ཕུན་དབང་རྒྱལ་ཚོང་པ་ཡིན་མིན་དང་ཁོང་ལ་གདེང་འཇོག་བྱེད་པ།

རྩོམ་ཡིག་གི་ཐོ་གཞུང༌།
ཕུན་དབང་རྒྱལ་ཚོང་པ་ཡིན་མིན་དང་ཁོང་ལ་གདེང་འཇོག་བྱེད་པ།
ལྔ། ཕུན་དབང་བོད་གཞུང་ལ་འབྲེལ་བ་བྱུང་སྟངས་ཀྱི་རིམ་པ།
ཤོག་ངོས་ཀུན།

ངེད་ཀྱི་དབུ་མའི་ལམ་གྱི་འཐབ་གྲོགས་རྒན་པ་སྐུ་གཤེགས་པར་མྱ་ངན་ཞུ་ཚིག་ཐུང་ངུ། ཤར་ཕྱོགས་ཁུག་རྟ།
༄༅། ། རྣམ་དཔྱོད་མེ་ལྟར་འབར་བའི་དཔའ་བོ་དང་མཁས་དབང། བོད་མིའི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་ཆབ་སྲིད་པ་གྲགས་ཅན། དབུ་མའི་ལམ་གྱི་གཞུང་ལུགས་སྨྲ་བ་པོ་དང། དེའི་ཉམས་ལེན་པ། དབུ་མའི་ལམ་གྱི་ཆེས་བཀུར་བར་འོས་པ་དང་སློབ་སྦྱོང་བྱེད་འོས་པའི་ངེད་ཀྱི་འཐབ་གྲོགས་རྒན་པ། བོད་མི་རིགས་ཀྱི་སྣོད་བཅུད་གཉིས་ཀ་གཡང་སར་གནས་པའི་སྐབས་འདིར་དེ་སྐྱོབ་པའི་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཚང་ལ་མ་ནོར་བས་རྒྱུད་གཏམས་ཤིང། རྒྱལ་སྤྱིའི་དཔལ་འབྱོར་ཁྲོམ་རྭའི་བཀའ་བཀོད་འོག་གི་སྲིད་དོན་ནམ་མཁའ་འགྲིམས་ལ་བྱ་རྒྱལ་ཁྱུང་ཆེན་ཡིན་ཡང་དམན་སར་འགོད་པ། མདོར་ན་བོད་མིའི་ཉེ་རབས་ལོ་རྒྱུས་ཀྱི་སྲོག་འཛིན་མི་སྣ་དང། བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་བྱུང་རབས་ཐུགས་ལ་གསལ་བོར་ཆུད་ཅིང།

བོད་མི་རིགས་གསོན་སར་འཁྲིད་པའི་ལམ་སྟོན་དང་ལག་ལེན་གཉིས་ལྡན་གྱི་སྐུ་ཞབས་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་སྐུ་གཤེགས་པ་ནི་བློ་ཕམ་ཚད་ལས་འདས་པའི་གནས་སུ་ཆེ་ཡང། ''མི་སེམས་བཟང་བྱས་ཅན་ཚེ་རིང་''ཟེར་པའི་རྒྱ་བོད་གཉིས་ཀར་གཏམ་དཔེ་ཡོད་པ་བཞིན། སྐུ་གཤེགས་དམ་པ་ཁོང་ཚེ་ལོ་མཐར་ཕྱིན་ཏེ་དགོངས་པ་རྫོགས་པ་ཡིན་སྟབས་དགུང་གྲངས་ཀྱི་བབ་ལ་བལྟས་པས། བོད་ཕྱི་རབས་པ་ཆོས་སྲིད་གཉིས་ཀའི་མིག་ཕྱེ་བ་དང་དབྱེ་རྒྱུར་མངོན་དུ་ཕྱོགས་པ་ཚང་མར་མི་རབས་རྒན་པའི་མཛད་རྗེས་འཕྲོ་སྐྱོང་བྱ་དགོས་པའི་སྙིང་སྟོབས་འཕར་མ་རེ་སྤྲད་ཡོད་པ་ནི་གདོད་མི་ཟ་ལ། ནང་མི་ཉེ་འབྲེལ་དང་ཡུལ་སྡེ་འབའ་བ། བོད་མི་རིགས་བཅས་པར་ཁོང་ལྟ་བུའི་ཆབ་སྲིད་མཁས་ཆེན་ཞིག་འཁྲུངས་པ་ནི་མི་རབས་ནས་མི་རབས་ངོམ་ཆོག་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད། ཁོར་ཡུག་གི་ཆ་རྐྱེན་ངེས་ཅན་ཞིག་ལྡན་ཡོད་ན། སྐུ་ཚེ་འཕེན་པ་མ་རྫོགས་གོང་རང་གི་བྱས་པའི་འབྲས་བུ་རང་གིས་གང་འཚམས་མཐོང་རྒྱུ་ཡོང་ངེས་ཀྱང། དེ་ལྟར་མ་བྱུང་བར་སྐུ་གཤེགས་པ་ནི་འགྱོད་པའི་གནས་སུ་ཆེ་ཡང་བྱ་ཐབས་བྲལ། ཕྱི་མར་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་ས་སྣེ་ཟིན་པའི་སྨོན་འདུན་ཤུགས་དྲག་བཅས།། །། ༢༠༡༣། ༣། ༣༡། ཉིན།

ཕུན་དབང་རྒྱལ་ཚོང་པ་ཡིན་མིན་དང་ཁོང་ལ་གདེང་འཇོག་བྱེད་པ།

༄༅། ། དེ་ཡང་ཇི་སྐད་དུ་ཨ་གྲོ་སྒྲ་རམས་པ་འགྱུར་མེད་རྣམ་རྒྱལ་གྱིས། ''མ་བརྩམས་པ་ནི་མཆོག་ཡིན་ཕ་ཡི་བུ།། རྩོམ་ན་གྲགས་སྐམ་རི་བོང་ཅལ་སྒྲོག་གི། རྗེས་སུ་མི་རྒྱུག་གཟུ་བོར་དཔྱོད་པའི་བློས།། འཚམས་པར་བཤད་པ་ཨ་བུ་རང་གི་ལུགས།།'' ཞེས་གསུངས་པ་ལྟར། འདིར་དུས་རབས་ཉི་ཤུའི་དཀྱིལ་ནས་དེ་རིང་བར་གྱི་བོད་མགོ་ནག་གནས་ཡུལ་ཆོལ་གསུམ་ས་ཁྱོན་ཡོངས་ཀྱི་ཆབ་སྲིད་མཁས་ཆེན་དུ་སྤོབས་པས་བགྲང་འོས་པ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་༢༠༡༤ ཟླ ༣ ཚེས ༣༠ ཉིན་གྱི་ཞོགས་པ་པེ་ཅིང་གི་ཆུ་ཚོད་ ༩ ། ༣༠ སྟེང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་འཕྲལ། རྒྱུད་ལམ་ཁག་ཏུ་མྱ་ངན་ཞུ་ཚིག་མང་པོ་སྤེལ་མཁན་མང་ཞིང།  ༸གོང་ས་༸སྐྱབས་མགོན་པོ་སྐུ་ཕྲེང་བཅུ་བཞི་པ་ཞེས་མཚན་གྱི་སྙན་པ་གླིང་འདིར་མ་ཤོང་པ་གང་ཉིད་དང། མཁས་བརྒྱའི་སྤྱི་བོའི་ཏོག་ལྟར་མཛེས་པ་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱིས་ཀྱང་ཐུགས་གལ་ཆེན་པོས་རྗེས་དྲན་དང་ཐུགས་སྨོན། ཤུལ་ལུས་བཟའ་ཟླ་བུ་ཕྲུག་གཉེན་ཉེ་རྣམས་ལ་ཐུགས་གསོའི་བཀའ་སློབ་བརྙན་འཕྲིན་རྒྱུད་གནང་བ་དེས། སྐུ་གཤེགས་ཕུན་དབང་མཆོག་གི་བྱས་རྗེས་དང་མཁྱེན་དཔྱོད་ལོ་རྒྱུས་ནང་རབ་ཏུ་ཀུན་ཏུ་གསལ་བོར་བཀོད་ཟིན་པས། གུས་པར་སྐུ་ཞབས་ཕུན་དབང་སྐོར་སྔོན་དུ་མ་བརྗོད་པ་ཞིག་འདིར་བརྗོད་རྒྱུ་མེད་ནའང། གཟུ་བོའི་བློས་འཚམས་པར་སྨྲ་བའི་ལུགས་སུ་ཞུགས་རྒྱུ་དགོས་གལ་དུ་མཐོང་སྟེ་རྩོམ་འདི་འབྲི་བའི་སེམས་བསྐྱེད་སྔོན་དུ་བྱས་པ་ཡིན།
དགེ་ཆོས་དམ་པའི་ཞལ་སྔ་ནས། མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང།། ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ།། མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེའི།། དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།། ཅེས་གདམས་པ་ལྟར། བོད་མིའི་ཆོས་སྲིད་བྱུང་བར་མིག་ལྡོངས་པའི་སྐྱེས་བོ་འགས་མཁས་མཛངས་ཁྲེལ་བག་ཕྱི་ཐག་སྤྱི་ཚིས་ཕངས་མེད་རང་དོན་དུ་བརྗེས་ཤིང། བོད་སྤྱིའི་ཡང་དག་ཕུགས་སྨན་གྱི་འཚོ་ཚིས་ལས་རང་རང་གི་གཞིས་ཀའི་བྲན་འབངས་རྒྱུ་ནོར་དང་བཅས་པ་གཉེར་ཏེ། དེར་འགལ་བར་ལྟ་བ་དག་ནི་བསྟན་པའི་སྤྱི་དགྲ་དང་བླ་མའི་སྐུ་དགྲ རྒྱལ་ཁབ་བཙོང་པའི་དགྲ་བོ། ཆོས་མེད་ཀླ་ཀློ་སྡིག་ཅན་ཞེས་གཤེ་ཞིང་འཚང་འབྲུ་སྡིགས་ཤིང་སྲོག་གཅོད་པའི་དུས་ཚོད་ཅིག་ལ། སྐུ་ཞབས་ཕུན་དབང་གི་བོད་གཞུང་གི་སྒྲོམ་གཞིར་འགྱུར་བ་གཏོང་དགོས་སྐོར་གྱི་དགོངས་ཚུལ་ལ་མནོ་བསམ་ཐོངས་ནུས་མཁན་མེད་པ་ནི་ས་རིས་ཐང་གསལ་ཡིན་ཁར། ཐ་ན་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་འབད་པ་ཆེར་བསྐྱེད་ཀྱིས་ལེགས་བཅོས་ལས་ཁུངས་དབུ་འཛུགས་གནང་བའང་ལམ་དུ་མ་སོང་ཞིང། བཙན་བྱོལ་དུ་འབྱོར་རྗེས་དེ་སྔའི་བོད་གཞུང་གི་སྒྲོམ་གཞིར་འགྱུར་བ་གཏོང་སྐབས་སྐུ་ངལ་བླ་ལྷག་ཏུ་འཕྲད་པ་ཞིབ་བརྗོད་མ་དགོས་སྟབས། ''དོན་དག་ཅིག་ཤེན་འབྱེད་དུས་དེའི་དུས་ཚོད་དང་ས་གནས་ཆ་རྐྱེན་ལ་བལྟས་ནས་ཐག་གཅོད་བྱ་དགོས། སུ་ཞིག་སྔོན་འགྲོའི་ཆ་རྐྱེན་འདི་དག་དང་བྲལ་ཚེ་དོན་དངོས་དང་གནས་ལུགས་གཉིས་ཀར་འགལ་བའི་ནོར་འཁྲུལ་སྣ་ཚོགས་འབྱུང་བ་བཟློག་ཏུ་མེད།'' ཅེས་པ་འདི་ནི་སྡོམ་ཚིག་ཡང་དག་ཅིག་ཡིན་པ་ཚད་མས་གྲུབ།  དེས་ན། ངས་གཤམ་དུ་སྐུ་གཤེགས་དམ་པ་ཕུན་དབང་ལགས་རྒྱལ་ཚོང་པ་ཡིན་མིན་ཐད་ཕྱོགས་ཁ་ཤས་ནས་སྙིང་བསྡུས་ཀྱིས་དཔྱད་པ་བྱེད་རྒྱུ་ཡིན།
གཅིག དམར་དམག་མ་སླེབས་སྔོན་གྱི་རྒྱལ་ཁབ་ཀྱི་གནས་བབ་འཚོལ་ཕྱོགས་ལ་བསམ་ཞིབ་ཐུང་ངུ།
བོད་རྒྱ་ནག་གིས་དབང་བསྒྱུར་མ་བྱས་སྔོན་ཡུལ་དེའི་གནས་བབ་ནི་ཇི་འདྲ་ཞིག་རེད། དེའི་ལོ་རྒྱུས་ཀྱི་དོན་དངོས་ཅི་ཞིག་རེད། དེར་རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས་སོགས་ཀྱིས་ངོས་འཛིན་གནང་བའི་མཐའ་བསྡོམས་ཅི་ཞིག་རེད། བྱུང་རབས་ནང་གི་རྒྱ་བོད་འབྲེལ་བ་རིམ་པའི་གནས་བབ་ཐད་ཕྱོགས་གཉིས་ཀྱིས་ངོས་འཛིན་ཅི་ལྟར་བྱེད་ཀྱི་ཡོད། བོད་མི་རང་གི་འདུ་ཤེས་ནང་ངོས་འཛིན་ག་འདྲ་ཞིག་ཡོད། སྐབས་དེའི་སྲིད་སྐྱོང་དང་བཀའ་ཤག་ལྷན་རྒྱས་སོགས་ཀྱི་གནས་བབ་ག་འདྲ་ཞིག་རེད། ཁོང་ཚོའི་ཆབ་སྲིད་ཀྱི་ཁྱབ་བསྒྱུར་བྱེད་སྟངས་གང་འདྲ་ཞིག་རེད་ཅེས་པའི་དྲི་བ་འདི་དག་ནི་སྐབས་དེའི་བོད་གཞུང་གི་ཆབ་སྲིད་དང་བཅས་པའི་བྱུང་རབས་ཀྱི་གནས་བབ་གསལ་འདོན་ཐུབ་ངེས་ཀྱི་འབྱུང་རྩ་ཁག་རེད། གོང་གི་གནད་དོན་འདི་དག་ལ་ཐུགས་སྣང་གཞན་དྲིང་མ་དགོས་པ་མེད་མཁན་གྱི་གང་ཟག་ཅིག་གིས། མདོར་བསྡུས་ན་རྒྱ་དམག་མ་སླེབས་སྔོན་བོད་གཞུང་དེ་རྒྱལ་ཁབ་ཅིག་ཡིན་མིན་གཏན་ནས་མི་ཤེས་པ་དེ་རེད། དངོས་ཡོད་གནས་ཚུལ་གྱི་འགྲོ་སྟངས་ལྟར་བྱས་ན། རྒྱལ་ཚོང་པ་མ་བཏགས་སྔོན་བཙོངས་ཟིན་པའི་རྒྱལ་ཁབ་དེ་ག་འདྲ་ཞིག་ཡིན་མིན་རགས་བཤད་རབ་རིབ་ཙམ་མིན་པར། དངོས་ར་གསལ་སྤྲོད་ཀྱི་ལམ་ནས་ཁུངས་འཁྱོལ་ཐུབ་པའི་བཤད་སྟངས་ཤིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེའི་ཆ་ནས་ངས་ཕུན་དབང་མཆོག་རྒྱལ་ཚོང་པ་རེད་ཟེར་མཁན་ཚོས་གོང་གི་གནད་དོན་འདི་དག་ལག་མཐིལ་གྱི་རི་མོ་བཞིན་རྟོགས་ཡོད་པ་དང། རྟོགས་རྒྱུར་སློབ་སྦྱོང་བྱས་དང་བྱེད་བཞིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།
གཉིས།  ལྷ་སར་དམར་དམག་ཡོང་རྒྱུ་ཐག་གཅོད་ཅི་ལྟར་བྱས་པ་རེད་དམ།
དམར་དམག་ཁྲིད་ཡོང་མཁན་ནི་ཕུན་དབང་རེད། ཁོང་ནི་ཁམས་པའི་བུ་དང་གུང་ཁྲན་ཏང་ཡོན་པ་ཞིག་རེད་ཟེར་པའི་སྐད་ཆ་འདི་ལ་ད་བར་ཕལ་ཆེར་ལོ་དྲུག་ཅུ་འགྲོ་ལ་ཉེ། སྐད་ཆ་འདི་ལྷ་སར་ཡོད་དུས་ནས་ཁྱབ་ཀྱི་འདུག་ཅེས་བཙན་བྱོལ་ནང་གི་མི་རབས་རྒན་པ་མང་པོས་གསུངས། ངས་བཤད་སྟངས་འདི་ལ་རྩོད་པ་རྒྱག་དགོས་དོན་མི་འདུག་མོད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་ཁམས་དང་ཨ་མདོ་ནས་གཞོན་སྐྱེས་ཧྲག་བསྡུས་ཀྱིས་དམག་སྦྱོང་དང་གོ་མཚོན་སྤྲད་དེ། ས་གནས་སོ་སོར་བོད་དམག་ཡོད་པ་བྱེད་རྒྱུའི་ཐུགས་འདུན་ལམ་དུ་མ་ལྷོང་པ། སྤོམ་མདས་ཀ་བློན་སྦུག་ནས་༸གོང་ས་བཅུ་བཞི་པ་ཆེན་པོར་ཞུས་གནས་ཁོང་གི་བཀའ་སློབ་1ཏུ་གསལ་བ་དང། ཡང་ཆབ་མདོ་ཤོར་སྐབས་ང་ཕོད་ཀྱིས་བཀའ་ཤག་ལ་འཕྲིན་ཡིག་བཏང་སྟེ་2དམག་རོགས་ཞུས་པར་གསན་འཇོག་མེད་པར་ཤོ་རྒྱག་རྩེད་འཇོར་རོལ་བ་དང། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དང་རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོ་སོགས་མདོ་སྨད་ཀྱི་བླ་སྤྲུལ་ཆེ་ཁག་གིས་བོད་གཞུང་ལ་སྙན་ཞུ་གལ་ཆེན་ཞིག་3ཕུལ་བར་བདག་པོ་མ་བརྒྱབས་པ། ( འདི་ནི་ཉེ་དུས་བོད་ཀྱི་ལོ་རྒྱུས་ཐོག་གི་ནོར་འཁྲུལ་ཆེ་ཤོས་ཤིག་ཡིན། ད་དུང་འགྱོད་གཤགས་བྱས་མེད་པ་ཞིག་ནི་མདོ་ཁམས་སྟོད་སྨད་ནས་རྒྱ་འོག་སྡེབས་གསོད། སྡེབས་ཤི་མྱངས་པའི་ལོ་ཟླ་ནི་དབུས་གཙང་ལ་གསུམ་ཆའི་གཅིག་ཙམ་ཡང་བྱུང་མེད། འདིའི་སྐོར་འདིར་དེ་ཙམ་མ་འབྲེལ་བས་ཞིབ་རྒྱས་སྐབས་གཞན་དུ་སྤྲོ། རྩོམ་པ་པོའི་མཆན། )༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དགུང་གྲངས ༡༣། ༡༤ ཙམ་ལ་སོན་སྐབས་ཞབས་པད་ཟུར་ཁང་གིས་རྒྱལ་ཡབ་ཀྱིས་དམ་ཉམས་(རྭ་སྒྲེང)ལ་ལྐོག་དངུལ་ཕུལ་ཚུལ། གང་ལྟར་ཡང་སྲིད་མཆོག་སྤྲུལ་ངེས་བརྟན་ཡོང་ཕྱིར་གསེར་བུམ་བསྐྱར་དཀྲུག་བྱས་ན་མ་གཏོགས་མི་འཐུས་ཚུལ་བརྗོད་པ་4 སོགས་ ( སོགས་སྒྲའི་ནང་་བསམ་སྡིངས་རྡོ་རྗེ་ཕག་མོ་སོགས་ཀྱིས་༡༩༥༩ ལོའི་སྔོན་རྗེས་ཀྱི་གནས་སྟངས་བྲིས་པ། བོད་ཀྱི་ལོ་རྒྱུས་རིག་གནས་རྒྱུ་ཆ་བདམས་སྒྲིག་དེབ་ཕྲེང་ནང་འཁོད་པ་དག་ལ་དཔྱད་དགོས་པའི་གནས་ཚུལ་མང་པོ་འདུག རྩོམ་པ་པོའི་མཆན། ) ལ་གཞིགས་ཏེ། མདོ་ཁམས་སྟོད་སྨད་ཀྱི་བོད་མི་ཚོས་བོད་གཞུང་གི་དཔོན་རིགས་དེ་ཚོ་རྒྱལ་ཚོང་པ་རེད་ཅེས་མིང་བཏགས་ན་ག་འདྲ་འདུག དེ་ལྟར་བྱས་ན་བོད་མི་རྣམས་མུ་མཐུད་མཁས་དབང་ཚེ་དབང་ཕུན་ཚོགས་ཀྱིས་གསུངས་པ་ལྟར། ''འབྱུང་བ་འཁྲུགས་པས་ལུས་ཀྱི་ཟུངས་སྟོབས་ཉམས།། རྣམ་རྟོག་འཁྲུགས་པས་ལམ་གྱི་ཡོན་ཏན་ཉམས།། སྡེ་དཔོན་འཁྲུགས་པས་བོད་ཀྱི་ལོ་རྒྱུས་ཉམས།། ཉམས་པའི་རྒྱུ་རྐྱེན་འཁྲུགས་པ་འདི་ལ་ཐུག། ཅེས་སིལ་བུའི་དུས་ནས་རྒྱ་ནག་གི་དབང་འོག་ཏུ་མ་སོང་བར་གྱི་ལོ་རྒྱུས་ཀྱི་སྐྱོ་གར་ལ་ཕྱོགས་བསྡོམས་གནང་འདུག་པ་དེ་སླར་ཡང་བསྐྱར་འཁྲབ་བྱས་པ་ཆགས་མི་འགྲོའམ།
དེས་ན་སྐབས་དེའི་དོན་དག་ངོ་མ་ཅི་ལྟར་རེད་ཅེ་ན། ༡༩༤༩ ཟླ ༡༠ ཚེས ༡ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བམ་ཀྲུང་གོ་གསར་པ་བཙུགས་ནས་ཡུན་རིང་མ་ལོན་པར། ''མའོ་ཙེ་ཏུང་གིས་ཏང་གི་མཐོ་རིམ་གྲོས་ཚོགས་ཤིག་སྐོང་འཚོགས་བྱས་( ཀྲུའུ་ཏེ། ཀྲུག་ཨིན་ལེན་སོགས་ཡོད། རྩོམ་པ་པོའི་མཆན། ) ཏེ། བོད་ལ་དཔུང་འཇུག་བྱེད་ཕྱོགས་ཐད་གང་ཅིའི་བསམ་ཚུལ་བསྡུ་ལེན་བྱས་ཤིང། སྐབས་དེར་བོད་ལ་མགྱོགས་མྱུར་ངང་དཔུང་འཇུག་བྱ་དགོས་ཞེས་དང། ཇག་ལྷག་རྩ་མེད་བཏང་མེད་པས་བོད་ལ་དཔུང་འཇུག་བྱ་རྒྱུའི་ཆ་རྐྱེན་འཛོམས་མེད་ཅེས་པའི་བསམ་ཚུལ་གཉིས་ཐོན་ཅིང། མཐར་བོད་ལ་དཔུང་འཇུག་བྱ་རྒྱུ་སྔ་བ་ལས་ཕྱིས་དྲགས་རྒྱུ་མེད་པའི་བསམ་ཚུལ་ཐོག་ཚང་མ་གཅིག་གྱུར་བྱུང་བ་རེད།  སྐབས་དེར་ཀྲའུ་ཨིན་ལེན་གྱིས་ད་ལྟ་རྒྱ་གར་སོགས་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཚང་མས་ང་ཚོ་ཁས་ལེན་གྱི་ཡོད། རྒྱལ་སྤྱི་རྒྱལ་ནང་ཕྱོགས་གང་གི་ཐད་ནས་བལྟས་ཀྱང་བོད་ལ་དཔུང་འཇུག་བྱ་རྒྱུའི་ཆ་རྐྱེན་འཛོམས་ཡོད་པ་རེད། ནུབ་བྱང་དུ་ཡོད་པའི་བློ་མཐུན་ཕེང་ཏེ་ཧའོ་དང་ལྷོ་ནུབ་ཏུ་ཡོད་པའི་བློ་མཐུན་ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིན་བཅས་ཀྱིས་དམག་དཔུང་བོད་ཀྱི་ས་མཚམས་སུ་སླེབས་ཡོད་པ་རེད། བོད་ལ་བཅིངས་འགྲོལ་གཏོང་རྒྱུ་དེ་དུས་ཚོད་ཀྱི་གནད་དོན་རེད་ཅེས་སྐད་ཤུགས་མཐོན་པོས་བཤད།5
དམག་སྤྱི་ཀྲུའུ་ཏིས་མའོ་ཙེ་ཏུང་ལ་ཁ་ཕྱོགས་ནས་ཁྲིན་ཏུར་བཅིངས་འགྲོལ་བཏང་ཟིན་པ་དང། ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིན་གིས་སྐམ་ས་ཆེན་པོར་ཡོད་པའི་གོ་མིན་ཏང་གི་མཐའ་མའི་གཙོ་ཤུགས་གཅིག་པུ་སྟེ་ཧུའུ་ཙུང་ནན་གཏོར་ཕམ་བཏང་ནས་ལྷོ་ནུབ་རྩ་བའི་ཆ་ནས་ལྷིང་འཇགས་སུ་བཏང་ཡོད་པ་རེད། ནུབ་བྱང་གི་མཚོ་སྔོན་དང། ཀན་སུའུ། ཤིན་ཅང་ཡང་རྩ་བའི་ཆ་ནས་བརྟན་ལྷིང་བྱུང་ཡོད། སྐམ་ས་ཆེན་པོའི་ཐོག་མཚོ་རྒྱུད་ཀྱི་གླིང་ཕྲན་ཕུད། བོད་གཅིག་པུ་མ་གཏོགས་ལྷག་མེད་པས། བོད་ལ་དཔུང་འཇུག་བྱ་རྒྱུ་དེ་ནི་དམངས་སེམས་གཏད་ཕྱོགས་ཀྱི་དོན་ཆེན་ཞིག་རེད། ཨེན་ལེའེ་ཡིས་བོད་ལ་བཅིངས་འགྲོལ་གཏོང་རྒྱུ་དེ་ནི་དུས་ཚོད་ཀྱི་གནད་དོན་རང་རེད་ཅེས་བཤད་པ་རེད། ངས་བལྟས་ན་ད་དུང་ཐབས་ཤེས་ཀྱི་གནད་དོན་ཞིག་འདུག་ཅེས་6བཤད།
དམག་སྤྱི་ཀྲུའུ་ཏིའི་བཀའ་སྐད་ཆ་མ་རྫོགས་གོང། ཀྲུའུ་ཞི་མའོ་ཙེ་ཏུང་གིས་སྟོབས་དང་ལྡན་པའི་ལག་པ་གནམ་སའི་བར་ཐོལ་གྱིས་གཡུགས་ཏེ། ད་ག་རེད། བོད་ལ་དཔུང་འཇུག་བྱས་ན་ཏང་གི་བྱ་བཞག་དང་མི་དམངས་ཀྱི་བྱ་བཞག་ལ་ཕན་ཆ་ཆེ་བས། ཏང་ཡོན་པ་ཚང་མས་ལག་པ་ཁྱོགས་ཤིག་ཅེས་གསུངས། ཀྲུའུ་ཞིས་བཀའ་མོལ་དེ་གནང་སྐབས་དེར་ཡོད་པའི་མི་ཚང་མས་ཐལ་མོ་བརྡབས། 7
༡༩༤༩ ཟླ ༡༢ པར། མའོ་ཙེ་ཏུང་གིས་མོ་སེ་ཁོར་བསྐྱོད་པའི་མེ་འཁོར་ནང་ཀྲུང་དབྱང་ལ་བོད་ལ་དཔུང་འཇུག་བྱ་རྒྱུ་དེ་སྔ་བ་ལས་རྗེས་ལུས་ཐེབས་མི་རུང་ཞེས་གློག་འཕྲིན་བཏང། 8( སྐབས་འདིར་པཎ་ཆེན་ནང་སྒང་ནས་བཅིངས་འགྲོལ་གཏོང་རྒྱུར་དགའ་བསུའི་ཡི་གེ་མའོ་ཙེ་ཏུང་དང་ཀྲུའུ་ཏེའི་མཚན་ཐོག་ཏུ་ཕུལ་འདུག རྩོམ་པ་པོའི་མཆན།)
༡༩༤༩ ཟླ ༡༡ ཚེས  ༢༣ ཉིན་མའོ་ཙེ་ཏུང་གིས་སླར་ཡང་ནུབ་བྱང་དུ་ཡོད་པའི་དམག་སྤྱི་གཞོན་པ་ཕེང་ཏེ་ཧའོ་ལ་གློག་འཕྲིན་བཏང་སྟེ། 9 བོད་ལ་བཅིངས་འགྲོལ་གཏོང་རྒྱུའི་ཐད་དམག་དཔུང་མ་བཏང་ན་ཕལ་ཆེར་འགྲིག་ཐབས་མེད། དམག་དཔུང་གཏོང་རྒྱུ་དེ་ནུབ་བྱང་གཅིག་པུ་མ་ཡིན་པར་ད་དུང་ལྷོ་ནུབ་ནས་གཏོང་དགོས། ཞེས་གསལ་བོར་བསྟན་པ་མ་ཟད། ཀྲུང་དབྱང་གི་བསམ་འཆར་བརྒྱུད་བསྒྲགས་བྱས་པ་སྟེ། བོད་ལ་བདག་སྐྱོང་བྱ་རྒྱུའི་གནང་དོན་ཐད། ད་ལྟའི་གནས་ཚུལ་ལ་བལྟས་ན་ནུབ་བྱང་གིས་འགན་གཙོ་བོ་འཁུར་དགོས་པ་དང། ལྷོ་ནུབ་ཀྱི་ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིང་གིས་འགན་གཉིས་པ་འཁུར་དགོས། དེ་ཡང་ལྷོ་ནུབ་ཀྱིས་ཁྲོན་ཁང་དང་ཞི་འཇགས་བཏང་རྗེས་ལམ་སེང་བོད་ལ་བདག་སྐྱོང་བྱེད་རྒྱུ་འགོ་འཛུགས་དགོས་པ་དང། ནུབ་བྱང་གིས་བོད་ལ་དཔུང་འཇུག་བྱ་རྒྱུ་དང་བདག་སྐྱོང་བྱ་རྒྱུའི་འཆར་གཞི་ལམ་སེང་བཟོ་དགོས་ཞེས་བཀའ་ཕེབས།
༡༩༥༢ ཟླ ༡ ཚེས ༢ ཉིན། མའོ་ཙེ་ཏུང་སུའུ་ལེན་ལ་འཚམས་འདྲིར་བསྐྱོད་པའི་ལམ་བར་ཏང་ཀྲུང་དབྱང་དང་ཕེང་ཏེ་ཧའོ། ལིའུ་པོ་ཁྲེང། ཏེང་ཞའོ་ཕིང། ཧོ་ལུང་བཅས་ལ་གློག་འཕྲིན་བཏང་དོན། བོད་ལྗོངས་ལ་མི་གྲངས་མང་པོ་མེད་ཀྱང། རྒྱལ་སྤྱིའི་གནས་བབ་ཤིན་ཏུ་གལ་ཆེན་པོ་ཡོད་པ་རེད། ད་ལྟའི་གནས་ཚུལ་ལ་བལྟས་ན་ནུབ་བྱང་གི་མཚོ་སྔོན་དང་ཤིན་ཅང་ནས་བོད་ལྗོངས་ལ་དཔུང་འཇུག་བྱས་ན་དཀའ་ངལ་ཆེན་པོ་ཡོད་ཅིང། དེར་བརྟེན་བོད་ལྗོངས་ལ་དཔུང་འཇུག་བྱ་རྒྱུ་དང་བདག་སྐྱོང་བྱ་རྒྱུའི་ལས་འགན་དེ་ལྷོ་ནུབ་ཀྱིས་འཁུར་རྒྱུ་གཏན་འབེབས་བྱ་དགོས་10ཞེས་བཏོན།
དེ་ནས་ཟླ་དེའི་ཚེས ༡༩ ཉིན་ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིང་གིས་བོད་ལྗོངས་ལ་དཔུང་འཇུག་བྱ་རྒྱུའི་འཆར་གཞི་དང་གཙོ་ཤུགས་དམག་དཔུང་གྲ་སྒྲིག་བྱས་ཚུལ་ཀྲུང་དབྱང་ལ་ཞུས། ཚེས ༢༣ དང་ཟླ ༢ ཚེས ༦ བཅས་སོ་སོར་དཔུང་འཇུག་འཆར་གཞི་11ཀྲུང་དབྱང་ལ་རིམ་བསྟུད་དུ་ཕུལ་བ་དང། ''བོད་ལྗོངས་ལ་དཔུང་འཇུག་བྱེད་སྐབས་ཆབ་སྲིད་ནི་དམག་དོན་ལས་གལ་ཆེ་བ་དང། མཁོ་སྤྲོད་བྱ་རྒྱུ་ནི་འཐབ་འཛིང་བྱ་རྒྱུ་ལས་གལ་ཆེ་བ་ཡོད་''ཅེས་ཏེང་ཞའོ་ཕེན་གྱིས་སྐད་གྲགས་ཅན་གྱི་དཔུང་འཇུག་རྩ་དོན་བཏོན། མཐར་ནུབ་བྱང་ནས་རྟ་དམག་ཁ་སྣོན་དུ་བཏང་སྟེ་མཚོ་སྔོན་དང་ཤིན་ཅང་ཁག་སོ་སོ་ནས་ལྷོ་ནུབ་གཙོ་ཤུགས་བོད་ལ་དཔུང་འཇུག་བྱ་རྒྱུར་གཞོགས་འདེགས་བྱ་དགོས་རྒྱུའི་ཐད་ཀྲུང་དབྱང་དམག་ཨུད་ལ་གློག་འཕྲིན་བཏང་ནས་དགོངས་སྐོར་ཞུས་དོན། ནུབ་བྱང་གིས་རྟ་དམག་ཁ་སྣོན་དུ་བཏང་སྟེ་སྔོན་ལ་བོད་ལྗོངས་སུ་བསྐྱོད་ན། དགྲ་བོར་མཉམ་རུབ་ཀྱི་ནུས་པ་ཐོན་པ་མ་ཟད། དམག་རྒྱགས་གཟན་ཆག་དང་ས་བབ་ཀྱི་དཀའ་ངལ་ཐག་གཅོད་ཐུབ་ཅེས་གྲོས་གཞི་བཏོན་པར། ༡༩༥༢ ཟླ ༢ ཚེས ༦ ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཆོག་མཆན་གནང་བ་མ་ཟད། ནུབ་བྱང་ནས་རྟ་དམག་ཁ་སྣོན་གྱིས་བོད་བསྐྱོད་བྱ་དགོས་པའི་བཀའ་ཕབ། 12
དེའི་རྗེས་ཏང་ཀྲུང་དབྱང་གིས་དངོས་སུ་བཀའ་རྒྱ་ཕབ་དོན། 13 ''ལྷོ་ནུབ་ཀྱི་ཐང་འཐབ་དམག་དཔུང་གཉིས་པའི་ཅུན་ཤོག་ ༡༨ གཙོ་ཤུགས་བྱས་ཏེ་ཟི་ཁྲོན་དང། ཤི་ཁང་རྒྱུད་ལྷ་སར་དཔུང་འཇུག་བྱ་དགོས། ཅུན་ཤོག ༡༤ ཡི་དཔུང་སྡེ་གཅིག་གིས་ཡུན་ནན་དང་བོད་ཀྱི་ས་མཚམས་རྒྱུད་དེ་ཐད་ཀར་ཧི་མ་ལ་ཡའི་རི་མཚམས་སུ་བསྐྱོད་དེ་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཁག་ལ་བཅིངས་འགྲོལ་གཏོང་དགོས། མཚོ་སྔོན་དུ་ཡོད་པའི་ཐང་འཐབ་དམག་དཔུང་དང་པོའི་དཔུང་སྡེ་གཅིག་གིས་རྡོ་ཉི་ཟླ་རྒྱུད་ཐད་ཀར་གཞིས་ཀ་རྩེར་བསྐྱོད་དེ་དེའི་ས་ཁུལ་ཁག་ལ་བཅིངས་འགྲོལ་གཏོང་དགོས། པིང་ཐོན་དང་པོའི་དཔུང་སྡེ་གཅིག་གིས་ཁུ་ནུ་ལ་བརྒྱབ་སྟེ་བོད་བྱང་ཐང་མངའ་རིས་ལ་དཔུང་འཇུག་གིས་སྒར་རྫོང་བླངས་ཏེ་མངའ་རིས་ཡོངས་ལ་བཅིངས་འགྲོལ་གཏོང་དགོས་ཞེས་བཀའ་ཕབ་ཡོད།
གོང་གི་གནས་ཚུལ་འདི་དག་ལས་མིག་ལྡན་ཀུན་གྱིས་གསལ་བོར་མཐོང་ཐུབ་པ་ཞིག་ནི་ཀྲུང་གོ་གསར་པ་བཙུགས་རྗེས་ཀྱི་ཉིན་ཤས་རྗེས་ནས་དངོས་སུ་བོད་བཅིངས་འགྲོལ་གཏོང་རྒྱུ་ཟེར་པ་ལག་ལེན་བསྟར་ཕྱོགས་ཐད། ཀྲུང་གོའི་སྐབས་དང་པོའི་ཆེས་མཐོའི་དབུ་ཁྲིད་ཚོས་ཞིབ་གྲོས་རྒྱུད་དངོས་སུ་གཏན་འབེབས་བྱས་པའི་རྒྱུད་རིམ་གསལ་བོར་མཐོང་བ་དེ་རེད། ད་འོ་ན་ཀྲུང་དབྱང་གིས་བོད་ཡོངས་ལ་བཙན་འཛུལ་བྱ་རྒྱུའི་འཆར་འགོད་དང་ལག་བསྟར་གྱི་རྒྱུད་རིམ་འདི་དག་གི་སྐབས། ང་ཚོས་སྐུ་གཤེགས་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གང་དུ་ཡོད་མེད་དང། ཕྱག་ལས་ཅི་ཞིག་གནང་བཞིན་པ་བཅས་ལ་ཞིབ་ལྟ་བྱས་ན། དམར་དམག་དབུས་གཙང་དུ་ཡོང་མིན་ནི་ཁོང་གི་ལམ་ཁྲིད་དང་སྐད་བསྒྱུར་མེད་ན། ཡོང་ཐུབ་ཀྱི་ཡོད་མེད་ཀྱི་གནས་སྟངས་དེ་གསལ་བོར་མཁྱེན་ཐུབ་པ་དེ་རེད། མ་གཞི་ནས་བསམ་བློའི་གནས་ཚད་ངེས་ཅན་ཡོད་མཁན་ཞིག་ཡིན་ན། དམར་དམག་བོད་དུ་ཁྲིད་ཡོང་མཁན་ཕུན་དབང་རེད་ཟེར་པ་ནི་དགོད་བྲོ་བའི་གཏམ་ཞིག་ཡིན་པ་ཤེས་སླ་ཞིང། ཕུན་དབང་དང་ཐེན་པའོ་སོགས་བོད་རིགས་སུ་འདྲ་ཞིག་ཡོད་མེད་ལ་མ་བལྟས་པར། བོད་ལ་དཔུང་འཇུག་བཙན་འཛུལ་བྱ་རྒྱུ་ནི་ཀྲུང་དབྱང་གིས་ཐག་གཅོད་སྔ་ནས་བྱས་ཚར་བ་ཞིག་ཡིན་སྟབས། ཕུན་དབང་གིས་དམར་དམག་ཁྲིད་མ་ཡོང་ན་མི་ཡོང་བའི་ངེས་པ་མེད་པ་བྱིས་པ་ལོ་བདུན་ཞིག་གིས་ཀྱང་མ་ཤེས་ཅི་ལ་སྲིད།
གསུམ། སྐུ་ཞབས་ཕུན་དབང་བོད་སྐྱོད་དམག་དཔུང་ནང་ཅི་ལྟར་སླེབས་པ་རེད་དམ།
ཚིག་ཉོག་མི་འབྱུང་ཆེད་དང་ཡི་གེར་འཇིགས་ནས་མཚམས་འདིར་ང་ཚོས་གསལ་བོ་ངོས་འཛིན་ཐུབ་དགོས་པ་ཞིག་ནི། འབའ་བ་ཕུན་དབང་ལ་ཀྲུང་གོ་གསར་པ་མ་བཙུགས་སྔོན་གྱི་དུས་ཡུན་རིང་པོའི་ནང། དགའ་མོས་གཏན་ནས་མེད་ཅིང་མགོ་རྟིང་སློག་འདོད་པའི་བསམ་ཚུལ་ཁ་ཤས་ཡོད་པ་ནི། ''གོ་མིན་ཏང་གི་མི་མང་བཤུ་གཞོག་ཅན་གྱི་རུལ་སུངས་སྲིད་གཞུང་དང། བོད་གཞུང་གི་བླ་དཔོན་ཚོས་མི་སེར་ལ་དབང་བསྒྱུར་བྱེད་པའི་ལམ་ལུགས་རྗེས་ལུས་ཅན། བོད་ས་གཞན་གྱི་སྡེ་དཔོན་མི་དྲག་དང།  བླ་མས་དབང་བསྒྱུར་བཅས་མི་སེར་ཡུལ་ལུང་ས་ཁོངས་རིས་གཅོད་ཀྱི་གནས་བབ་དེ་དག་ལ་བསྒྱུར་བཅོས་བཏང་སྟེ། བོད་མི་རིགས་འདི་ཉིད་མི་རིགས་གཞན་དང་འདྲ་མཉམ་གྱི་དཔུང་བ་མཉམ་གཤིབ་ཐུབ་རྒྱུར། བོད་མི་ནང་ཁུལ་གྱི་བཤུ་གཞོག་གཏོང་མཁན་དང་གཏོང་ཡུལ་གྱི་འདྲ་མཉམ་མིན་པའི་གནས་བབ་དེ་དག་གཙང་བཟོ་བྱེད་འདོད་ཡོད་པ་ནི་ཧ་ཅང་གསལ་བོ་རེད་ལ། དོན་དངོས་དེ་ནི་<<བོད་མི་གསར་བརྗེ་བ>>ཞེས་པའི་ཁོང་གི་ལོ་རྒྱུས་དང། སྐུ་ཚེ་འདིའི་ཆབ་སྲིད་ཞལ་ཆེམས་སུ་བཞག་པའི་<<རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག་>>གཉིས་ཀར་ནན་བརྗོད་གནང་ཡོད་པ་དེ་རེད།
ད་ནི་དཀྱུས་སུ་ཞུགས་ན། ཀྲུང་གོ་གསར་པའི་མགོ་ཁྲིད་སྐབས་དང་པོས་བོད་ཡོངས་ལ་བཙན་འཛུལ་བྱེད་རྒྱུའི་གོང་བཀོད་ལས་འཆར་འདི་དག་འགོད་བཞིན་པའི་སྐབས། ༡༩༤༩ ལོར་སྐུ་ཞབས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་འབའ་ཐང་དུ་སླེབས་ནས་འབའ་ཐང་གསང་བའི་ཏང་འཛུགས་བཞིན་པ་དང། སྡེ་དགེ་དང་ལི་ཐང། དར་རྩེ་མདོ་བཅས་ཀྱི་ནང་གཞོན་ནུའི་མནའ་འབྲེལ་གྱི་ཡན་ལག་14 ཀྱང་བཙུགས། ལོ ༢༨ རེད། དེའི་སྐོར་ཕུན་དབང་ཁོང་གིས། ''ང་ཚོའི་ལས་འགུལ་གྱི་དམིགས་ཡུལ་ནི་ཧ་ཅང་སྟབས་བདེ་ཡིན་པ་སྟེ། འབའ་ཐང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་འོག་བོད་རིགས་མི་དམངས་ཀྱི་གཞུང་ཞིག་འཛུགས་རྒྱུ་དེ་རེད།15 ''ཅེས་བརྗོད་འདུག སྐབས་དེར་གོ་མིན་ཏང་ཕམ་ཉེས་འགྲོ་བཞིན་པ་དང་གུང་ཁྲན་ཏང་གི་ཆེ་བ་བླ་ལྷག་ཏུ་བརྗོད་སྟབས་ཚོགས་པའི་ནང་འཛུལ་ཞུགས་མི་སྣ་ལས་སླ་བོའི་( གོ་མིན་ཏང་ནི་བོད་མིར་བཙན་གནོན་བྱེད་མཁན་གཅིག་རེད། རྒྱ་ནག་དམར་ཤོག་ཚོགས་པའི་བཅིངས་འགྲོལ་དམག་མི་ནི་བོད་མི་རྣམས་བཙན་གནོན་གཏོང་མཁན་གྱི་འོག་ནས་བཅིངས་འགྲོལ་གཏོང་མཁན་དེ་རེད། ཁྱེད་ཚོས་རྒྱ་མི་གསར་རྙིང་གཉིས་ཀྱི་བར་ཁྱད་གསལ་པོར་འབྱེད་དགོས། ཁྱེད་ཚོས་གུང་ཁྲན་ཏང་གི་སྐོར་ལ་དམའ་འབེབས་ཀྱི་སྐད་ཆ་འདྲ་མི་འདྲ་གོ་ཡོད་ངེས་རེད། དེ་ཚོ་ཚང་མ་བདེན་པ་མ་རེད། 16ཕུན་དབང་གི་གཏམ་བཤད་ཀྱི་སྙིང་དོན། )ངང་གོང་འཕེལ་དུ་ཕྱིན་འདུག དེ་དང་མཉམ་དུ་ས་གནས་དེར་ཡོད་པའི་དམག་མི ༤༠༠ ཙམ་ཡོད་པའི་གོ་མིན་ཏང་གི་བཅའ་སྡོད་དམག་སྒར་གཏོར་རྒྱུ་སོགས་ལ་ཇུས་འགོད་བྱས་འདུག སྐབས་འདིར་17མའོ་ཙེ་ཏུང་དང་ཀྲུའུ་ཏེ་གཉིས་ཏར་འཕྲིན་ཞིག་བཏང་སྟེ། བོད་རིགས་དམར་ཤོག་ཚོགས་པའི་ལོ་རྒྱུས་མདོར་བསྡུས་དང། དེ་དང་ཁྲུང་ཆིན་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབར་འབྲེལ་བ་ཇི་བྱུང། དེ་བཞིན་འབའ་ཐང་ནང་གི་ད་ལྟའི་གནས་སྟངས་བཅས་ཞིབ་གསལ་བྲིས་ཡོད་འདུག
བརྗོད་མ་ཐག་པའི་གུང་ཁྲན་གྱི་ཆེས་ཐོག་མའི་ཆེ་བ་བརྗོད་པ་དང་ཏར་འཕྲིན་བཏང་བའི་གནས་ཚུལ་གཉིས་ཀ་འབའ་བ་ཕུན་དབང་གིས་ཕྱིར་དྲན་བརྗོད་པ་ཆ་ཚང་ཡིན།
སྐབས་དེར་ཕུན་དབང་ལ་དམག་སྤྱི་ཆེན་མོ་ཀྲུའུ་ཏེས་ཏར་ལན་འབྱོར་བའི་ནང་འཁོད་དོན། 18''ཤིས་ཁམས་ཞིང་ཆེན་འབའ་ཐང་རྫོང་ཤར་བོད་དམངས་གཙོ་གཞོན་ནུ་མནའ་འབྲེལ་ཚོགས་པའི་སྤྱི་ཁྱབ་པུའུ་ཡི་སྐུ་ཞབས་ཕུན་ཚོགས་དབང་རྒྱལ་ལགས། ( ༡༩༥༠ )སྤྱི་ཟླ ༡ ཚེས ༧ ཉིན་གྱི་གློག་འཕྲིན་འབྱོར་བས། དགའ་སྤྲོ་ཤིན་ཏུ་ཆེ། ལས་ཀའི་གནད་དོན་དང་པོ་བོད་བཅིངས་འགྲོལ་གཏོང་རྒྱུའི་དོན་དངོས་གནད་དོན་སྐོར། ཁྱེད་ཉིད་ཁྲུང་ཆིན་དུ་ཕེབས་ནས་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ལེའུ་པོ་ཁྲེང་དང་འབྲེལ་གཏུག་ཞུ་དགོས། ཀྲུའུ་ཏེ་ནས།
ཀྲུའུ་ཏེའི་འཕྲིན་ཡིག་ལྟར་ཕུན་དབང་ལགས་ཁྲུང་ཆིན་ཏུ་འབྱོར་བའི་གནས་ཚུལ་ཏེང་ཞའོ་ཕིན་གྱིས་འཆར་ཟིན་གནང་བའི་ཀྲུང་དབྱང་ལྷོ་ནུབ་ཅུས་ཀྱིས་་ཀྲུང་དབྱང་ལ ༡༩༥༠ ཟླ ༥ ཚེས ༡༡ ཉིན་བཏང་བའི་ནང་འཁོད་དོན། 19 ''ཕུན་ཚོགས་དབང་རྒྱལ་ཁྲུང་ཆིན་དུ་ཕེབས་ནས་མཇལ་འཛོམས་བྱུང། ཁོང་དགུང་ལོ་༣༠ ལས་མིན་པ་དང། བྱ་འགུལ་འབྲེལ་བ་བྱེད་མཁས་པ། བོད་ཕྱོགས་ཀྱི་གོང་རིམ་དང་འབྲེལ་བ་ཡོད་པ་དང། གཞོན་ནུ་ཡར་ཐོན་ཅན་ཁག་གཅིག་ལ་མཐུན་སྒྲིལ་བྱས་ཡོད་འདུག ཁམས་བོད་དུ་ཡོངས་གྲགས་ཀྱི་གུང་ཁྲན་ཏང་ཡོན་ཡིན་ཞིང། རྒྱ་ཡིག་བྱང་ཆུབ་པ། དབྱིན་ཡིག་གི་དཔེ་དེབ་ཀློག་ཐུབ་པ། ཐོག་མའི་མར་ཁེ་སི་རིང་ལུགས་ཀྱི་རྨང་གཞི་ཡོད་པ། གནད་དོན་གོ་བ་ལེན་པའི་ནུས་པ་ཆེ་བ་བཅས་བོད་རིགས་ཁྲོད་རྙེད་དཀའ་བའི་ལས་བྱེད་པ་ཞིག་ཡིན་ཅིང། ད་ལྟ་རང་རེའི་ཏང་གི་པ་ཨན་རྫོང་(འབའ་ཐང)གི་ཧྲུའུ་ཅི་ཡིན། ཁོང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ལྷན་དུ་བོད་དུ་སྐྱོད་དགོས་པའི་གཏན་འབེབས་བྱས་པ་མ་ཟད། ཕུན ཚོགས་དབང་རྒྱལ་བོད་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ནང་ཞུགས་ཏེ་ཨུ་ཡོན་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་པས། ཀྲུང་དབྱང་ནས་ཆོག་མཆན་གནང་རོགས་"ཞེས་འཁོད་ཡོད་པ་རེད།
དེ་མ་ཐག་ཏེང་ཞའོ་ཕེན་གྱིས་དངོས་སུ་ཕུན་དབང་ལ་20''བོད་ཀྱི་མཐོ་རིམ་མི་སྣ་རྣམས་རྒྱ་ནག་གི་སྲིད་གཞུང་གསར་པའི་སྲིད་བྱུས་འོག་ཚུར་འགུགས་རྒྱུ་དང། སྤྱི་ཡོངས་ནས་བོད་རྒྱའི་དབར་གྱི་འབྲེལ་ལམ་བཟང་པོ་རྒྱུན་གནས་ཡོང་བའི་འགན་ཁྱེད་ཀྱིས་ཁུར་དགོས་པར་བརྟེན། ཁྱེད་རང་གི་ལས་འགན་གཙོ་གནད་ཅིག་རེད་ཅེས་དང། ཡང་། དམིགས་ཡུལ་འདི་འགྲུབ་ཆེད་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་ཚོར། ཁོང་ཚོས་ཤེས་རྟོགས་མེད་པའི་བོད་མིའི་སེམས་ཚོར་དང་བསམ་ཕྱོགས་སྐོར་སློབ་སྟོན་ཡང་བྱེད་དགོས་པའི་ལས་འགན་སྤྲད་བྱུང།"ཅེས་བརྗོད་ཡོད། དེ་ནས་བཟུང་ཕུན་དབང་དམག་སྡེ་ཨང་ ༡༨ པའི་ལས་དོན་དངོས་སུ་ཞུགས་ཤིང། མི་རིང་བར་ཆབ་མདོར་གནས་འཁོད་བོད་གཞུང་གི་མདོ་སྤྱི་བླངས་ཤིང ༡༩༥༡ ཟླ ༥ ཚེས ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་པར་མིང་རྟགས་བཀོད། ༡༩༥༡ ལོའི་དབྱར་ཁར་ཝང་ཆི་མེ་མགོ་འཛིན་ཡིན་པའི་བཅིངས་འགྲོལ་དམག་གི་སྔོན་སྐྱོད་དམག་དཔུང་ཆབ་མདོ་ནས་ལྷ་སར་ཆས་པ་དང། དེ་ནས་ཡུན་རིང་མ་ཕྱིན་པར་ཀྲང་གོ་ཧྭ་དང་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་གྱིས་སྣེ་ཁྲིད་པའི་དམག་སྡེ་ཨང་ ༡༨ པའི་གཙོ་ཤུགས་དམག་དཔུང་ཡང་ལྷ་སར་འབྱོར།
ལྷ་སར་འབྱོར་ནས་ཡུན་རིང་མ་ལོན་པར་ཀྲུང་དབྱང་གིས་མངགས་པའི་ལྷོ་ནུབ་དང་ནུབ་བྱང་གི་དམག་སྡེ་བར( འདི་ལ་ལྷོ་ནུབ་ཤོག་ཁ་དང་ནུབ་བྱང་ཤོག་ཁ་འབོད་མཁན་ཡང་ཡོད།) ཁེ་ཕན་འཐབ་རྩོད་ཀྱི་དབུ་ཚུགས་ཤིང། དེའི་ལག་ཆར་དེ་སྔའི་གཞུང་བླའི་མི་མཐུན་པ་བེད་སྤྱོད་བཏང་སྟེ། དགའ་ལྡན་ཕོ་བྲང་གཞུང་དང་པཎ་ཆེན་ནང་སྒང་གི་ཕྱོགས་གཉིས་རྒྱ་དཔོན་ཚོས་བེད་སྤྱོད་བྱས་ཏེ་བོད་ལྗོངས་ཀྱི་ལས་དོན་ཐོག་གྲུབ་འབྲས་རྔོ་ཐོགས་པ་རྩ་བ་ནས་བྱུང་མེད། འདིར་གསལ་བཤད་ཐུང་ཙམ་ཞུ་དགོས་པ་ཞིག་ནི། ལྷོ་ནུབ་ཕྱོགས་ཀྱི་ཧྲུའུ་ཅི་ཀྲང་ཅིང་ཝུའུ་དང་ཀྲང་གོ་ཧ་སོགས་ལྷོ་ནུབ་ཤོག་ཁས་གཙོ་བོ་ཀྲུང་དབྱང་གི་དགོངས་དོན་གཞིར་བཟུང་གྲོས་མཐུན་དོན་ཚན་བཅུ་བདུན་ཁུངས་རྩར་བཟུང་སྟེ་བཀའ་ཤག་དང་མཉམ་དུ་དམངས་གཙོ་བཅོས་བསྒྱུར་བར་སྒྲུབ་ཡོད་པ་དང། ནུབ་བྱང་གི་ཧྥན་མང་སོགས་ཀྱི་པཎ་ཆེན་ནང་སྒང་གི་ཕྱོགས་ནས་ལྷོ་ནུབ་དང་བཀའ་ཤག་ལ་མཉམ་རུབ་མེད་པའི་རྣམ་འགྱུར་བསྟན་པ་སོགས་ནི་བོད་ལ་ཆག་ཆེ་ཉམས་ང་ཡོང་རྒྱུའི་ས་བོན་ནུས་ཅན་ཞིག་ཆགས་ཡོད་ལ། ( འདིའི་སྐོར་༸གོང་ས་མཆོག་གིས་པཎ་ཆེན་རིན་པོ་ཆེའི་སྐོར་བཀའ་སློབ་ཕེབས་པ་ཞིག་གི་ནང་དུའང་གསལ། )འགལ་བ་འདི ༡༩༥༨ ལོའི་ལོ་མཇུག་བར་གཙང་བཟོ་མ་ཐུབ། ༢༠༠༩ ལོར་རྒྱལ་བ་ཡབ་སྲས་བར་ཐུགས་སྣང་མི་མཐུན་པའི་དེབ་<<བོད་ལྗོངས་ནང་ཁུལ་གྱི་རྩོད་གཞི>> ་ཟེར་བ་ཞིག་བྲིས་ཏེ་ཞང་ཀང་ནས་པར་བསྐྲུན་གནང་མཁན་ནི། གོང་དུ་བཤད་པའི་པཎ་ཆེན་ནང་སྒང་ལ་ཁ་ལོ་བསྒྱུར་མཁན་ཧྥན་མང་རེད། དེབ་འདིའི་ནང་གི་གནད་དོན་རྣམས་བདེན་པ་མིན་པ་ཀུན་གཟིགས་བཅུ་པ་མཆོག་སྐུ་གཤེགས་ནས་ལོ ༡༠ འཁོར་བའི་རྗེས་དྲན་ངྷ་རམ་ས་ལར་འཚོགས་པ་དེའི་ཚོགས་མགོན་དུ་༸གོང་ས་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཤིང། ༸གོང་ས་མཆོག་གིས་ཉིན་དེར་༸རྒྱལ་བ་ཡབ་སྲས་ཐུགས་སྣང་མི་མཐུན་པ་ཟེར་པ་ནི་བློ་བཟོ་འབའ་ཞིག་ཡིན་པ་སྒྲུབ་བྱེད་ཚད་འཕེར་གྱི་ལམ་ནས་བཀའ་སློབ་ཞིབ་ཅིང་རྒྱས་པ་བསྩལ་ཡོད།
ཕྱོགས་གཉིས་ཀྱི་འགལ་བ་འདི་དག་གི་ཁྲོད་ནས་ཕུན་དབང་ལགས་ནས་ལྷག་བསམ་རྣམ་དག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ལམ་ནས་བོད་ལ་བདེ་སྐྱིད་ཐོབ་ཐབས་དང། དངོས་ཡོད་གནས་ཚུལ་དང་མཐུན་པའི་བོད་ཀྱི་མདུན་ལམ་སྤོབས་པ་ཆེན་པོས་ཕྱག་ལས་གནང་སྟེ་བོད་མི་རིགས་ཀྱི་བདེ་སྡུག་རྩ་བ་ཉིད་ནས་བློས་མ་བཏང་བར། དཔོན་རིགས་ནང་ཁུལ་དང་ལྷག་པར་ཧྥན་མང་གི་ཚུལ་དང་མི་མཐུན་པའི་བྱེད་བབ་ལ་དགག་པ་གནང་ཡོད། ༢༠༠༩ ལོར་ཧྥན་མང་གིས་ཞང་ཀང་དུ་པར་བསྐྲུན་བྱས་པའི་དྲན་ཐོ <<བོད་ལྗོངས་ནང་ཁུལ་གྱི་རྩོད་གཞི་>>ཟེར་པའི་དེབ་ཅིག་བྲིས་ཏེ། དེའི་ནང་'' ཕུན་དབང་ནི་ཏང་ནང་དུ་ཡོད་པའི་ཏཱ་ལའི་ཤོག་ཁའི་མགྲིན་ཚབ་ཡིན་པར་འདོད་''ཅེས་དང། སྐབས་དེའི་ལྷོ་ནུབ་ཤོག་ཁའི་དབྱིན་ཧྥ་ཐང་གིས་ལོ་རབས་བརྒྱུད་ཅུ་པར་ཀྲུང་དབྱང་ལ། '' བོད་ལྗོངས་ཀྱི་འཐུས་ཚབ་མི་སྣ་གསུམ་སྟེ་ཏཱ་ལའི་དང། པཎ་ཆེན། ཕུན་དབང་གིས་བོད་ལྗོངས་ཀྱི་ལས་དོན་འགལ་རྐྱེན་བཟོས་ཚུལ་'' ཞུས་པ་དང། དབྱིན་ཧྥ་ཐང་གིས་ཀྲུང་དབྱང་ལ་འཕྲིན་ཡིག་བསྐུར་བའི་ནང་''ཕུན་དབང་དང་ཏཱ་ལའི་བླ་མའི་བར་གྱི་འབྲེལ་བ་རྒྱུན་ལྡན་མིན་ཞིང། ཐ་ན་ཚད་ལས་བརྒལ་ཡོད་སའང་མཆིས་''21ཞེས་བྲིས་འདུག
གོང་གི་གནས་ཚུལ་འདི་དག་ལས་ལོ་རྒྱུས་ཀྱི་དོན་གནད་མང་པོ་ཞིག་ང་ཚོས་ཤེས་ཐུབ་ཅིང། ཕུན་དབང་བོད་ལ་བཙུན་འཛུལ་བྱེད་པའི་བཅིངས་འགྲོལ་དམག་མིའི་ནང་ཅི་ལྟར་སླེབས་པ་དང། ལྷ་སར་བསྐྱོད་དེ་ལས་དོན་བྱེད་སྟངས་ཀྱི་གནས་ཚུལ་ཡང་ཤེས་ཐུབ་པ་རེད། ལོ་རྒྱུས་ཀྱི་གནས་ཚུལ་དངོས་འདིས་ཕུན་དབང་ནི་གསལ་བོར་ཞུས་ན་བཅིངས་འགྲོལ་དམག་གི་སྐད་བསྒྱུར་བ་ཞིག་དང། དེ་ལས་ཀྱང་བཅིངས་འགྲོལ་དམག་དང་ཀྲུང་དབྱང་ལ་བློ་དཀར་པོ་བྱུང་ན་གནད་དོན་ཆེ་ཁག་ནང་བློ་འདོན་དང་གྲོས་བསྡུར། ཐག་གཅོད་བཅས་ཀྱི་ཐོག་དབང་ཆ་ཡོད་པ་དང། ཀྲུང་དབྱང་ནས་ཡིད་ཆེས་བྱེད་ཀྱི་ཡོད་པའི་ཚོར་བ་དེ་ཁོང་ལ་སྐྱེས་ཡོད་པ་མ་ཟད། ཁོང་གིས་རིང་མོ་ཞིག་ནས་ཡིད་ལ་བརྣག་པའི་བོད་ལྗོངས་དང་བོད་ཁུལ་གཞན་གྱི་གསར་བརྗེའི་ལས་དོན་དེ་གུང་ཁྲན་ཏང་གི་སྐབས་དེའི་དམངས་ཕན་རང་བཞིན་གྱི་རྣམ་འགྱུར་དང་ཐག་གཅོད། སྒྲིག་གཞི་བཅས་དང་སྡེབས་ན་འགྲུབ་ངེས་པའི་ཡིད་ཆེས་བརྟན་པོ་བྱས་ཡོད་ཅིང། ཚུལ་འདིས་ནི་ཁོང་གི་རྨི་ལམ་མངོན་འགྱུར་བྱས་པ་ལྟ་བུའི་ཚོར་བ་ཡང་ཡང་བྱུང་བ་དང། བོད་མི་གུང་ཁྲན་ཏང་ཡོན་ཞིག་ཏུ་སྐྱེས་པའི་སྐྱེ་གོ་ཆོད་པའི་ཚོར་བའང་རྒྱུན་མར་བྱུང་ཡོད་པ། ཁོང་གི་ལོ་རྒྱུས་དང་ཆབ་སྲིད་ཁ་ཆེམས་ཀྱི་དཔེ་དེབ་གཉིས་ལས་གསལ་བོར་ཕྱོགས་བསྡོམས་བྱེད་ཐུབ་པ་དེ་རེད་ལ། བོད་གཞུང་གི་དེ་སྔའི་ལམ་ལུགས་དང། གོ་མིན་ཏང་གི་ལོག་སྤྱོད་བྱེད་ཕྱོགས་བཅས་ལ་འདོད་པ་མེད་མཁན་ནི་བོད་རིགས་མི་སྣ་གྲགས་ཅན་ཁྲོད་མང་པོ་ཡོད་ཅིང། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་ཡང་བོད་གཞུང་གི་གནང་སྟངས་ལ་རྦད་དེ་ཐུགས་མོས་ཁྱོན་ནས་མེད་པ་གསལ་བོ་སྟོན་མཁན་གྱི་གང་ཟག་ཅིག་ཆགས་ཡོད་པ་རེད། ཚུལ་འདི་དག་ལ་གཞིགས་ཏེ། ཕུན་དབང་དམག་སྡེ་ ༡༨ པའི་ནང་ཞུགས་པའི་སྔ་ཕྱིའི་ལས་དོན་ཚང་མར་དཔྱད་པ་བྱེད་སྐབས། དམར་དམག་དབུས་གཙང་དུ་སླེབས་མིན་དེ་ཕུན་དབང་ཡོད་མེད་ལ་ཁྱད་པར་ཏིལ་འབྲུ་ཙམ་མེད་པ་དེ་ཧ་ཅང་གསལ་བོ་རེད། ཡིན་ནའང། དབུས་གཙང་དུ་དམར་དམག་དཔུང་འཇུག་བྱ་རྒྱུའི་ཁྲོད་ཁོང་གིས་ལྷག་བསམ་རྣམ་དག་གིས་ལས་དོན་བྱས་ཏེ་ནུས་པ་ཧ་ལས་པའི་ཡག་པོ་ཐོན་ཡོད་པ་དེའང་གསལ་བོ་རེད། གང་ལྟར་དམར་དམག་གིས་བོད་བཅིངས་འགྲོལ་གཏོང་རྒྱུར་འདོད་མོས་ཡོད་མཁན་ཚོ་རྒྱལ་ཚོང་པར་བརྩི་དགོས་ཚེ། སྐབས་དེར་ཕུན་དབང་ཙམ་མ་ཟད། པཎ་ཆེན་ནང་སྒང་སོགས་མང་པོ་ཞིག་ཀྱང་ཚུད་ཡོད།
བཞི། སྐབས་འདིར་རྒྱལ་སྤྱིའི་ནང་གི་བོད་ཀྱི་གནས་བབ་གང་འདྲ་རེད།
ཕུན་དབང་མཆོག་རྒྱལ་ཚོང་པ་ཡིན་མིན་གྱི་མདོ་རྩ་འཚོལ་དུས་རྒྱ་ཆེ་ས་ནས་བསམ་བློ་མ་བཏང་ཚེ། ཕུན་དབང་མེད་ན་དམར་དམག་བོད་དུ་སླེབས་མི་ཐུབ་པ་ལྟ་བུ་བསམ་སྲིད་ལ། ཡང་ན་སྐབས་དེར་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་རོགས་རམ་ཞུས་ཡོད་ན་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙན་བྱོལ་དུ་འགྲོ་དགོས་དོན་མེད་པ་ལྟ་བུའང་བསམས་སྲིད་པས། བོད་དོན་གྱི་གནས་བབ་གཞན་དྲིང་མི་དགོས་པ་ཞིག་བྱེད་དགོས་ཚེ་གནད་དོན་འདི་དག་ཤེས་རྟོགས་བྱེད་རྒྱུ་ལས་གཡོལ་ཐུབ་མེད་པ་ནི་གསལ་བོ་རེད།
དེའི་སྐོར་ཕུན་དབང་གིས་བརྗོད་དོན་''ང་ཚོས་འབད་བརྩོན་བྱེད་བཞིན་པའི་སྐབས་སུ་བོད་གཞུང་གིས་ཞྭ་སྒབ་པ་དང་བྱང་ངོས་པ་ལྟ་བུའི་གཞུང་ཞབས་ཁག་ཅིག་རྒྱ་གར་ལ་མངགས་ཏེ་རྒྱལ་ཁབ་གཞན་ནས་དམག་རོགས་ཐེ་བའི་རོགས་རམ་འཚོལ་བཞིན་པ་ཡང་ཤེས་ཀྱི་ཡོད། དུས་ཚོད་ཅུང་ཙམ་སོང་རྗེས་ཀྲུང་དབྱང་ནས་གནས་ཚུལ་གྱི་འཕེལ་ཕྱོགས་སྔོན་དཔག་ཐུབ་ཅིང། དོན་ལ་འགྱུར་ལྡོག་ཅི་ཡང་མི་འབྱུང་བའི་ངེས་པ་རྙེད་པས། དམག་སྡེ་ཨང་ ༡༨ པ་འབྲི་ཆུ་བརྒལ་ཏེ་གཏོང་རྒྱུའི་ཐག་གཅོད་བྱས''22ཞེས་བཀོད་ཡོད། ཁོང་གི་ཚིག་དུམ་འདིའི་སྐོར་ལ་དེ་སྔའང་བདག་ལ་དྲི་བ་གཏོང་མཁན་བྱུང་ལ། དེང་སང་བརྡ་འཕྲིན་བརྒྱུད་ལམ་ཇེ་ལྷོད་དང་ཇེ་བདེར་སོང་རིམ་ནང། འདི་དག་ཤེས་འདོད་བྱེད་པའི་ན་གཞོན་ལོ་མཉམ་གསར་བུ་སྟག་འདྲ་བ་ཤེས་ཡོན་ཅན་མང་པོ་ཡོད་པའང་ཤེས་པས། གཤམ་དུ་རགས་ཙམ་བརྗོད་ན།
ཀྲུང་གོ་གསར་པ་བཙུགས་པའི་སྔ་རྗེས་སུ་བོད་གཞུང་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་ཁ་ཤས་དང་འབྲེལ་བ་བྱུང་བའི་གནས་ཚུལ་འགའ་བྱུང་ཡོད་ཅིང། དེ་ནི་ ༡༩༤༥ ལོའི་ཨེ་ཤ་ཡའི་ཚོགས་འདུ་དང། འཛམ་གླིང་དམག་ཆེན་གཉིས་པ་གཡུལ་རྒྱལ་བཀྲ་ཤིས་བདེ་ལེགས་ཞུས་པ། ༡༩༥༦ ལོའི་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་དྲན་མཛད་སྒོར་༸རྒྱལ་བ་ཡབ་སྲས་སྟོན་འཁོར་རྒྱ་གར་དུ་ཆིབས་ཞལ་བསྒྱུར་པ་བཅས་རེད།
གལ་གནད་ཆེ་བའི་གནས་ཚུལ་འདི་དག་བོད་མི་ཕལ་མོ་ཆེས་གོ་ཡོད་ལ། རྒྱ་གར་ལ་བཙན་བྱོལ་དུ་ཡོང་མྱོང་མཁན་ཞིག་ཡིན་ན། རྩིག་ངོས་ཁག་ནས་ཞྭ་སྒབ་པའི་ཕྱི་བསྐྱོད་ལག་ཁྱེར་གྱི་ངོ་བཤུས་དང། བདག་ཉིད་ཆེན་པོ་གན་ངྷིས་གསུང་བཤད་གནང་པའི་ཨེ་ཤ་ཡའི་ཚོགས་འདུའི་འདྲ་རིས་གཉིས་མཐོང་མེད་མཁན་ག་ལ་ཡོད། གནས་ཚུལ་འདི་དག་གི་ཐད་རྒྱ་བོད་ཕྱོགས་གཉིས་ཀྱི་གཞུང་འབྲེལ་གྱི་ལྟ་སྟངས་དང་ངོས་འཛིན་གནང་ཕྱོགས། རྒྱ་གར་གཞུང་གི་སྐབས་དེའི་ནེ་རུའི་སྲིད་གཞུང་གིས་བཤད་སྟངས་ཅི་ཞིག་ཡིན་མིན་བཅས་བསྡུར་རྒྱུ་སྐབས་སུ་མ་བབས་ཀྱང། ཨེ་ཤ་ཡའི་ཚོགས་འདུ་ལ་ཞུགས་མཁན་དང་གཡུལ་རྒྱལ་བཀྲ་ཤིས་བདེ་ལེགས་ཞུ་མཁན་དུ་བཅར་བའི་ཚོགས་མི་བོད་ཀྱི་མཐོ་རིམ་མི་སྣའི་ཁོངས་ནས་23མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཡིན་ཞེས་ག་རེ་ག་རེ་བཤད་ཡོད་མེད་གླེང་དགོས་ན་དྲི་ངན་འཐུལ་ཞིང། རང་གི་ལོ་རྒྱུས་རང་གིས་ཁུངས་མི་འཁྱོལ་བ་ཞིག་བཟོས་ཡོད་པའི་ཚུལ་རྣམས། བོད་ཀྱི་ལྷ་མི་རྣམས་ཀྱིས་གཟིགས་ན་ཡིད་སྐྱོ་བ་ལས་བྱ་ཐབས་མེད་ཅིང། མཁས་པ་ཐམས་ཅད་ཀྱི་གཙུག་རྒྱན་ཆོས་སྲིད་གཉིས་ཀྱི་སྲོག་འཛིན་པ་ཆེན་པོ་རྒྱལ་སྲས་ཟླ་མེད་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་'' བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་གཙང་མ་གཅིག་ཀྱང་མི་འདུག་གསུངས་'' 24པའང་གནས་སྟངས་འདི་དག་ལ་དགོངས་པ་མིན་ནམ་སྙམ།
དེ་ལྟའི་རྙོག་འཛིང་ཅན་གྱི་དུས་སྐབས་ཤིག་ཏུ། བོད་གཞུང་ན་རྭ་སྟག་དོན་རྐྱེན་ལངས་ཤིང། ལྷ་སའི་སྐྱིད་ཆུའི་སྐྱོ་གདུང་གི་ཤག་སྒྲ་དགུན་དུས་སུའང་འཁྱག་རོམ་གྱིས་མ་ནོན་ཞིང། པོ་ཏཱ་ལ་དང་ཇོ་བོ་རྣམ་གཉིས་ཀྱིས་སྟོད་ཀྱི་ཡུམ་བུ་བླ་སྒང་དང། སྨད་ཀྱི་ཁྲི་ཤོར་རྒྱལ་མོར་གཟིགས་ནས་སྤྱན་ཆབ་བསིལ། མཁས་དབང་རྡོ་སྦིས་དགེ་བཤེས་ལྟ་བུ་བེད་མེད་ཆགས་ཏེ་རྒྱ་ནག་ཏུ་བརྫངས། དྲན་དབང་སེང་གེ་གནམ་འགྱིང་དགེ་འདུན་ཆོས་འཕེལ་དམ་པ་མཆོག་ཀྱང་བཀའ་ཤག་གི་ལག་ནས་སྐུ་ཚེ་རྫོགས། སྐབས་དེར་ལྷ་སའི་བདེ་སྐྱིད་གླིང་ཁར་སྡོད་པའི་དབྱིན་ཇིའི་སྐུ་ཚབ་ཁྱི་སྤྱང་རིའི་ཅར་སན་གྱི་འདྲེ་ལག་བཀའ་ཤག་ཚུན་ཆད་དུ་བསྐྱངས་ནས་ཕུ་དཀྲུགས་མདའ་དཀྲུགས་བྱས། དེ་ལྟར་ཉི་མ་ལྷ་ས་ནི་ཉིན་རེ་ནས་ཉིན་རེར་མི་ཞིག་གི་ལག་མཐིལ་ལའང་ཤོང་པ་འདྲ་བའི་སྐབས་དེར། ས་དབང་ཟུར་ཁང་( བཙན་བྱོལ་དུ་འབྱོར་རྗེས་ཐའེ་ཝན་ནས་བཀའ་བློན་ལས་ཁུངས་ཟེར་པ་འཛུགས་མཁན་ཡང་ཡིན། ) སོགས་ཀྱིས་གསེར་བུམ་བསྐྱར་དུ་དཀྲུགས་དགོས་ཀྱི་འདུག་ཅེས་དོགས་པ་བྱེད་ཡུལ། རྗེ་ཙོང་ཁ་པ་དང་རུ་སྡེ་གཅིག་པ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཕྱག་ཏུ་བོད་གཞུང་གི་སྲིད་དབང་གི་ལྷག་ལུས་ཡོངས་སུ་གཏད་པ་རེད།
ཡིད་ལ་འབབ་བདེ་བ་དང། ཞིབ་ཚགས་ཞིབ་འཇུག་བྱས་ཀྱང་བྱེད་བདེ་བའི་ཕྱི་ནང་གི་གནས་བབ་མང་པོ་བསྡུས་བརྗོད་ཅུང་ཙམ་བྱས་པ་འདིས་ཀྱང། བློ་ལྡན་གཟུར་གནས་ཅན་ཚོར་གཅིག་ཤེས་ཀུན་གྲོལ་དང། ཡང་ན་གནད་དོན་ངོ་མ་འཚོལ་འདུན་འགོག་མེད་དུ་འཕྱུར་ཡོང་བ་ནི་གདོད་མི་ཟ་བ་ཞིག་ཡིན་ལ། དེ་ལྟར་ཡོང་དགོས་དོན་ཀྱང་གསལ་བོར་བརྗོད་ན། བོད་ཤོར་དགོས་དོན་གྱི་ཕྱི་ནང་གི་རྒྱུ་རྐྱེན་མཐའ་དག་གང་འདྲ་ཞིག་ཡིན་མིན་ཤེས་འདོད་པ་དེས་རེད། དེང་སྐབས་ཚན་རིག་དང་མཐུན་པའམ། དེང་སང་གི་ཞིབ་འཇུག་བྱེད་སྟངས་ཀྱི་ལམ་ནས་བྱུང་རབས་ཀྱི་གནས་ཚུལ་འདི་དག་ལ་འགྲེལ་བཤད་བསྐྱོན་ཡོང་དུས། བོད་གཞུང་ནས་གོ་གུང་གཉིས་ཀྱི་དམག་འཁྲུག་ལངས་མགོ་བརྩམས་པ་ནས་བོད་དུ་དམར་དམག་མ་འབྱོར་བར། གྲ་སྒྲིག་གང་འཚམས་བྱེད་རྒྱུའི་དུས་ཚོད་དང་གོ་སྐབས་གཉིས་ཀ་ཡོད་ངེས་པའི་སྡོམ་ཚིག་བཀོད་ཡོད་ཅིང། བོད་གཞུང་གིས་རང་སར་རང་སྣང་དག་ནས་འཛམ་གླིང་ཕྱི་ཕྱོགས་སུ་འབྲེལ་བ་གང་ཡང་བྱེད་མ་ཐུབ་པས། བོད་ཤོར་དགོས་པའི་ཕྱི་ནང་གི་མཐུན་རྐྱེན་དུས་གཅིག་ཏུ་འཛོམས་པར་སྣང་བ་དང། ༸གོང་ས་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེལ་ཞལ་གདམས་དང། ༸གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོའི་ལེགས་བཅོས་ལས་ཁུངས་སོགས་ཀྱང་ལྟོས་ལྟོས་རིག་རིག་ལ་འཆར་སྣང་ཙམ་གྱི་ངོ་བོ་ནས་མངོན་གྱུར་མ་བྱུང་བ་དེ་རེད།
ཨོ་རྒྱན་གླིང་པའི་གཏེར་མ་བཀའ་ཐང་བསྡུས་པ་ལས། '' རྟ་ལུག་སྤྲེལ་གསུམ་ལོ་ལ་རྒྱ་དམག་འོང།། ཆུ་ཕོ་སྤྲེལ་ལ་ཡར་ལུངས་དམག་སྒར་འཆའ།། མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག། '' ཅེས་པའི་ལུང་བསྟན་ལ་སྲོག་དབང་ཞུགས་པ་ཡིན་ནམ་གང་ལྟར་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཀྲུང་གོ་གསར་པའི་བཙན་འཛུལ་འོག་དེ་ལྟར་ཚུད་པ་ཡིན་སྟབས། ལོ་རྒྱུས་ཀྱི་དོན་དངོས་འདི་དག་ཞིབ་ཏུ་མཁྱེན་པ་ཡིན་ན་ཕུན་དབང་ལ་རྒྱལ་ཚོང་པ་ཟེར་སའི་གདགས་ཡུལ་ཞིག་གུད་དུ་མེད་པ་དེའང་མི་མཁྱེན་ཟེར་ན་མངོན་སུམ་ལ་བསྙོན་པ་རང་མ་རེད་དམ།



Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།