སྐད་གསར་བཅད་ཐེངས་གསུམ་བྱས་པའི་དུས།

༡ རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྐད་གསར་བཅད༼བསྒྱུར་ཆོས༽དང་པོ་ཞེས་བརྡ་ཆད་བྱས་པ་ཡིན།

༢ དུས་རབས་བརྒྱད་པའི་བར་ནས་དུས་རབས་དགུ་བའི་དུས་མགོ་སྟེ། རྒྱལ་བོ་ཁྲི་ལྡེ་སྲོང་བཙན་ནས་ཁྲི་རལ་བ་ཅན་གྱི་རིང༌། ལོ་དྲུག་ཅུ་ལྷག་ལ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ཀྱིས་སྐད་གསར་བཅད་ཐེངས་གཉིས་པ་བྱས་པ་ཡིན།

༣ དུས་རབས་བཅུ་གཅིག་ནས་དུས་རབས་བཅོ་ལྔའི་བར་དཀྱིལ་ཏེ། བསྟན་པ་ཕྱི་དར་གྱི་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་བྱོན་པའི་བར་ལོ་བཞི་བརྒྱ་ལྷག་ལ་མདོ་རྒྱུད་ཀྱི་བརྡ་ཆད་མང་པོ་གཏན་ལ་ཕབ་སྟེ་ཡི་གེའི་དག་ཆ་མཛད་པ་དེར་སྐད་གསར་བཅད་ཐེངས་གསུམ་པ་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
དྲི་བ། བཀས་བཅད་དང་སྐད་གསར་བཅད་གཉིས་ལ་ཁྱད་པར་གང་ཡོད་པ་དང་ཡང་སྙིང་བཀས་བཅད་དམ་སྐད་གསར་བཅད་ཐེངས་ག་ཚོད་མཛད་ཡོད་དམ།
ལན་ཞུ། བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ཁག་གི་ནང་བཀས་བཅད་དང་སྐད་གསར་བཅད་ཅེས་པའི་ཐ་སྙད་དག་སྤྱད་དེ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སོགས་ཀྱི་དུས་སྐབས་སུ་བྱུང་བའི་བོད་ཀྱི་སྐད་ཡིག་ཁྲོད་ཀྱི་ཐ་སྙད་ལ་བསྒྱུར་བཅོས་དང་གཅིག་གྱུར་གནང་བའི་གནས་ཚུལ་དེ་དག་མཚོན་པར་བྱེད། དེས་ན་སྐབས་འདིར་ཐོག་མར་གླེང་བར་འདོད་པ་ནི་ཐ་སྙད་དེ་གཉིས་ལ་ངོས་འཛིན་ཇི་ལྟར་བྱེད་དགོས་མིན་དང༌། བཀས(སྐད)བཅས་ཐེངས་ག་ཚོད་མཛད་ཡོད་མེད། དེ་གཉིས་དབར་ལ་ཁྱད་པར་གང་ཡོད་མེད་བཅས་ཡིན།
༼དང་པོ། ཐ་སྙད་ཀྱི་ངོས་འཛིན་སྐོར། གཅིག བཀས་བཅད་ཅེས་པའི་ཐ་སྙད་ཀྱི་ངོས་འཛིན། བཀས་བཅད་ཅེས་པའི་ཐ་སྙད་དེ་ནི་རྒྱལ་པོའི་བཀའ་ཡིས་ཐག་བཅད་ཅེས་པའི་ཚིག་དེ་མདོར་བསྡུས་ནས་བྱུང་བ་ཞིག་ཡིན། འོ་ན་སྐབས་འདིར་བཀའ་བཏང་བའི་སྒོ་ནས་གནས་ཚུལ་ཅི་ཞིག་ཐག་བཅད་དམ་ཞེ་ན། དེ་ནི་རྒྱལ་པོས་ལོ་ཙཱ་བ་རྒན་དར་གཞོན་གསུམ་སོགས་སྐུལ་ནས་བོད་སྐད་ཡིག་ཁྲོད་ཀྱི་ཐ་སྙད་རྙིང་པ་འགའ་ཡིག་ཟོར་ཡང་དུ་བཏང་བ་དང་ཐ་སྙད་གསར་པ་འགའ་བཀའ་བསྒོ་བའི་རྣམ་པའི་ཐོག་ནས་བོད་མིའི་རིག་གཞུང་དང་འཚོ་བའི་ཁྲོད་དུ་གཅིག་གྱུར་གྱིས་བེད་སྤྱོད་བྱེད་དགོས་པའི་ཐག་གཅོད་མཛད་པ་དེར་ཟེར་བ་ཡིན། གཉིས། སྐད་གསར་བཅད་ཅེས་པའི་ཐ་སྙད་ཀྱི་ངོས་འཛིན། སྐད་གསར་བཅད་དམ་སྐད་བཅད་ཅེས་པའི་ཐ་སྙད་འདི་ཡི་དོན་ནི་སྤྱིར་རྒྱལ་པོའམ་མཁས་པ་གང་རུང་ཞིག་གིས་བོད་སྐད་ཡིག་ནང་གི་ཐ་སྙད་དང་ཕྲད་རྐྱེན་སོགས་ཕྱོགས་འགར་གསར་དུ་བཟོ་བཅོས་མཛད་དེ་ཐག་བཅད་ནས་དེ་ཀུན་ལ་གྲགས་པར་བྱེད་པ་ལྟ་བུ་ཞིག་ཡིན།
༼གཉིས་པ། བཀས་བཅད་དང་སྐད་བཅད་གནང་བའི་ཐེངས་གྲངས། གཅིག བཀས་བཅད་ཐེངས་མ་གཉིས། ཆོས་འབྱུང་དེབ་ཐེར་ཁག་ལས་བོད་ཀྱི་ལོ་རྒྱུས་ལ་ཁྱོན་ཡོངས་ནས་ཞིབ་དཔྱོད་བྱས་ཚེ་ང་ཚོས་བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས་སུ་ཁྱོན་བཀས་བཅད་ཐེངས་མ་གཉིས་གནང་བ་ཤེས་ཐུབ་སྟེ། ༡ བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་སྐ་ཅོག་ཞང་གསུམ་སོགས་ཀྱིས་བཀས་བཅད་དང་པོ་གནང་བ་དང༌། ༢ བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དབོན་སྲས་མངའ་བདག་ཁྲི་རལ་དང་ཁྲི་ལྡེ་སྲོང་བཙན་གཉིས་ཀྱིས་བསྐྱར་ཡང་ལོ་ཙཱ་བ་རབ་འབྲིང་ཐ་གསུམ་སོགས་སྐུལ་ཏེ་བཀས་བཅད་ཐེངས་མ་གཉིས་པ་གནང་བ་ང་ཚོས«སྒྲ་སྦྱོར་བམ་གཉིས»དང་«བྱེ་བྲག་རྟོགས་བྱེད»གཉིས་ལས་ཤེས་ཐུབ་བོ།། གཉིས། སྐད་བཅད་ཐེངས་མ་གསུམ། འབྲི་ཀློག་མི་བདེ་བའི་བརྡ་རྙིང་འགའ་ཞིག་གི་ཟུར་དོར་ཏེ་ཀློག་བདེ་བའི་སྐད་ཡིག་གཏན་ལ་ཕབ་པ་གསུམ་སྟེ། ༡ བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་སྐད་བཅད་དང་པོ་གནང༌། ༢ ཁྲི་ལྡེ་སྲོང་བཙན་དང་མངའ་བདག་ཁྲི་རལ་གྱི་སྐུ་དུས(སྐད་བཅད་དང་པོ་དང་གཉིས་པ་གནང་མཁན་གཙོ་བོ་ནི་ལོ་ཙཱ་བ་རབ་དགུ་སོགས་ཡིན)སུ་སྐད་བཅས་གཉིས་པ་གནང༌། ༣ ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་བྱོན་པའི་ལོ་ཙཱ་ཆེན་པོ་རིན་ཆེན་བཟང་པོ་ནས་དྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཀྱིས་སྐད་བཅད་གསུམ་པ་གནང་བ་ཡིན།
༼གསུམ་པ། བཀས་བཅད་དང་སྐད་གསར་བཅད་གཉིས་ཀྱི་ཁྱད་པར། དེས་ན་བཀས་བཅད་ཅེས་པ་ནི་བཙན་པོའི་རྒྱལ་རབས་ཀྱི་དུས་ཁོ་ན་མ་གཏོགས་ཡོང་ཐབས་མེད་པ་ཞིག་ཡིན་གང་ལགས་ཤེ་ན། ལོ་ཆེན་རིན་ཆེན་བཟང་པོའི་སྐུ་དུས་སུ་བཙན་པོ་མེད་པས་བཀའ་ཡིས་ཐག་གཅོད་མཛད་ཐབས་ག་ལ་ཡོད། མདོར་ན་བོད་ཀྱི་ལོ་རྒྱུས་ཐོག་བཙན་པོའི་རྒྱལ་རབས་མ་འཐོར་བའི་གོང་དུ་བཀས་བཅད་དམ་སྐད་གསར་བཅད་ཐེངས་མ་གཉིས་གནང་བ་དེ་ནི་ཡོངས་སུ་གཅིག་མཚུངས་སུ་ངོས་འཛིན་བྱས་ན་ཆོག་པ་ཞིག་ཡིན་ནའང་བཙན་པོའི་རྒྱལ་རབས་འཐོར་བཞིག་ཏུ་སོང་རྗེས་སྐད་བཅད་ཐེངས་གཅིག་བྱུང་བ་ལ་བཀས་བཅད་ཅེས་པའི་ཐ་སྙད་དེ་སྦྱར་ན་དོན་ལ་མི་གནས་པར་མཐོང་ངོ༌།། འོན་ཀྱང་ད་དུང་འགའ་ཞིག་བཀས་བཅད་དང་སྐད་བཅས་སྒྲ་འདྲར་འཁྲུལ་ཏེ་ལོ་རྒྱུས་ཐོག་བཀས་བཅད་ཐེངས་མ་གསུམ་གནང་བ་རེད་ཟེར་མཁན་ཡང་གདའ།
༼གལ་ཏེ་འགའ་ཞིག་གིས་ཨུ་ཚུགས་ཀྱིས་སྒོ་ནས་བཀས་བཅད་གསུམ་གནང་མྱོང་ཟེར་ན་ཞར་བྱུང་དུ་ང་ཚོས་བཀས་བཅད་གསུམ་ལ་ངོས་འཛིན་འདི་ལྟར་བྱས་ཆོག དེ་ཡང་སྔར་བོད་རྗེ་མངའ་བདག་ཁྲི་རལ་པ་ཅན་གྱིས་བཀའ་བསྟན་བསྒྱུར་རྒྱུའི་སྐོར་ལ་མཛད་པའི་བཀའ་ཡིས་སྒོ་ནས་ཐག་བཅད་པ་གསུམ་སྟེ། ༡ ཕྱིན་ཆད་བོད་འདིར་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གཞན་པའི་སྡེ་པ་མི་འཛུགས་པ་དང༌། དེ་དག་གི་སྡེ་སྣོད་མི་བསྒྱུར་བ། ༢ སྔགས་མ་རྒྱུད་རྣམས་མི་བསྒྱུར་བ། ༣ བྲེ་སྲང་དང་ཞོ་ཆ་སོགས་འཇལ་ཆས་རྣམས་རྒྱ་གར་མ་ག་དྷའི་ཡུལ་གྱི་ཚད་དང་མཐུན་པར་འཆོས་དགོས་ཞེས་པ་བཅས་བཀའ་གཙིགས་ཀྱིས་བཅད་པ་དེ་རྣམས་སོ།། འོན་ཀྱང་དེ་དག་དེ་དག་ནི་ཁྲིམས་སྲོལ་གཞན་གྱི་ཁོངས་སུ་འདུ་བ་ལས་སྐད་བཅད་དང་འབྲེལ་བ་མེད་དོ།།
བོད་ཀྱི་བཀས་བཅད་ཐེངས་གསུམ་ཞེས་པ་ནི་བོད་ཀྱི་དུས་རབས་སོ་སོའི་ལོ་ཙཱ་བ་རྣམས་ནས་སྐད་ཡིག་གཅིག་མཐུན་ཡོང་ཆེད་ཡུལ་ཐ་དད་པའི་མིང་དུ་མའམ་བརྡ་རྙིང་པ་རྣམས་སྐད་གསར་བ་དང་བསྟུན་ནས་བཟོ་བཅོས་བྱས་རྗེས་རྒྱལ་པོས་དེ་ལྟར་བཀའ་ཡིས་ཐག་བཅད་དེ་ཁྱབ་བསྒྲགས་ཐེངས་གསུམ་བྱས་པ་དེ་ལ་ཟེར་བ་ཡིན་ཏེ། དེ་ཡང་བཀས་བཅད་གང་ཞིག་རྒྱལ་པོ་གང་གི་རིང་ལ་བྱས་ཚུལ་གྱི་ཐད་དུ་བཞེད་པ་དུ་མ་ཡོད་ཀྱང་ཡོངས་གྲགས་ལྟར་ན་བཀས་བཅད་དང་པོ་ནི་སློབ་དཔོན་ཐོན་མི་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་༼གཙོ་ཆེར་ཁྲི་སྲོང་ལྡེ་བཙན་གྱི་དུས་ཡིན་པ་འདྲ༽གྱི་བར་དུ་བཀས་བཅད་ཀྱིས་བསྒྱུར་པའི་སངས་རྒྱས་ཕལ་པོ་ཆེ་དང༌། ལུང་སྡེ་བཞི་དང༌། མདོ་སྡེ་ཁ་ཅིག་དང༌། ཤེར་ཕྱིན་གྱི་མདོ་ཁ་ཅིག་གཏན་ལ་ཕབ་པ་དེ་ལ་ཟེར།
བཀས་བཅད་ཐེངས་གཉིས་པ་ནི་བཙན་པོ་ཁྲི་རལ་བ་ཅན་གྱི་དུས་སུ་ལོ་ཙཱ་པ་སྐད་ཅོག་ཞང་གསུམ་སོགས་ཀྱིས་སྔར་གྱི་འགྱུར་རྣམས་ལ་དག་བཅོས་དང༌། སྐ་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་མཛད་པར་བཤད། དེ་ཡང་འབྲིང་བ་ལ《སྒྲ་སྦྱོར་བམ་གཉིས》ཟེར། དེའི་ནང་དུ་ཆོས་གཞུང་སྒྱུར་སྐབས་བརྩི་འཇོག་བྱེད་དགོས་པའི་རྩ་དོན། བྱེ་བྲག་ཏུ་ཇི་ལྟར་སྒྱུར་བའི་ཐབས། ཡིད་འཇོག་བྱེད་དགོས་པའི་དོན་ཚན་སོགས་ཞིབ་ཏུ་བཀོད་ཡོད་པ་རེད།
བཀས་བཅད་གསུམ་པ་ནི་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་བྱང་ཆུབ་འོད་ཀྱི་རིང་ལ་ལོ་ཙཱ་བ་རིན་ཆེན་བཟང་པོས་གཙོ་མཛད་ནས་སྔར་འགྱུར་ནང་གི་བརྡ་རྙིང་པ་རྣམས་སྐད་གསར་བ་དང་བསྟུན་ནས་དག་བཅོས་བྱས་ཏེ་གཏན་ལ་ཕབ་པ་དེ་ལ་ཟེར་བ་ཡིན་ནོ།།
སྐུ་མཁྱེན་ཁྱེད་ཉིད་ཀྱི་དྲ་རྒྱར་བཞུགས་པའི་སྐད་གསར་བཅད་སྐོར་གྱི་དཔྱད་རྩོམ་དེ་ཆ་ཚང་ཞིག་ངའི་གོང་གི་གློག་འཔྲིན་ཁ་བྱང་དེར་བསྐུར་རོགས་གནོངས། ཐུགས་རྗེ་ཆེ།
ཧ་ཅང་ཡག་པོ་འདུག་སྟེ་ཅུང་ཉུང་དྲགས་པ་ལྟ་བུ་ཞིག



བརྗོད་གཞི་གཞན་ཁག་ལ་གཟིགས།