེའི་རང་དབང་འདྲ་མཉམ་ནི་མིའི་བདེ་སྐྱིད་དུ་མཐོང་གི་ཡོད། ཡིན་ནའང་རིང་པོ་མ་ལོན་པར། ཁོ་ཚོས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་གྱིས་མི་ལ་བདེ་སྐྱིད་འཐོབ་ཐབས་མེད་པ་རྟོགས་བྱུང༌། དེ་ཡང་ཕྱོགས་གཞན་ནས་ལུས་ཕུང་གི་བདེ་ཐང་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་དེའོ།།

བཀྲེས་ལྟོགས་མྱོང་གིན་པའི་མི་ཞིག་ལ་མཚོན་ནས་བཤད་ན། བདེ་སྐྱིད་ཅིག་གཞར་ཡང་མེད་པས། ལྟ་ཚུལ་དེས་ཁོ་ཚོར་བདེ་སྐྱིད་དངོས་ནི་མིའི་བདེ་ཐང་ཇེ་ལེགས་སུ་གཏོང་བར་རག་ལས་པའི་བློ་རྒྱ་བསྐྱེད་དེ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་དུ་སྣེ་ཁྲིད། བུ་མོ་ལགས། གླེང་གཞི་འདི་རིགས་ཐེངས་རྗེ་མའི་འཕྲིན་ཡིག་ཏུ་བརྗོད་པར་བྱའོ།།

དུས་རབས 19 པའི་དུས་ཕྱེད་ཀྱི་མང་གཙོ་དང་མི་རིགས་རིང་ལུགས་ཀྱི་ལག་གདང་སྦྲེལ་ཏེ། ག་ས་གང་དུ་བརྡབ་གསིག་དང་མནར་གཅོད་མྱོང་གིན་པའི་རྒྱལ་དམངས་ཀྱིས་རང་དབང་གི་སླད་དུ་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་ཡ་ང་བ་བྱེད་བཞིན་མཆིས། ཨེ་ཌ་ལིའི་མི་རིགས་རིང་ལུགས་ཀྱི་གཙོ་འཛིན་པ་མཱ་ཛེ་ནཱེ (Mazzini 1805~72) ནི་མང་གཙོའི་རྒྱལ་གཅེས་རིང་ལུགས་པ་འདི་རིགས་ཀྱི་དཔེ་བཟང་མི་སྣ་འཁྲུལ་མེད་ཅིག་ཡིན། དུས་རབས་བཅུ་དགུ་པའི་མཇུག་གི་མི་རིགས་རིང་ལུགས་པ་ཚོའི་མང་གཙོའི་རང་རྣམ་རིམ་གྱིས་ཤོར་ཏེ། སྔར་བས་གཉའ་གནོན་དང་སྒེར་གཅོད་པར་གྱུར་བའི་དུས་མཚུངས་སུ། རྒྱལ་ཁབ་དེ་དག་ནི་མང་ཚོགས་ཀྱིས་མི་ཕྱེད་པའི་དད་འདུན་ཡིད་ལ་བཅགས་དགོས་པ་ཞིག་ཏུ་གྱུར་ཏོ།།

དབྱིན་ཇིའི་ཟོང་བ་ཚོ་ཚོང་ཟོག་ཐོན་སྐྱེད་གསར་བའི་བདག་པོ་ཡིན། ཁོ་ཚོ་མི་མང་བཅིངས་འགྲོལ་གྱི་ཁེ་དབང་དང་ཚད་མཐོ་བའི་མང་གཙོའི་རྩ་དོན་ལ་སྤྲོ་སྣང་དེ་ཙམ་མེད། ཡིན་ནའང༌། ཁོ་ཚོས་མི་མང་གི་རླབས་ཆེའི་བཅིངས་འགྲོལ་ནི་ཚོང་ཟོང་ལས་རིགས་ཀྱི་ཁེ་ཕན་ཞིག་ཀྱང་ཡིན་པའི་ངེས་པ་བརྙེད། དེ་ཡང་བཟོ་བའི་ལས་ཕྱོད་མཐོར་རུ་འདེགས་པའི་ཁར། ཁོང་ཚོར་རང་དབང་འགའ་ཞིག་གི་འཁྲུལ་སྣང་བསྐྱེད་དེ། ཁོ་ཚོ་ལས་གནས་སུ་དོན་གོ་བླ་ལྷག་གིས་ཆོད་པར་བསྐུལ། དེའི་རྐྱེན། བཟོ་ལས་ཐོན་སྐྱེད་དོན་ཐོག་ཏུ་འཁྱོལ་ཕྱིར། ཐོས་པ་ཀུན་
སྨོན་གྱི་སློབ་གསོའི་རེ་སྐུལ་བསླངས་ཤིང༌། བཟོ་བ་དང་ཚོང་པ་ཚང་མས་ལྷག་བསམ་རྣམ་དག་གིས་མི་དམངས་ཀྱི་འདོད་འདུན་འདི་རིགས་མངོན་འགྱུར་བྱེད་པར་དང་ལེན་བྱས། རྗེས་སོར་དུས་རབས 20 པའི་དུས་དཀྱིལ་དུ་སླེབས་པ་ན། དབྱིན་ཡུལ་དང་ཡོ་རོབ་ནུབ་མའི་མང་ཚོགས་ཁྲོད་དུ་དེ་ལྟའི་སློབ་གསོ་སྒྲུབ་པའི་བྱ་འགུལ་ མང་དུ་སྤེལ་ཞིང་འཕེལ་ཡོད་ལས་ཆེའོ།།

1933 ལོའི་ཟླ 2 པའི་ཚེས 10 ཉིན་སྦྱར།


ཟུར་མཆན།

1 (Jacobins) ཇེ་ཁའོ་བྷན་ནི 1789 ལོར་ཧྥ་རན་སིའི་གྲོང་ཁྱེར་ཕཱེར་སི (Paris) ནང་བཙུགས་པའི་མང་གཙོའི་ཚོགས་པ་ཞིག་ཡིན།

2རཱོ་བྷེ་སི་ཕཱེ་ཨར (Robespierre1758~94) ནི་ཧྥ་རན་སིའི་གསར་བརྗེ་བ་དང་རྒྱལ་དམངས་ཚོགས་ཆེན་གྱི་གཙོ་འཛིན་པ་བཅས་ཡིན་ཞིང༌། 1794 ལོར་ཁོས་ཧྥ་རན་སིའི་རྒྱལ་ཐོག་བཅུ་དྲུག་པ་ལའོ་སི (Louis XVI) ལ་རྒྱབ་འགལ་དང་དྲག་སྤྱོད་རྩ་འཛུགས་གནང་བར་ཕམ་ཉེས་བྱུང་སྟེ་ལོ་དེར་རང་མགོ་དགྲ་ལག་ཏུ་ཤོར།

3 (Shelley 1792~1822) ཞའེ་ལའེ་ཞུ་བ་དབྱིན་ཇིའི་སྲིད་དོན་སྙན་དངགས་མཁན་ཞིག་ཡིན།

4 (the radicals) རྨང་བཅོས་རིང་ལུགས་ནི་དུས་རབས་བཅུ་དགུ་པའི་དབྱིན་ཇིའི་གྲོས་ཚོགས་ཀྱི་སྲིད་ཚོགས་ཤིག་རེད། སྲིད་ཚོགས་འདིས་སྔ་མའི་རྨང་བཅོས་རིང་ལུགས་ཀྱི་ལྟ་བ་དྲངས་ཏེ་ཐོག་མའི་སྲིད་ཚོགས་དེ་དེང་གི་ངལ་རྩོལ་ཚོགས་པར་བསྒྱུར་བཅོས་མཛད་པར་གྲགས།

5 (Comte 1798 ~ 1857) ཁཱམ་ཐི་ནི་ལོའི་དབར་མི་ཡུལ་དུ་འཚོ་ཞིང་ཧྥ་རན་སིའི་མཚན་ཉིད་རིག་པ་མཁན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བའི་སྲོལ་གཏོད་པ་པོའི་ཁྲོད་ཀྱི་གཅིག་ཡིན།

6 (John Stuart Mill (1806~1873) ཇོན.སི་ཐིར་ཐི.མེལ་ནི་དབྱིན་ཇིའི་མཚན་ཉིད་རིག་པ་མཁན་དང༌། དཔལ་འབྱོར་རིག་པ་མཁན། ལོ་རྒྱུས་སྨྲ་བ་བཅས་སུ་འབོད།


སྲིད་འཛིན་ནཱེ་རཱོ་ཡིས་བརྩམས། ན་བུན་གྱིས་བསྒྱུར།
ཡོང་ཁུངས།  རང་གྲོལ་སྨྱུག་གསར་དྲ་བ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
སྲིད་བློན་ནཱེ་རཱོ་མཆོག་གིས་དགོངས་པ་གཏིང་ཟབ་བཞེས་འདུག དེ་ཚོའི་ཐོག་ལ་མང་ཚོགས་ཀྱིས་གོ་རྟོགས་དགོས་པ་ཧ་ཅང་གལ་ཆེན་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།