འཛམ་གླིང་སྤྱི་བཤད།

ཨོ་བདེ་ལེགས་སུ་གྱུར་ཅིག རང་ཅག་གི་འདྲེན་པ་དམ་པ་ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་ནམ་ཁའི་མཐའ་དང་མཉམ་པའི་རབ་འབྱམས་རྒྱ་མཚོའི་ཞིང་གི་སྐྱེ་དགུ་མ་ལུས་པའི་དོན་དུ་གནའ་སྔོན་ཐུགས་བསྐྱེད་རླབས་ཆེན་མཛད་དེ་ བསྐལ་པ་གྲངས་ལས་འདས་པར་སངས་རྒྱས་ཀྱི་ཞིང་སྦྱང་བ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་མཛད་ནས་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་མཐའ་དག་མངོན་སུམ་དུ་མཁྱེན་པའི་ཆོས་སྐུ་དང་ལོངས་སྐུ་མངོན་དུ་བྱས་ཏེ། བསྡུ་བ་རྣམ་བཞིའི་སྒོ་ནས་གདུལ་བྱ་སྣ་ཚོགས་སྨིན་གྲོལ་ལམ་ལ་འདྲེན་ཆེད་དུ་མཆོག་གི་སྤྲུལ་པའི་སྐུའི་རྣམ་པས་སྤྱིར་རབ་འབྱམས་རྒྱ་མཚོའི་ཞིང་འདིའི་འཇིག་རྟེན་སོ་སོ་དང༌། ཁྱད་པར་དུ་མི་མཇེད་ཀྱི་འཇིག་རྟེན་བྱ་བ་ཕྲག་བརྒྱར་སྤྲུལ་པ་རེ་རེ་བསྟན་ཅིང༌། སྒོས་སུ་རང་ཅག་གནས་པའི་གླིང་བཞི་བའི་འཇིག་རྟེན་གྱི་འཛམ་བུའི་གླིང་འདིར་བུ་རམ་ཤིང་པའི་རྒྱུད་དུ་བྱོན་ནས་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མཐའ་ཡས་ཀྱིས་ཁྱབ་པར་བྱས་ཏེ་འགྲོ་ཀུན་ཕན་བདེ་ལ་བཀོད། དེ་ལྟའི་གླིང་འདི་ནི་འདོད་གཟུགས་གཟུགས་མེད་ཀྱི་སོ་སྐྱེའི་ལྷའི་གནས་དང་མིའི་གླིང་གཞན་ལས་ཁྱད་པར་འཕགས་པ་ཡིན་ནོ། ། དེས་ན་དེའི་ཡུལ་སྣ་ཚོགས་དང་དེར་གནས་པའི་མི་རིགས་ཇི་ལྟ་བུ་མཆིས་པ་རགས་ཙམ་སྨོས་པ་ལ་གཉིས།

སྤྱི་དང༌། སོ་སོའོ། དང་པོ་ལ་གཉིས། མདོ་རྒྱུད་ལས་གསུངས་ཚུལ་དང༌། བསྟན་བཅོས་ལས་བཤད་ཚུལ་ལོ།།
དང་པོ་ནི།དུས་འཁོར་བསྡུས་རྒྱུད་དང་དེའི་འགྲེལ་ཆེན་དྲི་མེད་འོད་དུ་ནམ་མཁའི་གཟའ་སྐར་གྱི་གོ་ལ་དང་བསྟུན་ནས་སའི་དུས་བཞི་འབྱུང་ཚུལ་འཆད་ཞོར་ལ་འཛམ་གླིང་ལྷོ་གླིང་དབུས་མ་འདིར་ལྷོ་ནས་བྱང་དུ་རིམ་པར་རྒྱ་གར་བོད་ལི་ཡུལ་རྒྱ་ནག་ཀེ་ལ་ཤ་གངས་ཅན་དྲུག་ཡོད་པར་གསུངས་པ་དང༌། མདོ་དྲན་པ་ཉེར་བཞག་ལས་འཛམ་བུའི་གླིང་ན་པཱཌཱ་ལི་པུ་ཏྲས་མགོ་དྲངས་པར་གྱུར་པའི་གྲོང་ཁྱེར་གསུམ་གྱིས་ལྷག་པའི་བརྒྱ་ཡིན་ནོ།། ཞེས་དང༌། འཛམ་བུའི་གླིང་ན་གཱ་ཤི་དང་གོ་ཤ་ལི་དང་མ་གྷ་དྷ་དང་ཡ་མུ་ན་དང་པཀྴུ་དང་སི་ཏའོ།། ཞེས་དང༌། རིག་ཆེན་པོ་ནི་གངས་ཅན་དང་འབིགས་བྱེད་དང་མ་ལ་ཡ་དང་ཀཻ་ལཱ་ཡར་དང༌། ཞེས་དང༌། མ་དྲོས་པ་དང་མ་ཕམ་དང་མཚོ་ཆེན་པོ་གཉིས། ཞེས་དང༌། འཛམ་བུའི་གླིང་གི་འཁོར་དུ་གྱུར་པའི་གླིང་ལྔ་བརྒྱས་ཡོངས་སུ་བསྐོར་བ་ཡིན་ནོ། །འཛམ་བུའི་གླིང་ན་ཡོད་པའི་གཙོ་བོར་གྱུར་པ་རྣམས་དཔེར་བྱ་ན་འདི་ལྟ་སྟེ། གསེར་གྱི་ས་གཞི་དང་ལྡན་པ་དང་རིན་པོ་ཆེའི་རྡོ་བ་དང་ལྡན་པ་དང་ཀེ་ཏ་ཀ་དང་མཱ་ལི་ཀཱ་ལིང་དང༌། གླིང་དེ་དག་རྣམས་ཀྱིས་འཛམ་བུའི་གླིང་ཡོངས་སུ་བསྐོར་བ་ཡིན། ཞེས་གསུངས། གཞན་ཡང་ཤར་ངོས་སུ་རི་ཨ་ནཱ་ན་དང་ཨནཱུན་དང༌། ཆུ་ཀླུང་ཀཽ་ཤི་ཀ་དང་གི་ཤ་ལ་དང༌། ཡུལ་ལྗོངས་གྲ་མ་ཅན་དང་རྣམ་པར་སྲེག་བྱེད་བྱ་པ་དང༌། ལྷོ་ཕྱོགས་ན་རི་བོ་འབིགས་བྱེད་སོགས་དང༌། ཆུ་ཀླུང་ནར་མ་ཏཱ་དང་ནག་པོ་འཁྱིལ་བ་དང༌། ཡུལ་ལྗོངས་མེ་ལ་ཀོ་དང་ཙོ་ཀ་ལ་སོགས་དང༌། ནུབ་ཕྱོགས་ན་ཡུལ་ཀེ་ཀཱ་པེ་ནི་དང་པཱ་ཏ་ཏྲ་སོགས་དང༌། ཆུ་བོ་སིནྡྷུ་སོགས་དང༌། བྱང་ཕྱོགས་ན་རི་གངས་ཅན་ཏེ་སེ་སོགས་དང༌། ཡུལ་ཉ་ཞེས་པ་དང་པུ་ལེན་དོ་སོགས་ཡོད་པ་སྟེ། དེ་ལས་གླིང་དངོས་ཀྱི་རི་ཆེན་ཡུལ་ལྗོངས་ཆེན་པོ་ན་མི་རྐང་གཉིས་པ་དང་གྲུབ་པ་དང་གསང་བ་དང་དྲི་ཟ་དང་དྲང་སྲོང་སོགས་གནས་པ་དང༌། མཚོ་རྣམས་ན་ཆུ་སྲིན་ཉ་རིགས་སྣ་ཚོགས་དང་བྱང་ཤང་ཤང་ཏེའུ་སོགས་དང་ས་གཞན་ལ་ཁྱུང་དང་སྦྲུལ་གདུག་པ་ཅན་སྣ་ཚོགས་ཡོད། གླིང་ཕྲན་དུ་མར་སྐྱེས་བུ་རྐང་གཅིག་དང་བུད་མེད་ཁྱི་གདོང་མ་སྐད་སྙན་པ་དང་གླང་ཆེན་གདོང་ཅན་དང་རྣ་བ་ཆེན་པོ་ཅན་སོགས་གནས་པར་གསུངས་སོ།། གང་ཡུལ་ཆེན་པོ་བཅུ་དྲུག་བསྡུས་པའི་ཡུལ་སྟོང་གིས་འཛམ་བུའི་གླིང་འདི་ཡོངས་སུ་གང་སྟེ། གང་ན་མི་རྣམས་ཀྱི་ཚིག་ཀྱང་གཞན། ངེས་པའི་ཚིག་ཀྱང་གཞན། བརྡ་ཡང་ཐ་དད་པ་དེར་ཡང་དེ་བཞིན་གཤེགས་པས་སྐད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་མིང་ཐ་དད་པ་རྣམས་ཀྱིས་བདེན་པ་དག་རྣམ་པར་བཀོད་དེ། འདི་ལྟ་སྟེ། ཡུལ་ཀཤ་དང༌། པ་ཧུ་པ་དང༌། ཐོག་གར་ཡུལ་དང༌། ཡ་བ་ཡ་ན་དང༌། ཀམ་པོ་ཛི་དང༌། ཁ་ཤ་དང༌། ཧུ་ན་དང༌། རྒྱ་ཡུལ་དང༌། ད་ར་ཏ་དང༌། ཨུ་ར་ཤ་དང༌། པི་ལིན་དང༌། བོ་མ་དང༌། བྲམ་ཟེ་དང༌། རྒྱལ་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་དང༌། ད་ཙི་པ་དང༌། ཀི་ར་ཏ་དང༌། པུ་ལིན་ཏ་དང༌། པུ་ན་ཏྲ་དང༌། ཀུ་རུ་ན་དང༌། ལྔ་ལེན་དང༌། ཤར་ཕྱོགས་པ་དང༌། ཕུ་རུ་ར་བ་དང༌། ལྷོ་ཕྱོགས་དང༌། ཀ་ལི་ཀ་དང༌། གཅེར་བུ་དང༌། བ་ན་ས་ཀ་དང༌། བ་ན་ཏ་དང༌། སྦལ་ཀ་དང༌། ཁྱི་གདོང་དང༌། ཝ་གདོང་དང༌། གྲིབ་ཤའི་གདོང་དང༌། སྤྱིའུ་ཚུགས་པ་དང༌། གནམ་གདོང་པོ་དང༌། ཕྱི་ཕྱོགས་གདོང་དང༌། བྱང་མཚམས་གདོང་དང༌། རྗེས་སུ་རྒྱུག་དང༌། རྒྱ་མཚོ་ཁོལ་བ་དང༌། ཡུལ་མཐས་གཏུགས་པ་དང༌། ཨང་ཀུ་ར་དང༌། མང་ཀུ་ར་དང༌། མང་ཀུར་དང༌། སྣ་མེད་དང༌། གློ་བཀྲ་དང༌། ཕྱོགས་ཀྱི་གཅེར་བུ་དང༌། གཤོག་ཐོག་གཅེར་བུ་དང༌། དགུས་ཏེ་འགྲོ་དང༌། རྫོགས་བྱེད་རྣམ་པ་དང༌། འཇིག་རྟེན་གྱི་བར་ན་གནས་པའི་ཡུལ་ལ་སོགས་པ་ཡུལ་སྟོང་གིས་འཛམ་བུའི་གླིང་ཡོངས་སུ་གང་སྟེ།ཞེས་ཡུལ་མང་པོ་གསུངས་སོ།།ཡང་དེ་རྣམས་བསྡུས་ན་ཡུལ་ཆེན་བཅོ་བརྒྱད་དམ་བཅུ་དྲུག་དང་མཐའ་འཁོབ་གོ་གཅིག་དང་ཡང་འཁོབ་སུམ་བརྒྱ་དྲུག་ཅུ་དང་གཅོང་རོང་སྡེ་བཅོ་བརྒྱད་སོགས་སུ་འདུས་པར་བཤད་པའང་ཡོད་དོ།། གཉིས་པ་བསྟན་འཆོས་﹙བཅོས་﹚ལས་བཤད་ཚུལ་ནི། མངོན་པའི་ལུགས་ལ་མཛོད་ལས། འདི་ནས་བྱང་དུ་རི་ནག་པོ། དགུ་འདས་གངས་རི་དེ་ནས་ནི། སྤོས་ངད་ལྡང་པའི་ཚུ་﹙ཚུར་﹚རོལ་ན། ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། ཞེས་པ་དང་ཕལ་ཆེར་མཐུན་པར་འཇིག་རྟེན་གདགས་པར་ཡང་བཤད་དེ། དེ་ཡང་རྡོ་རྗེ་གདན་ནས་བྱང་ངོས་སུ་རི་ནག་པོ་དགུ་འདས་པ་ན་གངས་ཅན་ཏེ་སེ་དང་དེའི་ཕ་རོལ་ཏུ་དཔག་ཚད་ལྔ་བཅུ་ན་སྤོས་ངད་ལྡང་རི་དང་དེའི་ཚུ་﹙ཚུར་﹚རོལ་དཔག་ཚད་བཅུ་ནས་མཚོ་མ་དྲོས་པ་ཡོད། དེའི་ཤར་སོགས་ཕྱོགས་བཞི་ནས་རིམ་པར་བྲག་དངུལ་གསེར་བཻཌཱུརྱ་རྡོ་རྗེའི་རང་བཞིན་ཅན་གླང་ཆེན་ཁྱུ་མཆོག་རྟ་སེང་གེ་འདྲ་བའི་ཤ་ནས་རིམ་པར་ཆུ་བོ་གངྒཱ་སིནྡྷུ་པཀྴུ་སི་ཏ་བཞིས་རང་རང་གི་ཕྱོགས་ཀྱི་རིན་པོ་ཆེའི་བྱེ་མ་འདྲེན་བཞིན་དུ་བྱུང་ནས་མཚོ་དེ་ལ་གཡས་སྐོར་བདུན་རེ་བྱས་ནས་ཆུ་ཀླུང་ལྔ་བརྒྱ་རེ་དང་བཅས་ཏེ་རང་རང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འབབ་བོ།། མ་དྲོས་པའི་གཡས་སུ་འཛམ་བུའི་ཤིང་འབྲས་བུ་ཆུར་ལྷུང་ན་གསེར་དུ་འགྱུར་བ་དང༌། གཡོན་དུ་ཤལ་མ་ལི་རྒྱང་གྲགས་དུ་མ་ལྡན་པའི་རྩེར་ཁྱུང་རིགས་བཞི་གནས་པ་དང༌། སྤོས་ངད་ལྡང་གི་བྱང་དུ་དཔག་ཚད་ཉི་ཤུ་ན་ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་པ་གླང་ཆེན་དུ་མ་དང་བཅས་པ་རྒྱུ་བ་སྟེ་ཤིང་ཁྱད་པར་ཅན་དེ་གསུམ་ཡོད། རི་ཡང་གངས་ཅན་འབིགས་བྱེད་མནྡྷར་གསུམ་བཤད། གཞན་དུ་བྱང་དུ་གངས་ཅན་ཏེ་སེ་དང༌། ལྷོར་འབིགས་བྱེད་མཱ་ར་ཡ་གཉིས་དང་བཞི་གསུངས། དེ་ལ་ཡང་མཚོ་མ་དྲོས་པ་དང་ཉེ་བར་གངས་ཅན་ཏེ་སེ་ཡོད་ཅེས་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་དུ་ཡང་བཤད། ཡང་གངས་ཅན་ནི་དེ་དང་ཏེ་སེ་ནི་ཤམྦྷ་ལའི་གངས་རི་ཡིན་ཞེས་བཤད་པའང་ཡོད་ཀྱང༌། གངས་ཅན་རི་ཞེས་མ་དྲོས་པ་དང་ཉེ་བའི་དེ་དང་ཤམྦྷ་ལའི་གངས་རི་ལའང་བཤད་རུང་ངོ༌།།ཡང་མངོན་པར་སྤོས་ལྡན་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་གསེར་གྱི་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཞེས་པ་གསེར་གྱི་བྲག་བྱ་སྐྱིབས་ཅན་བརྒྱ་སྟོང་ཡོད་པ་དང༌། ཤིང་སཱ་ལའི་ཤར་དུ་དཔག་ཚད་ཉི་ཤུ་ན་རྫིང་བུ་དལ་གྱིས་འབབ་པ་རྫིང་ཆུང་བརྒྱ་སྟོང་གིས་བསྐོར་བ་ཡོད།    གངས་ཏེ་སེ་དང་མ་དྲོས་པར་རྫུ་འཕྲུལ་མེད་པས་བགྲོད་མི་ནུས་པར་བཤད་ཅིང༌། ས་པཎ་གྱིས་ཀྱང་དེ་ལྟར་མི་ཕལ་པ་འགྲོ་ཐུབ་པའི་ཏེ་སེ་དེ་ནི་དེ་དངོས་མིན་པར་དེ་འདྲ་ཡིན་གསུངས་ལ། དེ་ལྟར་ན་དེ་ལ་དག་སྣང་དང་ཐུན་མོང་གི་ངོར་སྣང་ཚུལ་མི་འདྲ་བ་ཡོད་པར་མངོན་ནོ།།ཡང་བོད་དུ་གྲགས་པའི་ཕལ་པའི་གཏམ་སྣ་ཚོགས་ན། ཡང་འཛམ་གླིང་དང་རྒྱ་ནག་རྩིས་དང་སྟག་གཟིག་ནོར་དང་གེ་སར་དམག་གི་ཡུལ་བཞི་དང༌། ཡང་འཛམ་གླིང་སོག་དབྱིབས་ཀྱི་ཐེར་ལ་བོད་དང་ཡུ་བ་ལ་རྒྱ་གར་ཁ་ཆེ་ཏ་ཟིག་དང༌། ཀྲུང་ཀྲུང་ལ་རྒྱ་ནག་འཇང་ཧོར་གྱི་ཡུལ་སོགས་ཡོད་ལ། ཁ་འཁོང་ན་གློ། རྡོ། ཁ་ཁྲ། ཁ་སོག གཞའ། ཁ་སུར། ཁ་གླིང༌། སྤྲེལ་སླག ཁྱི་ཁྱོ། དར་སློག ཞང་ཚ་བྱ་སོགས་ཀླ་ཀློ་མཐའ་འཁོབ་དམ་ཆོས་མ་དར་བའི་ཡུལ་སོ་དྲུག་སོགས་ཡོད་དེ། འདི་དག་ལ་རྒྱལ་བསྟན་མེད་ཅིང་དཀོན་མཆོག་དགེ་སྡིག་ལས་མི་ཤེས། ཤ་ཁྲག་ལ་དགའ་ཞིང་མི་མིན་སྲིན་པོའང་མི་མིན་འགྲོ་ན་དུད་འགྲོ་དང་འདྲ་བ་ཡིན་ཟེར་རོ།། གཉིས་པ་ཡུལ་སོ་སོར་རི་ཆེན་དང་ཆུ་ཀླུང་དང་འགྲོ་བ་ཇི་ལྟ་བུ་ཡོད་པ་ལ་གཉིས། ཡུལ་དབུས་དང༌། ཕྱོགས་མཚམས་ཀྱི་ཡུལ་སོ་སོའི་གཏམ་མོ། དང་པོ་ལ། འཛམ་གླིང་ན་ས་ཚིགས་ཀྱིས་ཡུལ་དབུས་དང༌། ཆོས་ཚིགས་ཀྱི་དབང་དུ་བྱས་པའི་དབུས་གཉིས་ཡོད་པ་ལས། སྔ་མ་ནི་མཛོད་དུ་འཛམ་གླིང་གི་ཁྱད་ཆོས་ཀྱི་གཙོ་བོར་གངས་ཏེ་སེ་དང་མཚོ་མ་དྲོས་པ་དང་མཚོ་དེའི་འགྲམ་གྱི་འཛམ་བུའི་ཤིང་གི་འབྲས་བུ་མཚོར་ལྷུང་ཚེ་འཛམ་བུ་ཞེས་པའི་སྒྲ་འབྱུང་བ་ལས་འཛམ་བུའི་གླིང་ཞེས་བཏགས་པ་དང༌། མཚོ་དེའི་ཕྱོགས་བཞིའི་ཆུ་ཡང་ཕྱོགས་བཞིའི་རྒྱ་མཚོར་འབབ་པར་བཤད་པ་དང༌། མདོ་སྡུད་པར་ཡང་འཛམ་གླིང་གི་ཆུ་ཐམས་ཅད་ཀྱང་མཚོ་མ་དྲོས་པ་དེ་ལ་བརྟེན་ནས་འབྱུང་བར་གསུངས་སོགས་ལ་དཔག་ན་རི་དང་ཤིང་དང་མཚོ་དེ་ཡོད་པའི་ཡུལ་དུ་འཛམ་གླིང་གི་དབུས་ཡིན་ནམ་སྙམ་སྟེ་དཔྱོད། ཕྱི་མ་ནི། བསྐལ་བཟང་གི་རྣམ་འདྲེན་སྟོང་གིས་མཐུན་སྣང་ངོར་རྡོ་རྗེའི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་མཆོག་གི་སྤྲུལ་བའི་སྐུར་གསར་དུ་སངས་རྒྱས་ཚུལ་བསྟན་ནས་ཆོས་ཀྱི་འཁོར་ལོ་བསྐོར་སོགས་མཛད་པ་རྣམས་བསྟན་པའི་གནས་ཀྱི་སྙིང་པོ་མཐིལ་ནི་མ་གྷ་ངྷའི་རྡོ་རྗེ་གདན་ཡིན་པས་དེས་མཚོན་པའི་རྒྱ་གར་ནི་ས་ཚིགས་ཀྱིས་ལྷོར་ཡིད་ཀྱང་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན་པས། དེ་ལ་ཡང་རང་ཅག་གི་སྟོན་པ་མཉམ་མེད་བུ་རམ་ཤིང་པ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཐོག་མར་བསྐོར་བའི་གནས་རིམ་པར་ཝ་ར་ཎ་སེའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་དང་བྱ་རྒོད་ཕུང་པོའི་རི་དང་ཡངས་པ་ཅན་སོགས་ཡིན་ནོ།། དེས་ན་འཛམ་གླིང་གི་གནས་ཁྱད་འཕགས་ལྔར་གྲགས་པའི་གཙོ་བོ་ནི་རྒྱ་གར་དབུས་ཀྱི་རྡོ་རྗེ་གདན་ཡིན། དེའི་ཤར་དུ་འཇམ་དབྱངས་སྨྲ་སེང་གི་ཞིང་རྒྱ་ནག་རི་བོ་རྩེ་ལྔ་དང༌། ལྷོར་རྒྱ་མཚོའི་ནང་གི་གླིང་ཕྲན་སྤྱན་རས་གཟིགས་དང་སྒྲོལ་མའི་གནས་རི་བོ་པོ་ཏ་ལ་དང༌། ནུབ་ཏུ་དཔའ་བོ་མཁའ་འགྲོའི་གནས་ཨོ་ཊི་ཡ་ན་དང༌། བྱང་དུ་ཆོས་རྒྱལ་རིགས་ལྡན་གྱི་ཡུལ་ཤམྦྷ་ལ་ཡིན་ནོ། །དེ་ལས་དབུས་རྒྱ་གར་གྱི་ཡུལ་སོ་སོ་དང་གྲོང་ཁྱེར་དང་དགོན་སྡེ་སོགས་མདོར་བསྡུས་ཙམ་སྨོས་ན། དེ་ལ་རྒྱ་གར་ཞེས་པ་ཁ་ཆེ་བལ་བོ་བོད་སོག་ཞེས་པ་ལྟ་བུ་འདོད་རྒྱལ་དུ་བཏགས་པའི་མིང་ཞེས་ཀྱང་རུང་ལ། གལ་ཏེ་སྒྲ་བཤད་བྱེད་ན་རྒྱ་གར་་གྱི་ཡུལ་ན་སྣོད་བཅུད་ཀྱི་ཁྱད་ཆོས་ཕུལ་དུ་བྱུང་བ་མང་བའི་སྒོ་ནས་ཡུལ་གཞན་ལས་ལྷག་སྟེ་གར་བ་ལྟ་བུར་སྣང་བ་དང༌། ཡང་གངས་ཅན་གྱི་ཡུལ་ལས་ལྷོ་ངོས་སུ་གར་ནས་ཡོད་པ་དང༌། ཡུལ་དེ་ན་རི་ཉུང་བས་རི་སོ་སོར་ཚོམ་བུ་ལྟར་གར་ནས་ཡོད་པའི་སྒོ་ནས་ཀྱང་དེ་སྐད་བརྗོད་འོས་སོ།།འཕགས་ཡུལ་ཞེས་པ་ནི། རྣམ་གྲངས་གཅིག་ན་བསྐལ་བཟང་གི་རྣམ་འདྲེན་སྟོང་ནི་དེར་གསར་དུ་སངས་རྒྱས་འཕགས་པར་གྱུར་ཚུལ་བསྟན་པ་དང་བྱང་སེམས་ཉན་རང་འཕགས་པ་གྲངས་ལས་འདས་པ་བྱུང་བའི་ཡུལ་ཡིན་པ་དང༌། གཉིས་སུ་ན་ཡུལ་དེའི་མི་རྣམས་ནི་མིའི་གཟུགས་བཟང་པོའི་མཚན་ཉིད་དང་ལྡན་པའི་དབང་བོ་གསལ་བ་ལྕེ་བདེ་མིག་གསལ་བ་ཤེས་རབ་དང་སྙིང་སྟོབས་ཆེ་ལ་རང་བཞིན་དྲང་བ་རྣམ་རྟོག་ངན་པ་མང་བ་གླེན་དིག་འོན་སོགས་ཀྱི་སྐྱོན་ལྡན་ཉུང་བ་སོགས་ཡོན་ཏན་དུ་མས་ཡུལ་གཞན་གྱི་མི་ལུས་ལས་ཁྱད་པར་དུ་འཕགས་པས་སངས་རྒྱས་སྟོང་ཡང་དེར་མིའི་གར་གྱི་རྣམ་པར་འཁྲུངས་པ་དང༌། ས་ཡང་ཁོད་ཡངས་ལ་ལག་མཐིལ་ལྟར་ཁོད་སྙོམས་ཤིང་ཀྲི་སྙན་ས་ལ་དང་གླང་ཆེན་དང་བསེ་རུ་སོགས་རི་དྭགས་མང་བ་དང༌། གངྒཱ་ལ་སོགས་པའི་ཆུ་ཀླུང་དུ་མས་རྒྱན་པ་དང༌། ཙན་དན་ཨ་ག་རུ་ལྷ་ཤུག་ཏ་ལ་ཨ་བར་སྐྱུ་རུའི་ཤིང་དང་བཟའ་ཤིང་བཟང་པོ་མང་བ་དང༌། ཙམ་པ་ཀ་པདྨ་ཨུ་ཏྤལ་ལ་སོགས་པའི་མེ་ཏོག་དང་ཀུ་ཤ་དུར་བ་སོགས་ཀྱི་རྩྭ་རིང་ཐུང་དུ་མས་ཁྱབ་པ་དང༌། དེ་དག་དང་ཆུ་རྒྱུན་འབབ་པའི་དགའ་ཚལ་མང་ཞིང་དེར་ངང་བ་ངུར་བ་བཞད་ཁུ་བྱུག་རྨ་བྱ་དང་བྱེའུ་དང་ཕྱེ་མ་ལེབ་ཁ་དོག་སྣ་ཚོགས་པ་དང་རྐང་དྲུག་སོགས་ཀྱི་སྐད་སྙན་ཕན་ཚུན་འགྲན་པ་ལྟར་འབྱིན་པས་གང་བ་དང༌། གྲོང་དང་གྲོང་ཁྱེར་ཀུན་ཏུ་རིན་པོ་ཆེ་སྣ་ཚོགས་དང་གསེར་གྱི་ཀརྴ་པ་ཎི་དང་དངུལ་ཌཾ་ཁ་དང་གོས་རས་དང་མགྲོན་པོ་སོགས་ཀྱི་ཚོང་མོད་པ་དང༌། གནས་ཆེན་ཁྱད་འཕགས་དུ་མ་མཆིས་ཤིང་དེར་གྲུབ་པ་ཐོབ་པས་ཡུལ་དེར་ཁྱབ་པ་སོགས་ཀྱི་སྒོ་ནས་ཀྱང་ལྗོངས་གཞན་ལས་སྣོད་བཅུད་ཀྱི་ཕུན་ཚོགས་འཕགས་པའམ་ལྷག་པས་ན་འཕགས་ཡུལ་ཞེས་སོ།། རྒྱ་གར་གྱི་ས་དབྱིབས་ཟླ་གམ་ལྟ་བུ་མཐའ་ཁོར་རྒྱ་ནག་ལུགས་ཀྱི་ལེ་ཝར་﹙དབར﹚དགུ་ཁྲི་ཡོད་ཟེར། ཡུལ་དེ་ན་མི་རིགས་རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས་དམངས་རིགས་བཞི་ཡོད། སྐད་རིགས་ཀྱང་མང་ཡང་གཙོ་བོ་གྲགས་ཆེ་བ་བཞི་ནི་སཾ་སྐྲྀ་ཏ། པི་ཤ་ཙི། པྲ་ཀྲྀ་ཏ། ཨ་ལ་བྷྲཾ་ཤའི་སྐད་དང༌། ཡུལ་དེར་གྲོང་ཁྱེར་ཤིན་ཏུ་མང་ཡང་གཙོ་བོར་གྲགས་པ་ནི། མཉན་ཡོད་གནས་བཅས་ཙམ་པ་ཀ། ཝ་ར་ཎ་སེ་ཡངས་པ་དང༌། རྒྱལ་པོའི་ཁབ་ནི་དྲུག་པ་སྟེ། དེ་དག་གྲོང་ཁྱེར་ཆེན་པོར་གྲགས། །ཞེས་པ་ལྟར་དང༌། ཡང༌། ཝ་ར་ཎ་སེ། །ཡངས་པ་ཅན། ཡོངས་སུ་མྱ་ངན་ལས་འདས་པ། །ཀཽ་ཀམྨྷ་དང༌། འོད་མའི་ཚལ། བྱང་ཆུབ་སྙིང་པོ། རྒྱལ་པོའི་ཁབ། ཀ་ཡ་གོ་རི། འདམ་བུ་ཅན། དབང་པོའི་བྲག་ཕུག ལུམྦི་ནི། དྲང་སྲོང་ལྷུང་བ་རི་དྭགས་ནགས། གནས་བཅས། སྲུང་བྱེད། ཀོ་ས་ལ། མཉན་ཡོད། ལྔ་ལེན། ལྕང་ལོ་ཅན། དྲང་སྲོང་སྨྲ་བ། ཀལིངྒ། ཀ་ལས་ཏ་ཀ། མ་གྷ་ངྷ། ཀུ་ཤའི་གྲོང་དང༌། ཙམ་པ་ཀ ཞེས་ཡུལ་གྲོང་ཁྱེར་གྲགས་ཆེ་བ་ཉེར་གསུམ་ཡོད་ཟེར། དེ་ལ་གྲོང་ཁྱེར་ཆེན་པོ་ཞེས་པ་ནི་བཟོ་རིག་གནས་བཅོ་བརྒྱད་ཚང་བར་ཡོད་པ་ལ་ཟེར། ཆུང་འབྲིང་ལ་དེ་ཀུན་ཚང་བའི་ངེས་པ་མེད། གྲོང་རྡལ་ནི་ཚོང་མང་བོ་ཡོད་གནས་དང་ལྗོངས་ནི་མི་རིགས་བཞི་གནས་པའི་ཡུལ་དང༌། གྲོང་ནི་མི་ཁྱིམ་བརྒྱ་ཡན་འདུས་པ་ལ་ཟེར། ཡང༌། བྱེ་བའི་གྲོང་གིས་དེས་བཅིངས་ཡུལ། འབུམ་ཕྲག་གྲོང་གི་ཡུལ་འཁོར་དང༌། བརྒྱད་བརྒྱའི་གྲོང་གི་གྲོང་ཁྱེར་ཏེ། གྲོང་རྡལ་ལ་སོགས་དབྱེ་བ་མང༌། །ཞེས་ཀྱང་བཤད་དོ། །ཡུལ་དེའི་སའི་ཐིག་ལེའི་ལྟེ་བ་ལྟ་བུ་ནི་དབུས་འགྱུར་འཆང་མ་གྷ་ངྷ་ཡིན་ལ། དེའི་གྲོང་ཁྱེར་ཆེན་པོ་པདྨ་ཅན་ཞེས་པ་ཡངས་པ་ཅན་གྱི་ལྷོ་ངོས་སུ་ཆུ་ཀླུང་གངྒའི་ཕར་འགྲམ་ན་ཡོད། དེ་དང་ཉེ་བར་ལྷོ་ནུབ་ཏུ་རྡོ་རྗེ་གདན་ན་མཧཱ་བོ་ངྷའི་ལྷ་ཁང་ར་བ་གསུམ་རིམ་ཅམ་གྱི་མདུན་དུ་བྱང་ཆུབ་ཤིང་ར་བས་བསྐོར་བ་དེ་བར་ན་ན་ལནྡའི་དགོན་པ། པདྨ་ཅན་དང་རྡོ་རྗེ་གདན་གྱི་བར་དུ་ནཻརཉྫའི་འགྲམ་ན་ཀ་ཡི་གྲོང་ཁྱེར་དང་ཉེ་བར་ག་ཡ་གཽ་རིའི་མཆོད་རྟེན། བྱང་ཆུབ་ཤིང་གི་བར་དུ་རི་བྱ་རྐང་ཞེས་པ་ཐོགས་མེད་ཀྱིས་བྱམས་པ་བསྒྲུབ་པའི་གནས་ནི་གཅན་གཟན་གནས་པའི་ནགས་ཚལ་ཅན། དེའི་ཤར་དུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར། དེ་དང་ཉེ་བར་བྱང་ཤར་ངོས་སུ་བྱ་རྒོད་ཕུང་པོའི་རི། མ་གྷ་ངྷའི་ནུབ་ཏུ་གྲོང་ཁྱེར་ཝ་ར་ན་སེ་སྟེ་འཁོར་མོ་འཇིག དེའི་བྱང་ཤར་ཟུར་གྱི་ཆུ་བོ་ཝ་ར་ནའི་འགྲམ་དུ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས། ཝ་ར་ཎ་སེའི་ཤར་ངོས་སུ་ཉེ་བར་གྲོང་ཁྱེར་འཕགས་རྒྱལ། རི་དྭགས་ནགས་ཀྱི་བྱང་ངོས་དང་རྡོ་རྗེ་གདན་གྱི་ནུབ་བྱང་མཚམས་སུ་གྲོང་ཁྱེར་སེར་སྐྱའི་ལྗོངས་སུ་རྒྱལ་པོ་ཟས་གཙང་གི་ཕོ་བྲང་ངད་ལྡན་དབུས་སུ་རྒྱལ་པོ་དོན་གྲུབ་ལྷུམས་ཞུགས་ཀྱི་མཆོད་རྟེན་ཡོད། དེ་དང་ཉེ་བར་ནྱ་གྲོ་ངྷའི་ཀུས་དགའ་ར་བ། དེའི་ཤར་དུ་ལུམྦྷིའི་ཚལ་ཉེ་བར་སྟོན་པའི་སྐུ་གདུང་བཞུས་པའི་གཤོངས་ཡོད། སེར་སྐྱའི་ཤར་དང་མ་གྷ་ངྷའི་བྱང་གི་ཆུ་ཀླུང་གི་འགྲམ་དུ་ཡངས་པ་ཅན་གྱི་ཡུལ་གྲུ་ཆེན་པོ། དེ་ནམཉམ་ཡོད་ཀྱི་གྲོང་ཁྱེར་གྱི་སའི་ཆ་ན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ། འདི་དང་རྡོ་རྗེ་གདན་གྱི་བར་ན་གྲོང་ཁྱེར་གནས་བཅས། འདམ་བུ་ཅན། པ་ཌཱ་ལི་པུཌ། ག་ཡ་གཽ་རི་ཡོད། ཡང་རྒྱལ་﹙པོའི་﹚ཁབ་ཀྱི་ལྷོ་ནུབ་ཏུ་བཀའ་བསྡུ་གསུམ་མཛད་པའི་གནས་དང༌། མཉན་ཡོད་རྒྱལ་བྱེད་ཚལ་གྱི་ཤར་ངོས་སུ་ལྷས་སྦྱིན་ན་རག་ཏུ་ལྷུང་བའི་འོབས། གངྒཱའི་འགྲམ་གྱི་གཉྫ་ཀུ་ཤའི་གན་སུ་སྔར་བྱོན་བསྐལ་བཟང་གི་སངས་རྒྱས་བཞུགས་ཁྲི་དང་བྱང་ཆུབ་ཤིང་གི་ཤུལ་དང༌། དེ་དང་ཉེ་བར་གཽ་ཤམྦྷིའི་ལྷ་ཁང༌། དེ་ལས་རྒྱང་རིང་དུ་ལྷ་བབས་མཆོད་རྟེན་དང་རྡོ་ལ་སངས་རྒྱས་བཞིའི་ཞབས་རྗེས་ཡོད། རྒྱ་གར་གྱི་ཤར་ཕྱོགས་སུ་ལི་ཁ་ར་ཤིང་འཕེལ་དང༌། ཤར་ངོས་ཀྱི་ཉེ་འདབ་ཏུ་ཞི་བ་འཚོ་དང་ཇོ་བོ་རྗེའི་འཁྲུངས་ཡུལ་བྷངྒལ་དང་ཏཱི་ར་ཧུ་ཏི་དང་ཨི་ཊི་བི་ཤ་གསུམ་དང༌། བདེ་མཆོག་གི་གནས་ཆེན་ཀ་མ་རུ་པ་སོགས་ཀུ་རཝརྟའི་ལྗོངས་ཆེན་དང༌། ཤིང་གི་རི་དང༌། ར་ཁ། མུཉང༌། གཞན་ཡང་གྱད་ཡུལ། རྒྱལ་བསྟན་དར་བའི་བྲི་ཀ་མ་ལ་ཤི་ལ། ཀ་བ་དང་ཉེ་བའི་ཀ་མ། ཀལིངྒ། སྲུང་བྱེད། ལྔ་ལེན་སོགས་ཡོད། །མགྷངྷ་ནས་ཤར་ལྷོར་ཟླ་བ་ལྔ་ཙམ་ཕྱིན་པ་ན་སུཾ་ཀ་དང་ཧ་རི་པུཉྩ་དང་ཧངྶ་པ་ཏི་ཞེས་པའི་ཡུལ་ཆེན་སྐད་རིགས་མི་གཅིག་པ་གསུམ་ཡོད་པའི་ཕྱི་མ་གཉིས་ནི་པཎ་ཆེན་ནགས་ཀྱི་རིན་ཆེན་དང་ལཀོ་རྟ་རའི་སྐྱེས་ཡུལ་ཡིན། དེ་དག་དང་ཉེ་བར་ཀཾ་པོ་ཛ་ཡོད་དོ། །ལྷོར་ལས་འཕགས་ཀྱི་གྲོང་དང་ཉེ་བར་འབར་བའི་ཕུག་ཡོད་དེ། དེ་ནི་རྒྱལ་པོ་དོན་གྲུབ་ཟད་པར་མའི་སྐྱེ་མཆེད་ལ་ཞུགས་པ་དང་ཀུན་དགའ་བོས་བཀའ་བསྡུ་ཕལ་ཆེར་མཛད་པའི་གནས་ཡིན། དེའི་ལྷོར་ཀླུ་སྒྲུབ་ཀྱི་འཁྲུངས་ཡུལ་བ་དེ་དང༌། དེ་དང་ཉེ་བར་བིདྱན་ག་ར་དང་ལོངས་སྤྱོད་ཤིན་ཏུ་ཆེ་བའི་ཏྲི་ལིརྒ་གཉིས་ན་དབང་ཕྱུག་སྐྱབས་ཡུལ་དུ་བཟུང་སྟེ་དེའི་མཚན་མ་སྤྱི་བོར་འདོགས་པ་དང་མ་ཧེ་ཁྲག་གིས་སྦྱིན་སྲེག་མཆོད་སྦྱིན་བྱེད་པའི་མུ་སྟེགས་པ་ཤིན་ཏུ་དར། དེའི་ལྷོ་ངོས་སུ་པཱ་ཎི་མཎྚལ་དང་ཙོ་ར་མཎྚལ་དང་རུཎྚམ་ཎྚལ་ཞེས་པའི་ཡུལ་ཆེན་གསུམ་དང༌། མལྱར་དང་ཀོང་ཀུ་དང་ལྔར་ཡང་གྲགས། དཔལ་གྱི་རི་དང་ཙན་དན་ག་བུར་འབྱུང་བའི་རི་མ་ལ་ཡ་ཡང་ལྷོ་ཕྱོགས་སུ་ཡོད། ཡང་དེ་དག་གི་བར་བར་དུ་ཀལིངྒ། ཀ་རྣ་ཌ། ཨུ་ཤི་ར་སོགས་ཡོད། ལྷོ་མཐའི་རྒྱ་མཚོ་དང་གངྒཱ་འདུས་མཚམས་ཀྱི་ངྷ་ན་ཤྲིའི་ནྱ་ཀཊཀ་སྟེ་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་དཔལ་ཡོན་ཅན་དུ་གྲགས་པའི་ཕྱི་དབྱིབས་བྲག་གི་མཆོད་རྟེན་བྲག་གི་ར་བ་གཉིས་རིམ་ཅན་ཉིན་གཅིག་ལ་བསྐོར་ཐུབ་ཙམ། མཆོད་རྟེན་གྱི་ནང་དུ་སྔར་རང་ཅག་གི་སྟོན་པས་སྟེང་རིམ་དུ་ཤྲཱིདྷ་ནྱ་ཀཊཀ་ཞེས་མི་བསྐྱོད་རྡོ་རྗེ་གཙོ་བོར་བྱས་པའི་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་དང་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རྟེན་བརྟེན་པ་སྤྲུལ་ཏེ་དེ་དག་གི་རྒྱུད་སོགས་སྔགས་རྒྱུད་དུ་མ་གསུངས། དེ་དང་ཉེ་བར་ནམ་མཁའ་ལ་རེག་མེད་མཆོད་རྟེན་གཟུགས་བརྙན་ལྟ་བུ་མཐོང་བ་ཡོད་ཟེར་རོ། །མགྷངྷ་ནས་ལྷོ་ནུབ་ཏུ་རྒྱང་རིང་པོ་ན་གོ་ད་པཱ་རི། དེའི་ལྷོ་ནུབ་ན་ཀ་ཏ་ལི་ཀྵེ་ཏྲ་ཞེས་པའི་ཡུལ་ལྗོངས་ཆེན་པོ་ཡོད། དེ་ན་ཛོ་གི་ཞེས་པའི་རྣལ་འབྱོར་པ་དབང་ཕྱུག་གི་སློབ་མ་ཀེ་ར་ཀྵ་ན་ཐའི་རྗེས་འབྲང་མང་ཞིང་དེ་དག་གིས་རླུང་སྤྱོར་འཛིན་ཞིང་ཡུལ་མང་བགྲོད་པས་སྡིག་པ་འདག་པར་འདོད། ལྷོ་ནུབ་ཀྱི་མཐའི་ཡུལ་གྱི་དབྱིབས་གྲུ་གསུམ་ལྟ་བུར་ཡོད་པའི་རྩེ་མོ་རྒྱ་བཚོ་ལ་ཐུག་པ་དེར་ར་སྨི་ཤྭ་ར་ཡོད། དེའི་ཤར་དང་ནུབ་ངོས་ཀྱི་རྒྱ་མཚོ་ལ་རིམ་པར་མ་ཧོ་ངྷངྷི་དང་ར་ཏ་ནཱ་ག་ཟེར་རོ། །༧མགྷངྷའི་ནུབ་ཕྱོགས་སུ་བཅོམ་རླག་དང༌། དེ་ལས་རྒྱང་རིང་དུ་ཕྱིན་པ་ན་རིམ་པར་བདེ་མཆོག་གི་གནས་ཆེན་མ་ལ་དང་མ་རུ་སཽར་ཥྚ་དང་སིནྔྷུ་བཞི་ཡོད། བྱང་ནུབ་ན་ཨོ་ཊི་ཡ་ན་སྟེ་ཨོ་རྒྱན་དུ་གྲགས་པ་ཆོས་རྒྱལ་ཨིནྡྲ་བྷུ་ཏིའི་ཡུལ་ཡོད་དེ། དེར་ཤཱཀྱ་ཐུབ་དབང་ཉིད་རྡོ་རྗེ་འཆང་ཆེན་པོའི་རྣམ་ནས་འདུས་པའི་རྒྱུད་སོགས་གསུངས་པའི་མཁའ་འགྲོའི་གནས་ཡིན། དེ་ན་ཤར་ལྷོ་དང་ནུབ་ཏུ་མཚོ་ཆེན་ཡོད་ཅིང་གཞི་ནི་རི་བོང་དང་ནགས་ཚལ་ཆེན་པོས་བསྐོར་བའོ། །བྱང་ཕྱོགས་སུ་བོད་དང་ཉར་བར་སཱ་མི་སྭ་ར་ཞེས་པའི་རི་ཆེན་པོ་དང༌།དེ་ནས་བྱང་དུ་ཞག་ཞག་ལྔ་བཅུ་ཙམ་ཕྱིན་པ་ན་ཙ་རི་དང་འདབ་འབྲེལ་བར་རྩྭ་མཆོག་གྲོང་ཡོད་དེ། དེ་གཉིས་འུ་བུས་ཀྱང་ཙ་རིའི་བར་བསྐོར་ནས་དངོས་སུ་མཐོང༌། །འཕགས་ཡུག་དུ་དགོན་སྡེ་མང་དུ་ཡོད་པ་ལས་བོད་དུ་གྲགས་པ་ནི། དབུས་མགྷངྷའི་ཆར་གཏོགས་སུ་རྡོ་རྗེ་གདན་ནཱ་ལེནྡ་དང་གཞན་ཨོཏནྟ་པུ་རི་སོགས་དགོན་ཆེན་རྣམས་དང༌། ཤར་ཉེ་འོག་ཏུ་བྱ་གག་གི་ཀུན་དགའ་ར་བ། བྱང་དུ་གར་མཁན་མཆོག ཤར་དུ་ན་ལེནྡ། བྲི་ཀ་མ་ལ་ཤི་ལ། ཨོ་ཏནྟ་པུ་རི། ལྷོར་ཀངྐུའི་བྱེ་བྲག་གཉྩིར་རྒྱལ་དབང་གཙུག་ནོར་ཆོས་གྲགས་ཀྱི་བཞུགས་གནས་དང༌། ནུབ་ཀྱི་ན་རོ་པའི་ཕུ་ལ་ཧ་རི་བཅོམ་རླག་ཏུ་འདམ་བུ་ཅན་གྱི་ལྷ་ཁང་ཡོད། ཆོས་གྲགས་ཀྱི་གནས་གཅིག་ནི་ཏམྦུཡ་ལ་ཡིན། སངས་རྒྱས་བསྐྱངས་ཀྱི་གནས་ལྷོའི་སཽར་ཤྟ་སོགས་སུ་ཡོད་དོ།། །།ཡང་དུར་ཁྲོད་བརྒྱད་དང་གནས་ཆེན་ཉེར་བཞིར་གྲགས་པའང་ཡོད་དེ། དེ་ནི་གནས་བསྐལ་གྱི་དུས་བཞི་ལས་རྫོགས་ལྡན་དུ་ཚེ་དཔག་མེད་ལོངས་སྤྱོད་བདག་གིར་བྱེད་པ་མེད་པ་ཁ་དོག་རང་འོད་ཡོང་བ་རྫུ་འཕྲུལ་འཕུར་ཤེས་པའི་ཡོན་ཏན་བཞི་ལྡན་ཡིན། གསུམ་ལྡན་དུ་ཚེ་བྲི། གཉིས་ལྡན་དུ་ལོངས་སྤྱོད་ཀྱང་འགྲིབ་སྟེ་ས་ཞག་སོགས་ཟོས་པས་ཤི་ནས་རོ་བྱུང་བས་དེ་བསྐྱལ་བའི་གནས་དུར་ཁྲོད་བྱུང༌། རྩོད་དུས་སུ་ཤ་དོག་དང་རྫུ་འཕྲུལ་ཀྱང་﹙ཡང་﹚ཉམས་པའོ། །དེའི་ཚེ་ན་སུམ་ཅུ་རྩ་གསུམ་ལས་བབས་པའི་ཐོད་པའི་དུམ་བུའི་མིང་ཅན་སོགས་ལྷ་དང་དྲི་ཟ་ནམ་མཁའ་ལ་སྤྱོད་པས་བཟུང་བའི་པུལླི་ར་མ་ལ་ཡ་སོགས་གནས་བརྒྱད་དང༌། དེ་བཞིན་དུ་མྱུ་གུ་ཅན་སོགས་མིང་ཅན་གནོད་སྦྱིན་དང་སྲིན་བུ་ས་ལ་སྤྱོད་པས་བཟུང་བའི་ཀ་མ་རཱུ་པ་སོགས་བརྒྱད་དང༌། སྟོབས་པོ་ཆེ་ལ་སོགས་པའི་མིང་ཅན་ཀླུ་དང་ལྷ་མིན་ས་འོག་ན་སྤྱོད་པས་བཟུང་བའི་པྲེ་ཏ་པུ་རི་སོགས་ཡུལ་བརྒྱད་དང༌། ཁ་གདོང་མ་སོགས་མིང་ཅི་དང་ཕྲ་མིན་མས་དུར་ཁྲོད་བརྒྱད་བཟུང་སྟེ། དེ་རྣམས་ཀྱིས་རི་རབ་རྩེར་གནས་པའི་མ་ཧཱ0་དེ་བ་གདོང་བཞི་ཉེ་ཡུམ་སྦས་ཡུམ་བཞི་ཅན་དཔོན་དུ་བསྐོས་ཏེ་ཉེར་ལྔ་པོས་གླིང་འདིའི་སེམས་ཅན་ལ་འཚེ་ཞིང་ཕུང་བར་བྱས་པ་ན། སངས་རྒྱས་ཀྱིས་ཧེ་རུ་ཀའི་ཐུགས་གསུང་སྐུའི་ལྷ་ཡམ་ཡུམ་དང་སྒོ་མཚམས་མ་བརྒྱད་སྤྲུལ་ཏེ་དེ་དང་དེའི་མིང་ཅན་དཔའ་བོ་དཔའ་མོས་དེ་དག་བཏུལ་པའི༌། །དེ་རྣམས་ཀྱི་གནས་དུར་ཁྲོད་བརྒྱད་ནི། གཏུམ་དྲག ཚང་ཚིང་ཅན། རྡོ་རྗེ་འབར་བ། ཀེང་རུས་ཅན། བཀྲ་ཤིས་མཆོག མུན་པ་དྲག་པོ། ཀི་ལི་ཀི་ལའི་སྒྲ། མི་བཟད་བཞད་པ་སྟེ། དེ་སོ་སོར་བདག་པོ་ཞིང་སྐྱོང་དང་ཕྱོགས་སྐྱོང་དང་གདེངས་ཅན་དང་སྤྲིན་གང་དང་གང་མཆིས་པ་མ་རྒྱུད་ལ་ལར་གསུང་བ་ནི། གཏུམ་དྲག་ཏུ་ཨ་རུ་ལའི་ཤིང་ལ་བདག་པོ་གཏུམ་དྲག་དང་ཤིང་དྲུང་དུ་སྒྲ་སྒྲོགས་དང༌། ཚང་ཚིང་ཅན་ན་བྱང་ཆུབ་ཤིང་ལ་བ་དར་དང་ཕྱོགས་བདག་ལུས་ངན་པོ་དང་ཀླུ་འཇིག་པོ་དང་སྤྲིན་སྨུག་པ་དང༌། འབར་བས་འཁྲིགས་པའི་ཀེང་རུས་སུ་མྱ་ངན་མེད་པའི་ཤིང་ལ་རྡོ་རྗེ་འབར་བ་དང་བ་རུ་ཎ་དང་སྟོབས་རྒྱུ་དང་སྤྲིན་དྲག་པོ་དང༌། འཇིགས་སྡེ་ན་བ་རུ་རའི་ཤིང་ལ་འཇིགས་སྡེ་དང་གཤིན་རྗེ་དང་པདྨ་དཀར་པོ་དང་སྤྲིན་འཁྲིགས་པ་དང༌། དཔལ་གྱི་ནགས་སུ་དཔལ་ཀ་རཉྫ་ལ་དཔལ་ནག་པོ་དང་བྱིན་ཟ་དང་པདྨ་ཆེན་པོ་དང་སྤྲིན་འཁྱིལ་བ་དང༌། འཇིགས་པའི་མུན་པར་ཨུ་དུམླྭ་རའི་ཤིང་ལ་འཇིགས་པ་དང་སྲིན་པོ་བདེན་བྲལ་དང་མཐའ་ཡས་དང་སྤྲིན་སྒྲ་སྒྲོགས་དང༌། ཀི་ལི་ཀི་ལར་ཤིང་སྲིད་སྒྲུབ་ལ་ཀི་ལི་ཀི་ལར་སྒྲོགས་པ་དང་རླུང་ལྷ་དང་རིགས་ལྡན་ཁྲ་བོ་དང་སྤྲིན་འབེབ་པ་དང་དུར་ཁྲོད་ཧ་ཧར་རྒོད་པར་ཤིང་ནྱ་ཀྲོ་ངྷ་ལ་བདག་པོ་ཧ་ཧར་རྒོད་པ་དང་ཤིང་དྲུང་དུ་ཕྱོགས་སྐྱོང་དབང་ལྡན་དང་ཀླུ་དུང་སྐྱོང་དང་སྤྲིན་གཏུམ་མོ་ཞེས་པ་ཡོད་པར་བཤད། ཡུང་རྒྱུན་འགྲེལ་གཞན་དུ་གཞན་གསུངས་པངའ་ཡོད་དོ། །གནས་ཉེར་བཞི་ནི། པི་ལླི་ར་མ་ལ་ཡ་སྟེ་རི་འཆར་བ་ཅན་ཡོད། ཛལནརྔྷར་ཞེས་པ་འབར་བ་འཛིན་ཏེ་ཐོ་ལིང་གི་གཙང་པོ་གསུམ་འདུས་མདོའི་གྲོང་ཁྱེར་ཞིག་གི་ཕར་ཁའི་རྒྱང་གྲགས་གཅིག་ན་སྒྲུབ་གནས་བྲག་ཕུག་ཆུ་མིག་ཤིང་བརྒྱད་རེ་ཡོད་པའི་ཐད་ཀའི་བྲག་དབུས་ནས་ཆུ་འབབ་པར་མུ་སྟེགས་པས་ཁྲུས་བྱེད་པ་ཡིད་དེ་དུས་སྡིག་པ་དག་པར་འདོད། ཨོ་ཊི་ཡ་ནའམ་ཨོ་རྒྱན་ཏེ་ཐོད་པ་འཛིན་པ་ནི་ནུབ་ཕྱོགས་མཁའ་འགྲོའི་གནས་དབྱིབས་ཆོས་འབྱུང་འདྲ་བ་ཡོད། ཨརྦུ་ཏ་སྟེ་རྡོ་འཇོག་ནི་རྡོ་རྗེ་བརྩེགས་པ་ཅན་དུ་གྲགས་པའི་གྲོང་ཁྱེར་གྱི་རི་དབུས་མཐོ་ལ་མཐའ་གཞོལ་བ་བྲང་ལྟ་བུ་ལ་ནགས་ཚལ་གྱིས་བསྐོར་བའི་ཉམས་དགའ་བའི་གནས་ཤིག་ཡོད། ཀོ་ཏ་པ་རི་སྟེ་བའི་མཆོད་སྦྱིན་ན་གོང་སྨོས་ཐོས་འཛིན་གྱི་སའི་ཆ་ཤས་ཏེ། དེར་སྔར་བལ་པོ་ཞིག་གིས་རང་གི་བའི་ནུ་མ་སྟོངས་པ་བྱུང་ནས་བལྟས་པས་ས་ཁོར་ཡུག་ཅིག་འོ་མས་གང་བ་མཐོང་ནས་ས་བརྐོས་པས་མ་ཧཱ་དེ་བའི་རྡོའི་ལིངྒ་བྱུང་པའི་ཤར་དུ་ཆུ་འབབ་པ་བརྒལ་བའི་ཕ་རོལ་ན་རི་བོ་འབིགས་བྱེད་ནགས་དང་མེ་ཏོག་གིས་ཁྱབ་པ་ཡོད་པའི་ཕྱོགས་གཅིག་རྣ་བའི་མཆོད་སྦྱིན་ཞེས་བྱ་བ་དེར་ས་བརྐོས་པས་ཆོས་འབྱུང་གི་རྣམ་པའི་རྡོའི་ནང་དུ་བྱང་སེམས་དཀར་པོས་གང་བ་རྙེད་པའི་གནས་ཡོད། ར་མི་ཤྭ་རེ་སྟེ་དགའ་བའི་ནགས་ཚལ་ནི་རྡོ་རྗེ་གདན་གྱི་ཤར་ངོས་སུ་སྔར་རྒྱལ་པོ་དགའ་བྱེད་དབང་ཕྱུག་ཅེས་བཞུགས་པས་གྲོང་ན་བྲག་རྟའི་རྔོག་མ་འདྲ་བ་དེ་ལ་ནགས་ཀྱི་མཚམས་ཞེས་གྲགས་པ་ཡོད། དེ་ཝི་ཀོ་ཊི་སྟེ་ལྷ་མོའི་མཁར་ནི་རྒྱ་གར་ཤར་ཕྱོགས་ཀྱི་བྷ་རེནྡྲའི་གྲོང་ཁྱེར་པཉྩ་པ་ཏ་ནས་རྒྱང་གྲགས་བཞིའི་ཕ་རོལ་ཏུ་སྔོན་གྱི་རྒྱལ་པོ་དེ་བ་པཱ་ལའི་ལྷ་ཁང་ན་ལྷ་མོ་ཨུ་མ་རྟེན་མིག་ལྟ་བུ་གཞན་གྱི་གཟུགས་བརྙན་འཆར་བ་ཡོད། མ་ལ་ཝ་སྟེ་འཕྲེང་བ་འཛིན་ནི་སྒྲུབ་གནས་དབུས་མཐོ་ལ་གཡས་གཡོན་དམའ་བ་ཕྲེང་བ་འདྲ་བ་དེ་ན་རྡོའི་ཆོས་འབྱུང་རེས་མཐོང་རེས་མི་མཐོང་བ་ཞིག་ཡོད། ཀཱ་མ་རཱུ་པ་སྟེ་དྲོད་ལྡན་ནམ་འདོད་གཟུགས་ནི་ཤར་ཕྱོགས་ན་ལྷ་རྟེན་མཆན་ཁུང་འདྲ་བ་ལ་རྡོའི་ཆོས་འབྱུང་ཞིག་ཡོད་པ་ལས་དག་པས་མཐོང་བ་ཡོད་དོ།། །ཨོ་ཊི་སྟེ་བོད་སྐད་དུ་གསོ་བྱེད་ཅེས་པ་ནི་ལྷོ་ཕྱོགས་ཀྱི་སྔོན་གྱི་རྒྱལ་པོ་ཤིང་རྟ་བཅུ་བའི་གནས་སུ་སྒྲུབ་གནས་གཅིག་ན་རོའི་ལིངྒཱ་ནུ་མ་འདྲ་བ་ཡོད་དེ་དེར་བྱད་བཟང་པོ་མོད། ཏྲི་ཤ་ཀུ་ཎ་སྟེ་གསུམ་འདུས་ཞེས་གངྒཱ་པཀྴུ་སིན་ངྷུ་འདུས་མདོ་ན་རྡོའི་ཆོས་འབྱུང་ལྟ་བུ་ཡོད་པ་དེར་ངང་པ་སོགས་བྱ་རིགས་སྐད་སྙན་པ་འཚོགས་ཤིང་ཉམས་དགའ་བའི་གནས་ཡིན། ཀཽ་ས་ལ་སྟེ་མི་རྒྱུད་དུ་གྲགས་པ་ནི་ནུབ་ཕྱོགས་སུ་སྔོན་གྱི་གསལ་རྒྱལ་གྱི་རྒྱལ་ཁབ་ནས་རྒྱང་གྲགས་གཅིག་གི་སར་སྒྲུབ་གནས་གཅིག་ན་སྣ་ལྟ་བུའི་ལིང་ཀ་ཡོད། ཀ་ལིངྒ་སྟེ་ཟད་བྱེད་ནི་རྡོ་རྗེ་གདན་ནས་དཔག་ཚད་བཅུ་གཉིས་ཀྱི་ཕ་རོལ་གྱི་ཡུལ་གླང་པོས་འཛིན་བྱ་བར་སྤང་ནགས་མཛམས་སུ་ཁ་འདྲ་བའི་སྒྲུབ་གནས་ལེགས་པ་ཞིག་ཡོད་ཅིང་གནས་དེར་རི་བསྐྱལ་མ་ཐག་ཏུ་ཡི་དྭགས་མང་པོས་མེད་པར་བྱེད། ལཾ་པ་ཀ་སྟེ་འཕྱང་ཅན་ནི་གར་ལོག་གི་རྒྱབ་ན་བྲག་ཆུ་འཐབ་སར་སྒྲུབ་གནས་ཤིག་ཡོད་པ་དེར་རྡོའི་ལིངྒ་སྐྱེས་པའི་འགྲིན་པ་འདྲ་བར་བྲག་འཕྱང་བ་ཞིག་ཡོད། ཀཉྫི་སྟེ་གསལ་བ་འཛིན་ནི་དུ་རུ་ཀའི་ཡུལ་ན་དཔག་ཚད་བཅུ་གཉིས་པའི་གྲོང་ཁྱེར་ཞིག་གི་དབུས་སུ་རྡོའི་ལིང་ཀ་སྙིང་འདྲ་ཡོད་པ་དེའི་ཕྱོགས་ཀྱི་མི་རྣམས་ཤེས་རབ་གསལ། ཧི་མ་ལ་ཡ་སྟེ་ཁ་བ་ཅན་ནི་ཁ་བ་རྒྱུད་དུ་འབབ་པའི་གངས་ཏེ་སེ་ཡིན་ཞིང་དེར་རྡོའི་མཚན་མ་མི་ཙམ་ལས་ཆུ་འབབ། པྲེ་ཏ་པུ་རི་སྟེ་ཡི་དྭགས་ཀྱི་གནས་སམ་གྲོང་ངམ་འདོད་པ་ཅན་ཞེས་པ་ནི་རྒྱ་གར་དང་བོད་མཚམས་ན་སྒྲུབ་གནས་ངམ་གྲོག་གཅོང་རོང་འབར་འབུར་ཅན་གྱི་དབུས་སུ་རྡོའི་ལིང་ཀ་མཚན་མ་འདྲ་བ་ཞིག་ཡོ་ད་པའི་ཡུལ་དེའི་མི་རྣམས་ཟས་སྐོམ་གྱིས་གདུང༌། གྲི་ཧ་དེ་བ་ད་སྟེ་ལྷའི་ཁྱིམ་མམ་ཁྱིམ་ཅན་ཞེས་པ་ནི་ལི་ཡུལ་གྱི་ལྕང་ར་སྨུག་པོ་ན་སྒྲུབ་གནས་རྡོའི་ལིང་ཀ་དཔལ་བཤོས་ལྟ་བུ་ཞིག་ཡོད། སཽར་ཥྚ་སྟེ་འཁྲང་བྱེད་དམ་བཟང་པོ་ཞེས་པ་ནི་ཏུ་རུ་ཥའི་ཡུལ་ན་གྲོང་གྲོང་ཁྱེར་བུ་མུ་བྱ་བར་སྒྲུབ་གནས་རྡོའི་བརླ་ལྟ་བུའི་ལིང་ཀ་ཡོད་དེ་ཁ་ཅིག་འདི་བ་ར་ཎ་སེ་ཡིན་ཟེར། སུ་ཝརྣ་དེ་བ་སྟེ་གསེར་ནི་གླིང་ནི་རྒྱ་གར་གྱི་ནུབ་ཕྱོགས་ཀྱི་རྒྱ་མཚོའི་ནང་གི་གླིང་ཕྲན་ཡིན། ལ་ལས་རྒྱལ་པོ་དཔལ་ལྡན་གཙུག་ནོར་གྱི་ཡུལ་རྒྱ་ནག་ཏོང་ཀུན་ཏེ་དང་ཉེ་བར་སྒྲུབ་གནས་ལིང་ཀ་བྱིན་པ་འདྲ་བ་ཡོད་ཟེར། ན་ག་ར་སྟེ་མགོ་རྒྱན་ནི་སྲིན་པོའི་ཡུལ་ལངྒ་པུ་རི་ཡིན་ཞིང་དེ་ན་སྒྲུབ་གནས་མཚོ་ཅན་ཞིག་ན་རྡོའི་ལིངྒ་རྐང་སོར་འདྲ་བ་ཡོད། འགའ་ཞིག་གིས་ཁ་ཆེ་དང་རྒྱ་གར་གྱི་ནུབ་བྱང་མཚམས་ན་གླིང་གཅིག་ཡོད་པ་དེ་ལ་སུརའམ་ཀླུའི་མགོ་ཅན་ཟེར་ཞེས་བཤད། སིནྔྷུ་སྟེ་བརླག་བྱེད་ནི་ཛ་ལནྔྷ་ར་དང་དུ་རུ་ཀའི་བར་ན་ཡོད་ཅིང་སྔ་མ་དང་ཉེ་བའི་ཆུ་ཀླུང་སིན་ངྷུའི་འགྲམ་ན་སྒྲུབ་གནས་རྡོའི་ལིངྒ་རྐང་འབོལ་འདྲ་བ་ཡོད། མ་རུ་སྟེ་འབབ་པ་ནི་ཛ་ལནྔྷ་རའི་བྱང་ངོས་སུ་སྒྲུབ་གནས་བྲག་ཕུག་སྒྲུབ་པ་པོ་བརྒྱ་རྩ་བརྒྱད་ཤོང་བ་ཞིག་ཡོད་པ་དེར་མས་ནས་ཡར་མི་ཐར་ལ་ཡས་ནས་མར་ལ་དཔྱང་ཐག་འདོམ་བཅུ་གཉིས་ཙམ་གྱིས་སླེབ་པས་དེས་སྒྲུབ་པ་པོ་གཏོང་ཞིང་དེའི་མིང་དྲོད་མེད་དམ་ནུས་ཆུང་ཡང་ཟེར། ཀུ་ལུ་ཏ་སྟེ་འབྱར་བ་ཅན་ནི་གརྴའི་ཡུལ་གྱི་རྒྱབ་ངོས་ཀྱི་ཉུང་རི་བྱ་བའི་ཡུལ་གྱི་ཕུ་ན་སྒྲུབ་གནས་ལིངྐ་པུས་མོ་འདྲ་བ་ཡོད་ཅིང་དེར་ས་འོག་ཏུ་བརྐོས་ན་ཆོས་འབྱུང་ཡང་ཡོད་སྐད། ཡུལ་དེའི་རྡོ་བྲག་རྣམས་གཅིག་ག་གཅིག་འབྱར་བའི་ཚུལ་དུ་ཡོད་དོ། དེ་རྣམས་གནས་དང་ཞིང་དང་ཚནྡོཧ་དང་འདུ་བ་དང་དུར་ཁྲོད་ལྔ་ཉེ་བ་བཅས་པ་བཅུར་འདུ་ལ། དེ་ལ་ལའི་ཕྱོགས་ནི་དེང་སང་མང་ལ་གྲགས་པ་དང་འདྲ་མི་འདྲ་སྣ་ཚོགས་མཆིས་སོ།།
རྒྱ་གར་དུ་ཆོས་ལུགས་གཙང་མ་ནང་པའི་གྲུབ་མཐའ་བཞི་དང༌། གཞན་མི་སྟེགས་པའི་གྲུབ་མཐའ་སྣ་ཚོགས་དང་དེ་མིན་པའི་ཕྱི་པ་ཀློ་ཀློའི་ལུགས་ཀྱང་ཡོད་ལ། ཡང་ཕྱི་པ་ནང་པ་གང་ཡང་མིན་ལ་དགེ་སྡིག་གང་ཡང་མི་ཤེས་པ་ཆོས་ལུགས་མེད་པ་ཤིན་ཏུ་མང་ངོ། །གཉིས་པ་ཕྱོགས་མཚམས་ཀྱི་ཡུལ་སོ་སོ་སྨྲས་ན། རྒྱ་གར་དང་འབྲེལ་བའི་མཐའི་ཡུལ་ནི། ཤར་ངོས་སུ་སྭནརྒྷ་ཝོ། ཙ་རི་གྷ་ཝོ། ར་ཁངྒ། མུ་ཉང་སོགས་དང༌། ལྷོར་ཛ་རི་ཁནྟ། མ་ར་ཧཊ། ཨུ་ཊི་ས། ཏྲཱ་ཝ་ར་སོགས་དང༌། ནུབ་ཏུ་ཊི་ལི། གུཛ་ཏཱ་ར། ཝ་ཐ། མོ་ལ་ཏཱ་ན། པྲ་ཡ་ཀ་ཨཛངྷྱ་དང༌། ཏུ་རི་ཤ་ཞེས་ཀློ་ཀློ་སོགས་ཡོད་ལ། ཀླ་ཀློ་ནི་ཕྱི་པ་ནང་པ་གང་གིའང་ལུགས་མི་འཛིན་པར་སྐྱབས་སུ་ལྷ་མིན་དབང་པོ་སོགས་འཛིན་ཅིང་སྟོན་པ་སྦྲང་རྩི་བློ་གྲོས་དང་ཨརྟོ་ལ་སོགས་ཀྱི་རྗེས་སུ་འབྲང༌། ཁོ་རང་ཚོའི་མི་རིགས་མིན་པས་བསད་པའི་ཤ་མི་ཟ་ཞིང་གོས་དཀར་གྱོན་ནོ།། དེ་དག་གི་ཡུལ་ཆེན་ནི་ཨུ་རྒྱན་གྱི་ལྷོ་ནུབ་ཀྱི་མཚོ་བརྒལ་བའི་ཕ་རོལ་ན་བྷ་ལ་ག་ཁ་ཡིན་ཞིང༌། དེ་དང་ཉེ་བར་སློབ་དཔོན་རྟ་མཆོག་གིས་སྤྲུལ་པའི་རྟའི་གཟུགས་འདྲ་བ་རེག་མེད་ནམ་མཁའ་སྟོང་པར་ཡོད་པར་མཐོང་པ་དང༌། ཝ་བ་པས་རྡོ་ཆར་ཕབས་པའི་ཕ་བོང་རེག་མེད་སོགས་རྟེན་ཁྱད་པར་ཅན་མང་ཟེར། གཞན་ཀླ་ཀློའི་ལྗོངས་ཆེན་མ་ཁ་དང་མོ་ལ་ཏ་ན་སོགས་ཡོད་དོ། རྒྱ་གར་གྱི་ལྷོ་ནུབ་དང་འདབས་འབྲེལ་བར་ཀསྨི་རི་སྟེ་ཁ་ཆེའི་ཡུལ་ཆེན་ཡོད་ཅིང་དེའི་རྒྱལ་པོས་འཛམ་གླིང་གི་བདག་པོ་ཁོ་རང་ཡིན་སྐད། ཨོ་རྒྱན་གྱི་བྱང་ངོས་དང་རྒྱ་གར་ལ་ལྟོས་པའི་ནུབ་ཕྱོགས་སུ་སྟོད་ཧོར་སོག་པོ་སྟག་ཟིག་དང་པར་སིག་པ་ཞེས་མ་བག་མར་ལེན་པར་གྲགས་པ་དང༌། གཞན་ཀླ་ཀློའི་ཕྱིང་གུར་ཅན་གྱི་སྡེ་ཆེན་སྟོབས་འབྱོར་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡོད་ཟེར་རོ། །ཡང་གོང་སྨོས་ཀྱི་གཉིས་པར་ཞེས་པའི་རིའི་ནུབ་ངོས་ཀྱི་ཆུ་ཀླུང་པཀྵུའི་འགྲམ་དང་འགྱང་ཡོད་པའི་གནས་དུ་མར་སྟོན་བའི་དབུ་སྐྲ་ལྷུང་བཟེད་མཁར་བསིལ་སོགས་རྟེན་མང་པོའི་ལྷ་ཁང་སོ་སོར་ཡོད། ཆུ་ཀླུང་པཀྵུདང་ཉེ་བར་ཚོང་དཔོན་ག་གོན་དང་བཟང་པོའི་གནས་དང་ལམ་འཕྲང་དོག་ལ་རིང་པོ་ཞིག་ཡོད་པ་བརྒལ་མ་ན་དགྲ་བཅོམ་ཉི་མ་གུང་པའི་རྟེན་ལྷ་ཁང་ཡོད་ལ། དེ་ནི་ནུབ་ཀྱི་ཀསྨི་རི་ཁ་ཆེ་དང་ཉེའོ། །རྒྱ་གར་པའི་བཙུན་པ་མིན་པ་ཕལ་ཆེར་གྱིས་རལ་པ་འཇོག ཡུལ་དེར་དགུན་ཀྱང་མི་གྲང་བས་གོས་དང་ཀ་ཤིའི་ལྭ་སྲབ་མོ་གྱོན་ཅིང་འབྲས་ཟན་ཚོད་མ་ཟ་བ་དང་ཆུ་འཐུང་ངོ༌། །ལྷོ་དང་ནུབ་བྱང་གི་གླིང་ཕྲན་རྣམས་ནི། ལྷོ་དང་ལྷོ་ནུབ་ཀྱི་ཕྱོགས་ཀྱི་རྒྱ་མཚོར་ཚོམ་བུ་ལྟར་དུམ་བུ་དུམ་བུར་ཆགས་ཡོད་ལ། དེར་འཛམ་གླིང་ནས་འགྲོ་བ་དང་བྱེད་གྲུ་ཆེ་ཆུང་སྣ་ཚོགས་ཡོད་པའི་ཆེན་པོར་མི་ལྔ་བརྒྱའམ་སྟོང་ལྷག་ཀྱང་ཤོང་བ་ཡོད། དེ་ལ་ཆུའི་ནང་གི་ཆོམ་རྐུན་འགོག་ཕྱིར་གྲུ་ཆུང་མི་བརྒྱ་ལྷག་མཚོན་ཆ་ཐོགས་པ་ཡོད་པ་དུ་མས་བསྐོར་ནས་འགྲོ། གྲུ་དེ་ཡང་གང་དུ་འགྲོ་བའི་ཕྱོགས་དང་མཐུན་པའི་རླུང་བྱུང་ན་རླུང་དར་ཆེན་པོ་འཕྱར་བ་དང་མི་མཐུན་པའི་རླུང་བྱུང་ན་རླུང་དར་དྲིལ་ཏེ་ཁྲོ་ཡི་ཕ་བོང་ཆེན་པོ་དང་ཕུར་བུ་ཆེན་པོ་ཆུ་ནང་དུ་གཟར་ནས་སྡོད། དེ་འདྲའི་གྲུ་ཆེན་ལ་བརྟེན་ནས་མདོ་དྲན་པ་ཉེར་བཞག་ཏུ་གསུངས་པའི་གླིང་ཕྲན་ཉི་ཤུ་སོགས་དང༌། དུས་འཁོར་འགྲེལ་ཆེན་དུ་བཤད་པའི་ལངྒའི་གླིང་དང༌། དཔམ་བསམ་འཁྲི་ཤིང་དུ་སྨོས་པའི་བ་ད་རབ་མ་རྒྱ་ཤུག་གི་གླིང། ཇོ་བོ་རྗེའི་ཟླ་བཅུ་གསུམ་གྱིས་བྱོན་པའི་གསེར་གླིང་ཆེ་བ་དང༌། གཞན་གསེར་གླིང་ཆུང་བ་དང་ཟླ་བའི་གླིང་དང་སིང་གྷ་ལའི་གླིང་དང་པྲི་ཡང་ཀུའི་གླིང་དང་ནས་གླིང་དང་སིང་གླིང་དང་བཻ་གུའི་གླིང་སོགས་སུ་འགྲོ་ལ། དེ་ལས་བྱེ་བྲག་ཏུ་ཀོདྐུ་ནའི་ཐད་ནས་ཕྱིན་ན་འགྲོ་ལྡིང་གླིང་དར་དུང་གླིང་སོགས་སུ་ཐོན་ཅིང་དེར་མི་གླང་ཆེན་རྣ་ཅན་སོགས་མི་རིགས་སྣ་ཚོགས་འོང༌། དེ་ནས་གྲུ་སྟེང་ནས་ལྷོ་དང་ཤར་ངོས་སི་དེང་ན་རིམ་པར་པཱ་ལ་ཏ་གླིང་དང༌། སིངྒ་ལའི་གླིང་རྒྱ་ཁྱོན་ཡངས་ལ་འབྱོར་བ་བཟང་ཞིང་སངས་རྒྱས་ཀྱི་ཞབས་རྗེས་ཡོད་པ་དང༌། གླིང་ཕྲན་ཨུ་ལིངྒ་དང༌། ཨ་མུ་ཀ་ཡོད། ཛྷ་མི་གི་རིའི་གླིང་ཞེས་པ་ལོངས་སྤྱོད་ཤིན་ཏུ་ཆེན་པོ་ཅན་ན་གྲོང་ཁྱེར་ལྷོ་བྱང་གཉིས་ཡོད་པའི་རེ་རེའི་སྲང་བར་དུ་ཞག་བདུན་རེར་བགྲོད་དགོས་པ་ཡོད་པ་དང༌། དེ་ནས་ཤར་ངོས་སུ་རི་བོ་པོ་ཏ་ལའམ་གྲུ་འཛིན་ཞེས་པའི་གླིང་གི་རི་རྩེ་ཤེལ་མ་བྲག་ཤིན་ཏུ་མཐོ་བ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་དང༌། དེའི་ཉེ་འདབ་ཏུ་གཞོན་ནུ་ནོར་བཟང་གི་ཤེལ་བྲག་ཕུག་དང་ཁྲོ་གཉེར་ཅན་མའི་གནས་དང་སྒྲོལ་མའི་སེང་ལྡིང་ནགས་དང༌། ནམ་མཁར་འཇམ་དབྱངས་ཀྱི་གནས་སུ་གྲགས་པའི་ནགས་རེག་མེད་ལས་ཆུ་རྒྱུན་འབབ་ཟེར། གླིང་དེར་མི་རྣ་བ་ཆེན་པོ་ཅན་སོགས་མི་རིགས་སྣ་ཚོགས་འདུ། དེ་དང་ཉེ་བར་ཟངས་གླིང་ཡོད་པར་བཤད། ཡང་དེ་དང་ཉེ་བར་གཞོན་ནུ་བའི་གྲོང་ཡོད་དེ་ཝ་ཐུ་ལ་མཚན་མ་བསྟན་པས་འདོད་ཆགས་སེལ་ཟེར་རོ། །དེ་རྣམས་སུ་རྒྱ་གར་གྱི་ཚོང་པ་དང་གནས་བསྐོར་པ་རྒྱུན་དུ་འགྲོ་བ་ཡིན་ཞིང༌། དེ་དག་འཛམ་གླིང་གི་གླིང་ཕྲན་ལྔ་བརྒྱའི་ནང་ཚན་གྱི་འགའ་ཞིག་གོ། །རྒྱ་གར་གྱི་བྱང་མཐའ་ནས་བཙོང་﹙ཙོ་﹚ལ་ཆེན་པོའི་བར་དེར་ལི་ཡུལ་བལ་ཡུལ་བོད་ཁ་བ་ཅན་གྱི་ལྗོངས་སོགས་ཡོད། དེ་ལས་ལི་ཡུལ་དགེ་བ་ཅན་གྱི་གྲོང་ཁྱེར་དགེ་བ་ཅན་དང་ཉེ་བར་རི་གླང་རུའི་ནུབ་ངོས་སུ་ཆུ་ཀླུང་གོ་མའི་འགྲམ་ན་སངས་རྒྱས་འོད་སྲུང་གི་ཤ་རི་ར་ནང་དུ་ཞུགས་པའི་མཆོད་རྟེན་གོ་མ་སཱ་ལ་གནྔྷ་ཞེས་པ་ཡོད། དེང་སང་རྒྱ་ཡུལ་ནའང་དེ་དག་ཏུ་གྲགས་པ་སྣང་ངོ། །བལ་ཡུལ་ནཻ་པ་ལ་ན་ཡུམ་བུ་ཡུ་རིང་ཁོ་ཁོམ་ཞེས་པའི་རྒྱལ་ཁག་གསུམ་གྱི་ལྗོངས་ཆེན་པོ་ཡོད། དེ་ལས་ཡམ་བུའི་སའི་ཆར་ནི་ཆེན་ནགས་ཚལ་སྟུག་པོ་ཅན་ཞིག་གི་རྩེའི་རང་བྱུང་མཆོད་རྟེན་འཕགས་པ་ཤིང་ཀུན་ཞེས་པའི་བུམ་པ་ཡན་ཐོན་པ་དང༌། བསྐལ་བཟང་གི་སངས་རྒྱས་དང་པོ་བཞིའི་ཁྲི་དང༌། སྔོན་ཧེ་རུ་ཀས་དྲག་པོ་འཁོར་བཅས་བཏུལ་དུས་ཡུལ་བརྒྱད་དུ་མ་མོ་རྣམས་ཀྱིས་མཆོད་རྟེན་བརྒྱད་བཞེངས་པར་གྲགས་པའི་ནང་གི་གཅིག་ཡིན་ཟེར་བའི་མཆོད་རྟེན་བྱ་རུང་ཁ་ཤོར་ཁྲུ་སྟོང་དུ་ཉེ་བ་དང༌། གཏེར་བདག་འཕྲོག་མ་མ་བུ་ལྔ་བཏུལ་བའི་གནས་བྲག་ལྔ་དང༌། ཡམ་བུའི་ཕོ་བྲང་དུ་འཕགས་པ་ཤ་རིའི་དབུ་ཐོད་ཡོད་ཟེར། ཀླུ་གདེངས་ཀ་དགུ་ལྡན་གནས་པའི་ཕམ་ཐིང་སོགས་གནས་ཁྱད་འཕགས་མང་པོ་དང་གྲོང་ཁྱེར་ཆེན་པོ་ལྔ་ཡོད་ཅིང་ཡུལ་དེར་འབྱོར་བ་རྒྱ་ཆེ་ལ། དེར་དངུལ་གྱི་ཌཾ་ཁའི་ཚོང་བྱེད་ཅིང་ལི་དང་ཟངས་ཀྱི་བཟོ་ཤིན་ཏུ་དར་རོ། །བོད་དུ་གཏོགས་པ་སྟོད་ཀྱི་མངའ་རིས་སུ་འདམ་བུ་ཅན་གྱི་མཚོ་ཆུ་དང་གཡའ་དང་གངས་ཀྱིས་བསྐོར་བའི་སྡེ་ནི་རིམ་པར་སྟག་མོ་ལ་ངག་གམ་མང་ཡུལ་དང་ཞང་ཞུང་ངམ་གུ་གེ་དང་པུ་ཧྲངས་གསུམ་སྟེ། དེ་ལས་པུ་རངས་སུ་མཐོ་ལྡིང་གི་ལྷ་ཁང་སོགས་དགོན་སྡེ་སྒྲུབ་སྡེ་མང་ངོ༌། །བར་གྱི་བོད་ཆུང་དབུས་གཙང་ལ་གཡས་རུ་རུ་ལག་གཉིས་དང་བོད་ལ་དབུས་ལ་དབུ་རུ་གཡོན་རུ་ལྷོ་བྱང་བཅས་ལ་བོད་ཁྲི་སྐོར་བཅུ་གསུམ་དུ་གྲགས། དེའི་དབུས་སུ་ཇོ་བོ་རིན་པོ་ཆེ་རྣམ་གཉིས་ཀྱི་བཞུགས་གནས་ལྷ་ས་དང༌། རྗེ་ཙོང་ཁ་པའི་གདན་ས་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དང༌། བླ་མ་རིན་པོ་ཆེའི་གདན་ས་ཕོ་བྲང་པོ་ཏ་ལ་དམར་པོ་དང༌། གྲྭ་ས་འབྲས་སྤུངས་དགའ་ལྡན་ཕོ་བྲང་བཅས་པ་དང༌། སེ་ར་ཐེག་ཆེན་གླིང་སྟེ་སེར་འབྲས་དགེ་གསུམ་དགོན་ལག་སྒྲུབ་སྡེ་བཅས་པ་དང༌། ཡང་བསམ་ཡས་ཁྲ་འབྲུག་སོགས་ཀྱང་ཡོད། གཙང་དུ་པཎ་ཆེན་རིན་པོ་ཆེའི་དགོན་ཆེན་བཀྲ་ཤིས་ལྷུན་པོ་བུ་དགོན་བཅས་པ་དང༌། ས་སྐྱ་ཆེན་མི་གྲྭ་ཚང་མང་ཅན་ཡོད། གཞན་ལྗོངས་དེར་བཙུན་པ་བཙུན་མའི་དགོན་སྡེ་སྒྲུབ་སྡེ་སེར་ཁྱིམ་པའང་ཤིན་ཏུ་མང་ཞིང་ཆོས་ལུགས་ནང་པ་སངས་རྒྱས་པའི་བསྟན་པར་གཏོགས་པའི་བ་དགེ་ཀར་འབྲུ་གུང་སྟག་ལུང་ཞང་པ་རྙིང་མ་ཇོ་ནང་པ་བོན་དཀར་དང༌། ཡང་ཕྱི་པའི་རིགས་བོན་ནག་སྟེ་སྣ་ཚོགས་ཡོད། ཡུལ་དེའི་སེར་མོ་བ་མིན་པས་སྐྲ་རལ་བ་འཇོག དེར་སྤུ་རུག་ཐེར་མ་ཞྭ་སྣམ་ཚལ་བཙོད་བུ་རཾ་དང་དངུལ་བལ་ཌཾ་ཇ་མར་སོགས་ཀྱི་ཚོང་བྱེད་དོ། སྨད་ཀྱི་བོད་ཆེན་ལ་ཨ་མདོ་ཆབ་མདོ་ཆུ་མདོ་གསུམ་ཡོད་པ་ལས། ཕྱི་མ་ཟུང་གི་ཕྱོགས་གཏོགས་ཀྱི་ལྷོ་ཁམས་ཆེན་པོ་སྨད་ཀྱི་སྨན་རྩེའི་ཡུལ་དང་རྒྱལ་མོ་རོང་ནས་ཡར་ལ་སྒང་གསུམ་རོ་དྲུག་གམ་སྒང་དྲུག་དང་རོང་ལྔའམ་དགུ་དང་ཤོང་བཅུར་གྲགས་པ་ནས་སྟོད་ཀྱི་སྤོ་བོའི་བར་དང༌། དེ་དག་གི་ལྷོ་ངོས་སུ་ས་དམ་རྒྱལ་པོ་ཀྱེ་ངམ་རྒྱལ་པོའི་ཡུལ་ཕྱོགས་རྒྱ་ཁྱོན་ཆེ་ཞིང་ལྷོ་མཐའ་རྒྱ་གར་དང་འབྲེལ་ལོ། །བར་ཁམས་སུ་སྟོད་ནས་མར་ལ་ཧོར་དང་སྤེ་དགེ་བི་རི་ལྕགས་མོ་ཡུའུ་ཤུ་ཚ་ཁོ་འཇོ་རྒེ་ཨ་མཚོ་ཨ་རིག་སོགས་ཡོད་དོ། །ཨ་མདོར་དཔར་རི་﹙རིས་﹚ཕོ་རོང་དང་མདུང་ནག་ཤ་ར་ཡུ་གུར་དང༌། ཙོང་ཁའི་འབའ་སྒོ་མི་དང༌། རྨ་ཆུའི་གཡས་སུ་མར་ལ་ཆིག གཅན་ཟ་﹙ཚ﹚རོང་པོ་རེ་བཀོད། ﹙རེབ་གོང་﹚ཁ་ཙ་རྒན་ཅ་﹙གྱ﹚། ཅོ་ནེའི་གཞུང་དང༌། དེ་དག་གི་རྒྱམ་ཏུ་མཛོ་དགེ། ཀི་རྟི་ལྔ་﹙རྔ་﹚བ། དམུ་དགེ། ཙོང་ཆུ་སོགས་ཡོད་དོ། །ལྷོ་ཁམས་དང་བར་ཁམས་སུ་ཆོས་ལུགས་གཙོ་བོར་བྱེད། བོད་དེ་ཕལ་ཆེར་རེ་སྤ﹙སྦྲ﹚དང་ཕྱིང་གུར་དང་ལ་ལ་ཁང་པའི་ནང་དུ་འདུག་ཅུང་རྟ་ལུག་གི་འབྲི་གཡག་མཛོ་སོགས་ལ་བརྟེན་ཏེ་འཚོ་བར་བྱེད། བཟའ་བཏུང་འཁུར་བ་རྩམ་པ་མར་ཕྱུར་འོ་ཞོ་ཇ་སོགས་དང་གྱོན་པ་ཕལ་ཆེར་སྣམ་བུ་ཡིན། དེའི་འབྲོག་པ་གང་ཡང་དད་པ་ཤིན་ཏུ་ཆེ་ལ་རྣམ་དཀར་ལ་གཙོ་བོར་བརྩོན་པའི་སྐལ་ལྡན་ཡིན་ནོ། །དེ་ལྟའི་བོད་གཏོགས་ལ་དབུས་གཙང་ཆོས་ཀྱི་དང་ཁམས་སྟོད་མིའི་དང་མདོ་ཁམས་རྟའི་ཆོལ་པ་གསུམ་ཟེར། དེ་ལ་སྟོད་དུ་གངས་ཏི་སེ་གནས་བརྟན་ཡན་ལག་འབྱུང་འཁོར་བཅས་དང་དབང་ཕྱུག་ཆེན་པོའི་གནས་དང༌། བར་དུ་ཙ་རི་ཙ་གོང་དཔའ་བོ་མཁའ་འགྲོའི་གནས་དང༌། སྨད་ཁམས་སུ་རིགས་གསུམ་མགོན་པོའི་གནས་ཁ་བ་དཀར་པོ་ཞེས་པའི་ལྗོངས་བྱིན་རླབས་ཅན་ཏེ་གསུམ་དང༌། སྨད་མདོ་ཁམས་དར་རྩེ་མདོ་དང་ཉེ་དར་བྱང་ཆུབ་སེམས་དཔའ་ཀུན་བཟང་གི་གནས་གླང་ཆེན་འགྱིང་རི་ཞེས་པར་མཚན་མོར་ན་བུན་ནང་ནས་སྒྲོན་མེ་འདྲ་བ་མང་པོ་འབབ་པ་སོགས་ཡ་མཚན་པའི་ཁྱད་ཆོས་དུ་མ་ལྡན་པ་ཡོད་དོ། །འཛམ་བུ་གླིང་གི་བྱང་ངོས་སུ་གོང་སྨོས་བཙོང་﹙ཙོང་﹚ལ་རིང་མོ་དང་དེའི་གཡས་རིའི་ཡུལ་སོགས་ཡོད། དེའི་བྱང་གི་སའི་ཐིག་ལེར་ཤཱཀྱ་ཤམྦྷས་བཟུང་བའི་ཤམྦྷ་ལ་སྟེ། མཐར་གངས་རིས་བསྐོར་བའི་ཐད་ཀར་དཔག་ཚད་ལྔ་བརྒྱ་ཡོད་ཅིང༌། དེ་ཡང་པད་འདབ་ལྟ་བུའི་ལྟེ་བའི་མཐར་ཡང་གངས་རིས་བསྐོར་བའི་ནང་དུ་གྲོང་བྱེ་བ་གཅིག་ཡོད་པའི་དབུས་སུ་ཕོ་བྲང་ཀ་ལཱ་པ་དང༌། དེའི་ལྷོ་ངོས་ཀྱི་དབུས་སུ་དཔལ་དུས་ཀྱི་འཁོར་ལོའི་བློས་བསླང་ཕོ་བྲང་ཆེན་པོ་དང་དེའི་གཡས་གཡོན་དུ་མཚོ་ཆེན་གཉིས་ཡོད་པའི་ཆུ་རྒྱུན་ཕྱོགས་གཉིས་སུ་སོང་བ་གྱེས་པས། ཕྱིའི་ས་ཆ་བརྒྱད་དུ་བགོས་པའི་པད་འདབ་བརྒྱད་དབྱིབས་ཀྱི་འདབ་རེར་གྲོང་ཁྱེར་བྱེ་བ་བཅུ་གཉིས་རེ་ཡོད་པའི་རེ་རེ་ལའང་གྲོང་གོ་དྲུག་རེ་ཡོད་ཅིང་ལོངས་སྤྱོད་ལྷའི་དཔལ་ལ་འགྲན་པ་ཡོད་པའི་དབུས་ཀྱི་རྒྱལ་སར་བྱང་སེབས་ཁྲོ་བོའི་སྤྲུལ་པ་རིམ་པར་བཞུགས་ནས་ཆོས་སྟོན་ཅིང་དུས་འཁོར་སོགས་དར་རྒྱས་ཆེའོ། །དེའི་རྒྱབ་ཏུ་ཀླ་ཀློའི་སྡེ་ཆེན་པོ་དུ་མ་དང༌། ཆུ་མིག་སྟོང་གི་སྡེ་བ། བྱང་གི་རྒྱ་མཚོ་དང་ཉེ་བར་འཛམ་བུའི་ཚལ་ཡོད་ཟེར་རོ། །དེ་དག་མདོར་བསྡུས་ན་མི་དྲི་ཟ་གྲུབ་པ་གསང་བ་ལ་སོགས་རྐང་གཉིས་པ་གནས་པའི་ལྗོངས་གངས་ལྡན་དང་ཤམ་བྷ་ལ་དང་རྒྱ་གར་དང་ཁ་ཆེ་དང་བལ་ཡུལ་དང་ལི་དང་རྒྱ་ནག་ཆེ་ཆུང་དང་པར་སིག་དང་ཙམ་པ་ཀ་དང་སྤྲེའུ་དང་གསེར་མིག་དང་རུག་མ་དང་རམ་མ་དང་མ་ཁ་དང་ཤ་ཁ་དང་གྱི་ལྗང་དང་ཞང་ཞུང་དང་བྲུ་ཤ་དང་འ་ཤ་﹙ཞ﹚དང་སུམ་པ་དང་ཟ་ཧོར་དང་མི་ཉག་དང་འཇང་དང་ཡུ་གུར་དང་ཐོད་གར་དང་ཨུ་རྒྱན་དང་འགྲོ་ལྡིང་བའི་ཡུལ་དང་ལོང་པའི་ཡུལ་དང་ཙོ་ལ་དང་ཀ་ལིང་ཀའི་ཡུལ་དང་ལོང་པའི་ཡུལ་དང་ཙོ་ལ་དང་ཀ་ལིང་ཀའི་ཡུལ་སོགས་ཡུལ་སྣ་ཚོགས་ཡོད་པར་གྲགས་སོ། །འཛམ་གླིང་གི་ཤར་ཕྱོགས་ཀྱི་རྒྱ་མཚོར་སྤྱན་རས་གཟིགས་ཀྱི་རི་པོ་ཏ་ལ་ཞེས་པ་དང༌། གསེར་གྱི་རི་ཡིད་པའི་གླིང་ཕྲན་དང་མན་ཇུའི་ས་དང་གླིང་ཆུང་ཀུའུ་ལིའི་དང་ཀུའི་པན་དང་ལིའི་ཆིའུ་དང་བཻཌཱུརྱའི་གླིང་དང་སོ་ནག་ཅན་དང་ཁི་ཆུང་ཧུ་བ་སོགས་ཡོད་དོ། །ཤར་མཐའ་ན་པོ་མི་ལུས་ཁྱི་མགོ་ཅན་གྱི་ཡུལ་དང་ཚེའི་བདུད་རྩི་སྨན་ཡོད་པའི་རི་དཀར་པོ་ཞེས་པ་དང༌། དེའི་སྟོད་ངོས་བྱང་དུ་པར་ཀུད་སྡེ་བརྒྱད་ཅེས་པའི་སྔར་ཕ་མ་རྒས་ཚེ་དྲིན་ལན་རྫོགས་ཟེར་ནས་སྟོན་མོ་བྱས་ཏེ་ཁར་ཚིལ་བུས་བཀང་ནས་འགུམ་པ་ད་ལྟར་ཆོས་དར་དང༌། དེ་དང་ཉེ་བར་སོ་ལོན་དང༌། ཆིམ་ཆིམ་སྡེ་ཡོད་ཅིང་དེ་དག་བོད་རྒྱ་སོག་གང་ཡང་མིན་པའི་ཀླ་ཀློ་ལྟ་བུ་ཡིན་ཀྱང་དེང་སང་ཆོས་ཅུང་ཟད་རེ་དར་རོ། །རྒྱ་ཡུལ་དངོས་ནི། འཇམ་དཔལ་རྩ་རྒྱུད་དུ། རྒྱ་ཡུལ་ཀུན་ལ་བརྟེན་པ་ཡི། རྒྱལ་པོ་དབྱིག་གི་སྙིང་ཞེས་བྱ། ཞེས་པ་ནས། བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ། །འཇམ་པའི་དབྱངས་ནི་འོད་ཆེན་པོ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། །ཞེས་སོགས་ཀྱིས་རྒྱལ་པོ་གཙོ་བོ་གཅིག་དང་འཇམ་དབྱངས་ཀྱིས་དེར་འགྲོ་དོན་དངོས་སུ་མཛད་པར་ལུང་བསྟན་ཅིང༌། །མདོ་གཞན་དུའང་བྱ་བ་ཤར་ཚམས་སུ་རི་བོ་དྭངས་བསིལ་ཡོད་ཅེས་གསུངས་ལ། །དེ་ལྟའི་རྒྱ་ནག་གི་ཡུལ་ལ་ཆེ་ཆུང་གཉིས་ཡོད་ཅིང་དེའི་རྒྱལ་པོའི་བཞུགས་ས་མ་ངེས་པ་དང་རྒྱལ་པོའང་སྔར་རྒྱ་སོག་ངེས་མེད་བྱུང་ཡང༌། ད་ལྟ་པེའི་ཅིང་མཁར་རིམ་པ་གསུམ་ཅན་དུ་མན་ཇུ་ཇུར་ཆིང་ཀྱི་རྒྱལ་པོ་བཞུགས་ནས་དབང་བསྒྱུར་རོ། །རྒྱ་ཡུལ་དུ་དེང་སང་པེའི་ཅིང་ཕོ་བྲང་དབུས་སུ་བྱས་ཏེ། །ཤར་དུ་སན་ཏུང༌། ཅི་ཅང༌། ཤར་ལྷོར་ཅིན། ལྷོ་སྟོང་ཀུའང་ཞི། ལྷོར་ནན་ཅང༌། ཅང་ཞའི། ཀུན་དུང༌། ལྷོ་སྨད་ཧུའུ་ཀང༌། ཧོ་ནན། ལྷོ་ནུབ་དུ་ཤན་ཤི། ཟི་ཆོན། སན་ཤི། ཀུའི་ཅོའི། ཡུའུ་ནན་སོགས་ཞུང་བཅུ་གསུམ་དང་ད་ལྟར་བཅོ་བརྒྱད་ཡོད་ཟེར། སྔོན་དུས་ནས་ད་ལྟའི་བར་དུ་རྒྱལ་རབས་སོ་སོའི་བཞུགས་གནས་ཕོ་བྲང་ཆེ་བ་བཞི་དང་འབྲིང་ལྔ་དང་ཆུང་བ་བདུན་ཡོད། ལྗོངས་དེར་རི་བོ་ཆེན་པོ་ལྔ། རི་ཆེན་ཁྱད་འཕགས་བཞི། ཆུ་ཀླུང་རབ་མེད་བཞི། མཚོ་ཆེན་ལྔ་དང༌། གཞན་རི་བོ་ཆུ་ཀླུང་གནས་ངོ་མཚར་བ་མང་ཞིང༌། གྲོང་ཁྱེར་ཆེ་འབྲིང་ཆུང་བ་སྡོམ་ཉིང་སྟོང་མི་རིགས་དོན་གཉིས་ཡོད་དོ། །ཡུལ་དེར་གསེར་དངུལ་དང་ལིའི་ཊམ་ཁ་དང་གོས་དར་ཟམ་རས་ཇ་ཐ་མ་ཁི་སོགས་ཀྱི་ཚོང་བྱེད། སྔར་རྒྱ་ནག་པོས་རལ་མ་འཇོག་ཀྱང་ད་ལྟར་ཀུན་གྱིས་རལ་ཚུགས་ཇ་ལ་འཇོག དབྱར་ཚད་པ་ཆེ་ཡང་རྒྱ་གར་ལས་ཆུང་ལ་དགུན་གྲང༌། གོས་ཆེན་རས་ཟམ་སྣམ་བུ་པགས་རིགད་སྣ་ཚོགས་གྱོན་ཅིང༌། ཁ་ཟས་ཤ་ཚོད་མ་སྒོག་ཙོང་ལ་ཕུག་ཇ་དང་ཆུ་ཐ་མ་ཁི་ལོངས་སྤྱོད། ཆོས་ལུགས་ལ་རྒྱལ་བསྟན་དང་བོན་ཆོས་དང་འཇིག་རྟེན་ལུགས་ལ་རྒྱལ་བསྟན་དང་བོན་ཆོས་དང་འཇིག་རྟེན་ལུགས་ཀྱི་བསྟན་ཆོས་དར། རི་ཁྱད་འཕགས་བཞིའི་ཡ་གྱལ་གྱི་ཨུ་ཐའི་ནི་པེའི་ཅིང་ནས་ནུབ་ཏུ་ཞག་ལག་བདུན་ཙམ་ན་ཡོད་པའི་བསིལ་ལྡན་ཞེས་པ་འཇམ་དབྱངས་སྨྲ་སེང་གི་ཞིང་དངོས་རི་བོ་རྩེ་ལྔ་སྟེ། དེ་ན་རྒྱ་གར་གྱི་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་དཀར་པོས་གཙོས་པའི་མཆོད་རྟེན་ཆེ་ཆུང་མང་དུ་སྣང༌། གཞན་བོད་བཙུན་དང་རྒྱ་བན་གྱི་ལྷ་ཁང་མང་པོར་རྟེན་ཁྱད་པར་དུ་འཕགས་པ་ཡོད། དེར་ཐུན་མོང་ངོར་ཡང་དད་ལྡན་སྐལ་ལྡན་ལ་འཇམ་དཔལ་གྱི་ཞལ་དངོས་དང་སྤྲུལ་པ་སྣ་ཚོགས་མཐོང་སྣང་བྱུང་བའང་མང་ཞིང༌། མཚམ་མོ་སྒྲོན་མེ་འདྲ་བ་སངས་ཀྱི་མདངས་ལྡན་ཕལ་ཆེར་གྱིས་མཐོང་སོགས་ཁྱད་ཆོས་དཔག་ཏུ་མེད་ཅིང་བྱིན་རླབས་ཤིན་ཏུ་ཆེ་བའི་གནས་སོ། །དེའི་ནུབ་ངོས་ཉིང་ཤ་མཁར་དང་ཉེ་བར་གླང་རུ་ལུང་བསྟན་གྱི་རི་དང་མཆོད་རྟེན་གོ་མ་སཱ་ལ་ཞེས་པའང་ཡོད་ལ། འོན་ཀྱང་དེ་དངོས་ནི་གོང་སྨོས་ལྟར་བལ་བོད་མཚམས་སུ་ཡོད་ཟེར་ཡང་འདི་ལའང་མདོ་ལས་གསུངས་པ་ཆ་འདྲ་སྣང་ངོ༌། །རྒྱ་ནག་གི་ནུབ་ངོས་མཚོ་སྔོན་གྱི་ལྗོངས་སུ་ཨོའུ་རོད་སོག་པོ་གཡས་རུ་ཡོད། དེའི་ནུབ་ཕྱོགས་ཀྱི་སྡེ་མཐའ་ནས་དབུས་གཙང་གི་ས་སྣེའི་བར་དུ་འབྲོང་དྲེད་རྒོད་རྐྱང་གཙོད་དང་བྱ་རོག་སོགས་ལས་གཞན་མི་མེད་ས་སྟོང་ཟླ་ལམ་ལྷག་ཡོད་དོ། །རྒྱ་ནག་དང་ཨ་མདོའི་རྒྱབ་ཏུ་སོག་རིག་བྱིངས་ཕྱིང་གུར་ཁང་པ་ལ་བརྟེན་པ་མོན་གོལ་ཚོ་ཆེན་ཞེ་དགུ་ཡོད་པ་དེང་སང་ཚོགས་འདུས་དྲུག་ཏུ་འདུས་ཤིང༌། ཆིང་གིས་རྒྱལ་པོའི་སྡེ་ལྷག་ཆ་ཀར་ཚོ་བརྒྱད་ཀྱང་ཡོད་པ་ཀུན་རྗེ་ཙོང་ཁ་པའི་བསྟན་པར་གུས། དེའི་རྒྱབ་ཏུ་ཧལ་ཧ་སྡེ་བཞིའི་ཚོ་བདུན་ཡོད་པ་དགེ་ལུགས་དང་ཇོ་ནང་པ་ལའང་དད། དེའི་ནུབ་ཀྱི་རྒྱའི་ས་མཐའི་ར་བའི་ཕྱི་ན་སོག་པོ་ཨོ་རོད་ཚོ་བཞི་ཡོད་ཅིང་ད་ལྟའི་མཚོ་སྔོན་པ་དང་ཨ་ལག་ཤ་པའང་དེ་དག་གི་རུས་གཏོགས་ཡིན་ཞིང༌། དེ་དག་གིས་ཞྭ་སེར་ལུགས་བཟང་ཁོ་ནར་མཆོད་དོ། །སོག་པོའི་ནང་ནས་ཐོར་གོད་ཨོ་རོད་སུ་དང་འདབ་འབྲེལ་བར་རྒྱ་ཆེ། སོག་པོ་དེ་ཀུན་གྱིས་སྐྲ་བཤར་ནས་རལ་ཚུགས་འཇོག་ཅིང་ཞྭ་ལ་ཇ་ལ་དམར་པོ་འཇོག   རྟ་ལུག་སོགས་ཀྱི་ཚོང་བྱེད་ཅིང་ཟས་འོ་མ་ཞོ་དར་བ་ཤ་དང་འབྲུ་ལ་སྤྱོད་ཅིང་གོས་སུ་པགས་རིགས་དང་གོས་ཟམ་སོགས་གྱོན། དེ་དག་གི་ཡུལ་དུའང་དེང་དུས་དམ་པའི་ཆོས་དར་རྒྱས་ཆེ་ལ་དད་གཏོང་ཤིན་ཏུ་བཟང་ངོ།།
ཧལ་ཧའི་རྒྱབ་བྱང་ངོས་སུ་རྒྱ་སེར་ཨོ་རོ་སུ་ཡོད་ལ། དེ་ཡང་ཐོར་གོད་དང་ཨོ་རོ་སུའི་མཚམས་ཀྱི་མཚོ་ཆེན་ཐིང་གིར་སྲིད་ཀྱི་འགྲམ་དུ་ཨོ་རོ་སུའི་ཨལ་དར་ཧན་གྱི་མཁར་དང༌། དེའི་ཕན་མཁར་མང་བརྒལ་བའི་ཟླ་ཕྱེད་དང་གཉིས་ཀྱི་ས་ན་ཨོ་རོ་སུའི་དབུས་ཀྱི་ཆ་གྭན་ཧན་ཞེས་པ་ཆིང་གིས་རྒྱལ་པོའི་བརྒྱུད་པ་བུ་མོ་རྒྱལ་པོའི་མཁར་མེ་སུ་ཁེ་ཞེས་རིམ་པ་དགུའམ་གསུམ་གྱི་ཕྱི་མ་ཤེལ་ཡིན་ཟེར། དབུས་ཀྱི་ཕོ་བྲང་ཏོག་ཅན་གྱི་གདུང་སོགས་ལ་གསེར་རྩི་རིན་པོ་ཆེས་སྤྲས་ཤིང་ཟུར་གྱི་དྲིལ་བུའི་སྒྲ་ལས་དུས་འགྱུར་ལེགས་ཉེས་ཤེས་པ་དང༌། བར་བར་དུ་གཞན་ཁང་བཟང་བ་གམ་དང་ཁང་པ་བརྩེགས་པ་དང་བསིལ་ཁང་དང་ལྟད་མོ་ལྟ་བའི་ཁང་པ་དང་ཟམ་པ་ཆུང་ངུ་དུ་མ་ཡོད་དོ། །ཡུལ་དེའི་མི་སྟོབས་འབྱོར་དཔག་མེད་དང་སྡེ་ཡང་རྒྱ་ཤིན་ཏུ་ཆེ་ཞིང་དངུལ་གྱི་དོང་ཙེ་དང་གོ་དམར་སྒྲ་རིགས་ཆུ་སྲིན་གྱི་ཤ་ཁྲག་མགོ་སྣམ་གྱི་ཚོང་བྱེད། ཉ་དང་བྱ་རིགས་ཀྱི་ཤ་དང་འབྲུ་སྣ་ཚོགས་ཀྱིས་འཚོ། བཙན་རྫོང་རྡོ་ཁབ་ལེན་གྱི་མཁར་ཡོད་དོ། །དེའི་རྒྱབ་ཀྱི་བྱང་གི་མཚོའི་འགྲམ་དུ་ཞི་ཡང་ཞེས་པའི་མི་སྡེ་དུམ་བུར་གནས་པ་རྣམས་ནི་དུས་ཚོད་བརྟགས་བྱེད་འཁོར་ལོ་དང་གཞན་འཕྲུལ་འཁོར་སྣ་ཚོགས་ཀྱིས་མཚོན་པའི་བཟོ་རིགས་ལ་ཤིན་ཏུ་མཁས་པ་ཡིན། ཡུལ་དེར་ཝ་ནག་ཝ་དམར་པུ་ལ་གྭན་དང་མགོ་སྣམ་དང་ལྕག་རིགས་བཟང་པོའི་མཚོན་ཆ་དང་གསེར་དངུལ་ཤེལ་གྱི་ཇ་ལག་མོད། །བྱ་ཤ་བྱ་སྒོང་ཉ་ཤ་དང་ཤིང་གི་འོ་མ་དང་འབྲུ་རིགས་སྣ་ཚོགས་ཀྱིས་འཚོ། །ཡུལ་དེའི་གི་མ་ཆ་དང་ཡ་གོང་ཞེས་པའི་ས་དང་སོག་པོ་ཐོར་གོད་ཀྱི་སའི་ཆར་གཏོགས་ཁེམ་ཁེམ་ཆེ་སོགས་ན་དབྱར་ཉི་མཐར་ཐུག་གི་དུས་སུ་ཉི་མ་ནུབ་ནས་དམར་ཐག་མ་ཆད་པར་ཤར་ནས་སྐྱ་རེངས་འཆར་བ་དང༌། བཅོ་ལྔའི་ཟླ་བ་ནུབ་ཏུ་མཐོ་སར་ཡོད་དུས་བཅུ་དྲུག་གི་ཉི་མ་འཆར་ཞིང་ཉི་ཤུ་ཐམ་པའི་ཉི་མ་ནུབ་པ་དང་ཟླ་བ་འཆར་བ་དུས་མཉམ། ཞི་ཡང་དང་ཨུ་རུ་སུ་བ་དབྱར་སྟོན་ལ་མཚོ་མཐའ་ལ་གྲུའི་སྟེང་ནས་ཕར་འགྲོ་ཚུར་འགྲོ་དང་དགུན་དཔྱིད་ལ་འཁྱག་རོམ་སྟེང་དུ་ཁྱིས་དྲངས་པའི་ཚན་ཞེས་པས་འགྲོའོ། །ཡང་མཚོ་སྔོན་གྱི་རྒྱབ་ཀྱི་ཁུར་ལུག་ནས་མྱ་ངམ་ཐང་ཆེན་བརྒལ་ནས་རིམ་པར་ཧོ་ཐོན་མགོ་དཀར་གྱི་མཁར་ཧ་མིན་དང་བར་ཁུལ་དང༌། ཡེར་ཁེན་དང༌། འབུ་ལུག་གི་མཁལ་མ་བཏབ་ན་ལུག་སྐྱེ་པའི་ཡུལ་ཧ་ཤ་ཀྭར་དང༌། པ་དག་ཤན་དང༌། དེ་དག་གི་གཡོན་དུ་ཨ་ཙ་ཡན་དང་ན་མ་གྭ་དང༌། མལ་གྭ་ལ་དང་ཐ་ཤ་ཀྭན་དང༌། བྱི་རུ་མུ་ཏིག་མོད་ཅིང་འབྱོར་བ་རྒྱ་ཆེ་བའི་བུ་ཧར་ས་མཧ་ར་དང༌། ཞྭ་དཀར་གྱོན་པའི་ཨེ་གེས་ལིག་ཨུ་ལན་ཐེ་མེད་ཞེས་བུ་རད་དང༌། དེའི་གཡོན་དུ་ཧ་སག་དང༌། དེ་དག་གི་ནུབ་ཏུ་ཁུད་ཁུར་གྱི་ལྗོངས་ཆེན་ཡོད། དེ་རྣམས་ལས་ཧ་སག་དང༌། ཨོ་རོ་སུ་ལ་ཆོས་ལུགས་ཚུགས་ཐུབ་མེད་ཀྱང་ཕྱི་མས་རལ་པ་འཇོག གཞན་ཧོ་ཐོན་ཐམས་ཅད་ཀྱིས་རལ་པ་དང་རལ་ཚུགས་འཕྲུ་དམར་མི་འཇོག མགོ་དཀར་ཧོ་ཐོག་གཞན་ཀུན་གྱིས་ཞྭ་དམར་པོ་གྱོན་ཅིང་བླ་མ་ཨབ་ཏུ་ལ་ཞེས་པས་རང་ཁྲ་དཀར་པོས་ཐོད་དཀྲིས་བྱེད་ཁང་སམ་གང་ལྟར་ཡང་ཧོ་ཐོན་ཀུན་ལ་ཡུལ་འདིར་མགོ་དཀར་ཟེར། དེ་ཕལ་ཆེར་གྱིས་དབང་ཕྱུག་པ་སོགས་ཅི་རིགས་ཀྱི་ལུགས་འཛིན་པས་ཆོས་ལུགས་སྣ་ཚོགས་ཡོད་ཅིང་ཚེ་ཕྱི་མ་དང་དགེ་སྡིག་ཁས་ལེན་པ་དང༌། ཁོ་རང་ཚོའི་ལུགས་ལྟར་གྱི་སྡོམ་པ་སྲུང་བ་དང་ཁ་ཏོན་དང་གཙང་སྦྲ་ལ་ཤིན་ཏུ་དགའ་བས། གོང་སྨོས་ཆོས་མེད་སྡེ་ཟུང་དང་གཞན་མཐའ་མི་མུ་སྟེགས་པ་དང་ཕྱི་པ་གང་གི་ཡང་ཆོས་མེད་པར་ཚེ་ཕྱི་མ་དང་དགེ་སྡིག་རྣ་བའི་བུ་གར་ཞུགས་མ་མྱོང་བ་ཀླ་ཀློའི་ནང་ནས་ཀྱང་ཐ་ཆད་པ་རྣམས་ལས་བཅུ་འགྱུར་གྱིས་ལྷག་གོ ཧོ་ཐོན་དེ་དག་གིས་གསེར་གོས་དངུལ་གོས་གོས་ཆེན་གཞན་དང་མགོ་སྣམ་དང་ཀ་ཤའི་རས་དང་སྐྲ་རིགས་སོགས་གྱོན། ཕག་མིན་པའི་རི་དྭགས་ཉ་བྱ་ནོར་ལུག་གི་ཤ་དང་འབྲི་རིགས་ཤིང་ཏོག་སྣ་ཚོགས་ལ་ལོངས་སྤྱོད་པའོ། །ཨོ་རོད་ཇུའུན་གྭར་གྱི་ཤར་གྱི་ས་སྣེ་རྒྱའི་ཀྱ་ཡེ་གོན་ཞེས་པའི་ལྕགས་རིའི་སྒོ་ནས་ནུབ་ངོས་སུ་ཨི་ལི་དང་ཨིར་ཆེད་ཀྱི་ཆུ་གཉིས་ཀྱི་རྒྱུན་དུ་ཡོད་པ་དེ་ལ་སོག་པོ་གཡོན་རུ་ཟེར། དེའི་ནུབ་བྱང་གི་ཐོར་གྭོས་ཞེས་པའི་ཆུ་ཆེན་ནས་བཟུང་སྡེ་ཨུ་ཇེལ་དང་ཇལ་ཞེས་པའི་ཆུ་རྒྱུད་དུ་སོག་པོ་ཐོར་གྭོད་ཀྱི་སྡེ་ཤར་ནུབ་ཏུ་ཟླ་བ་ལྔ་དྲུག་འགྲོ་ལམ་བར་དུ་ཡོད་ཅིང་ལྷོ་བྱང་དུ་རྒྱ་དེ་ཙམ་མི་ཆེ། ཇུའན་གྭར་གྱི་ཆུ་ཨེར་ཆིད་ཀྱི་རྒྱབ་ནས་ཨོ་རུ་སུ་རྒྱ་སེར་ཡོད་ལ། ཨོ་རུ་སུའི་ས་མཚམས་ཤིང་རས་བཅད་པའི་ཤར་གྱི་ས་སྣེ་རྒྱ་ནག་གི་མི་སྡེ་སོ་ལོན་ནས་བཟུང་སྟེ་ནུབ་ཀྱི་ཁུ་ཡུར་ཞེས་པ་ཐོར་གོད་ཀྱི་ས་སྣེ་དང་ཕལ་ཆེར་མཉམ་པས། གོང་སྨོས་ཧོ་ཐོན་དང་ཨོའི་རོད་དང་ཨོ་རུ་སུ་གསུམ་ལྷོ་བྱང་དུ་བསྒྲིགས་ནས་ཡོད། ཐོར་གོད་ནས་བཟུང་སྟེ་ཤམྦྷ་ལའི་བར་དུ་ཡུལ་སྣེ་སྣ་ཚོགས་དང་རྒྱལ་ཕྲན་ཤིན་ཏུ་མང། ཡུལ་དེ་ཕལ་ཆེར་ན་གསེར་དངུལ་ལ་རྩིས་ཆེན་པོ་མེད་ཅིང་འབྱོར་བ་ཆེ་བས་ཆོས་ཀུན་དང་སྤྲང་པོའི་མིང་ཡང་མེད་དོ། །ཨུ་རུ་སུའི་ནུབ་ལྷོར་ཁ་ཟལ་བ་ཤིའི་མཁར་སེ་བར་ཞག་གཉིས་ཀྱི་འཁོར་དང་ལབ་ཏུའི་དགུས་འཁོར་དང༌། ནུབ་བྱང་དུ་ཁུ་རིལ་གྱི་མཁར་ཆེན་རེ་ཡོད། དེ་ན་གླིང་ཆེན་འདམ་སེང་བྱ་ཤང་སོགས་ཡོད། ཡུལ་དེ་དག་གི་འབྱོར་པ་ཨི་རུ་སུ་ལས་ལྡབ་ལྟར་འགྲན། རྒྱལ་པོ་རྣམས་སྲང་ལམ་ལ་འབྱོན་དུས་ཤིང་རྟས་དྲངས་པའི་གསེར་དངུལ་དོང་ཚེ་གཏོར། །ཡང་ཨོ་རུ་སུའི་བྱང་ངོས་སུ་ཆ་ཀྭན་ཐིང་གི་སི་ཞེས་པའི་བྱང་མཐའ་མི་མངོན་པའི་མཚོ་ཆེན་རྒྱ་ཁྱོན་ཤིན་ཏུ་ཆེ་བའི་འགྲམ་དུ་ན་མི་སི་ཞེས་པའི་སྡེ་ཆེན་པོའི་ཡུལ་དུ་དོམ་དཀར་པོ་སོགས་གཅན་གཟན་རི་དྭགས་སྣ་ཚོགས་དང་རྩང་པ་ཁྱི་ཙམ་སོགས་ཡོད། ཡུལ་དེའི་མི་རྟ་གཞན་གྱི་དེ་དག་ལས་གཟུགས་ཆེ་ཞིང་གོས་ཆེན་འདོམ་བརྒྱ་ལྷག་དང༌། མགོ་སྣམ་གཅིག་གིས་མི་སུམ་ཅུའི་ལྭ་བ་འདང་པ་དང༌། དུས་ཚོད་དང་ཚེས་གྲངས་གང་ཡིན་བརྟགས་བྱེད་ཤེལ་གསེར་དངུལ་ལྕགས་ཀྱི་འཕྲུལ་འཁོར་ངོ་མཚར་བ་སོགས་ཡོད། དེའི་རྒྱལ་པོའི་མཁར་ནི་ནེ་མེ་ཤིང་ཞེས་པ་སྟེ། དེའི་མཁར་དང་ས་འགག་བསྲུང་མི་དམག་བཅུ་རེར་དཔོན་རེ་དང་དེ་བཅུ་བཅུ་གོང་སྤེལ་དམག་མི་བྱེ་བའི་བར་ཡོད་པའི་ཐམས་ཅད་ཀྱི་མགོ་དཔོན་མིང་ལ་ར་མ་རྩང་ཟེར་རོ། །དམག་ཚུར་འོངས་པ་འགོག་བཟློག་དང་ཕར་ཕྱིན་ནས་གཡུལ་འགྱེད་པ་གང་གི་དུས་ནའང་ས་སྟེང་ནས་འགྲོ་བའི་དམག་གིས་ཕེ་ཚེམ་གྱོན་ནས་ཤིང་མདའ་མེ་མདའ་ཆུང་བ་དང་མེ་སྒྱོགས་འབྲིང་དང་ཆེན་པོ་སྣ་ཚོགས་དང་ཞགས་མདུང་ལྕགས་ཀྱུ་མདུང་སོ་མང་ཞིང་རལ་གྲི་མི་འདྲ་བ་འཛིན། ས་འོག་ནས་འགྲོ་བའི་དམག་གིས་སྦྲ་ཚིལ་གྱི་སྒྲོན་མེ་བརྒྱ་སྟོང་འཛིན་ཅིང་གཞན་དག་གིས་གཟོང་དང་འཇོར་དང་ཏོག་ཙེ་བཟུང་ནས་དམག་ལམ་བཏོད་དེ་ཕྱིན་ནས་རྫོང་འོག་ཏུ་མེ་རྫས་ཆེན་པོ་སྤར་ནས་བཤིག་པ་དང་ས་སྟེང་དུ་ཐོན་ནས་འཐབ། མཚོ་དང་ཆུ་ཀླུང་ཆེན་པོ་ནས་འགྲོ་དམག་གིས་ཆུ་བྱའི་པགས་པ་གྱོན་ནས་འཛུལ་ཏེ་ཕྱིན་པས་འཐབ་སོགས་བློས་མི་ཆུན་པའི་ཐབས་འཕྲུལ་དུ་མ་ཡོད་དེ། དེ་ཡུལ་ཤིན་ཏུ་རྒྱ་ཆེ་བའི་བརྟགས་ཡིན་ནོ། ཆུ་ཨེ་ཇེལ་གྱི་ནུབ་ཏུ་ཞག་ལམ་བཅུ་ནས་ཁུང་འུར་གྱི་རྒྱལ་པོ་སྔ་མ་ཞིག་ལ་བོད་དུ་ཉི་མའི་འོད་ཟེར་དུ་གྲགས་པའི་ས་སྣེ་ཡོད་དེ། སྡེ་དེའི་མིང་ལ་ཐུ་རུག་གམ་ཟུར་ཆག་དུ་རཤྐ་ཟེར། དེའི་ས་མཐའ་རྡོའི་ལྕགས་རིས་བསྐོར་བར་སྒོ་སུམ་བརྒྱ་དྲུག་ཅུ་ཡོད་པའི་སྒོ་གཉིས་ཀྱི་བར་དུ་ཁོ་རང་ཚོའི་ལུགས་ཀྱི་ས་ལེ་བར་﹙དབར﹚སུམ་བརྒྱ་དྲུག་ཅུ་དང་རྒྱ་ལེ་བར་﹙དབར﹚མདུན་བརྒྱ་ཉི་ཤུ་རེ་ཡོད། དེའི་ནང་དུ་རི་ཆེན་བཞི་མཚོ་དང་ཤིང་སྣ་འབྲུ་རིགས་སྣ་ཚོགས་ཡོད་ཟེར། རྒྱལ་པོའི་མཁར་ལ་སྒོ་ཉེར་བཞི་དང༌། དབུས་ཀྱི་ཕོ་བྲང་གསེར་གྱི་རྒྱ་ཕིབས་ཅན་དང་དེའི་ཕྱོགས་བཞིར་སོ་ཕག་གི་ཕོ་བྲང་སྔོ་ལྗང་སོགས་དཀར་ཡོལ་རྩི་ཅན་དང༌། མི་རྣམས་མགོ་སྣམ་དམར་པོའི་ཞྭ་ཁ་དང་ཕུ་དུང་གི་ཁ་དང་སྐེ་རགས་སོགས་གོས་ཆེན་ལ་རིན་པོ་ཆེའི་རྒྱན་དང་ཐོབ་ཆེ་བཻཌཱུརྱ་སོགས་ལ་བཟོས་པ་དང་རིན་པོ་ཆེའི་རྒྱན་དང་གདུ་བུ་དང་གསེར་གིས་དངུལ་གོས་མགོ་སྣམ་རས་སོགས་ཤིན་ཏུ་བཟང་པོ་གྱོན། ཁོ་རང་ཚོའི་མི་དབང་ནི་འཛམ་གླིང་གི་སྤྱི་རྒྱལ་ཡིན་པར་ཡུལ་དེར་གྲགས་ཤིང་ཕོ་བྲང་གཅིག་ན་འཛམ་གླིང་གི་རྒྱལ་པོ་ངོ་གསུམ་གྱི་ཁྲི་ཡང་བཤམས་ཡོད་ཟེར། ཡུལ་དེར་ལོ་གཅིག་གཉིས་ནས་རླུང་དགྲ་ཆེན་པོའི་འཇིགས་པ་འོང་དུས་སུ་ཟོན་བྱེད་དགོས་པས་དེ་བརྟགས་ཕྱིར་དུ་ཁང་ཆེན་བུམ་དབྱིབས་སྟོད་ཕྲ་བའི་ཤིན་ཏུ་མཐོན་པོའི་རྩེར་ཚོ་﹙སོ﹚བ་འདུག་དགོས། མཁར་གཞན་གྱི་དབུས་སུ་རྒྱའི་ཏུན་གྱི་འཚབ་མུ་ནར་ཟེར་བ་མཐོ་ཚད་ལ་ཐག་པ་རིང་པོ་ལྔ་དྲུག་གི་ཚད་ཡོད་ཟེར། དེ་ལ་ཕྱོགས་མཚམས་སུ་སྐད་རིགས་མི་གཅིག་པའི་མི་སྡེ་བཅུ་གཉིས་ཡོད། ཁྲོན་པའི་ཁ་དང་ཆུ་སྣོད་གསེར་དངུལ་ལས་བཟོས་པ་ལ་རིན་པོ་ཆེའི་འཕྲ་ཅན་དང༌། གླིང་ཆེན་ཆུ་གླང་རྟ་མཆོག་དང་གཞན་རྟ་བ་ལང་ལུག་སོགས་དང་ལྕགས་རིན་པོ་ཆེའི་མཚོན་ཆ་མི་འདྲ་བ་དུ་མ་དང་འབྲུ་རིགས་སྣ་ཚོགས་དང་ཤིང་ཏོག་མོད། རྒྱལ་པོ་སྲང་བར་ལ་གུང་སངས་ལ་འགྲོ་ཚེ་ཤིང་རྟ་དུ་མས་དྲངས་པའི་གསེར་དངུལ་དོང་ཚེ་ཤིང་རྟ་དུ་མས་དྲངས་པའི་གསེར་དངུལ་དོང་ཚེ་ལྟད་མོ་བ་ཞལ་མཇལ་མི་ལ་གཏོར་སོགས་ལྷའི་འབྱོར་པ་ལ་འགྲན་པ་ལྟར་མཆིས་པ་ཡུལ་དེའི་མིའི་ངག་ལས་དངོས་སུ་ཐོས་པའི་ཁ་ཆེའི་ཚོང་པ་ལས་ཁོ་བོས་ཐོས་པ་ཡིན་ནོ། །དེ་ནས་ནུབ་ཏུ་ཐིང་ཐིང་གི་སེ་ཞེས་པའི་མཚོ་ཆེན་དུ་མི་ལུས་རྟ་མགོ་ཅན་དང་ཆུ་སྲིན་ཤ་རྭ་ཅན་སོགས་ཡོད་ཅིང༌། དེར་ཤེལ་གཟེངས་ལ་བརྟེན་ནས་མཚོའི་སྟེང་འོག་ཏུ་ཕྱིན་ཏེ་རིན་པོ་ཆེ་སྣ་ཚོགས་ལེན་ནོ། ། ཁུང་ཁུར་གྱི་ལྷོར་མུ་སྟེགས་པའི་རྟེན་མེ་ཁེ་ཞེས་པའི་རྡོ་སྔོ་པོ་མདའ་གང་ཙམ་མཐའ་སྐོར་མཐོ་བཞི་ལྔ་ཡོད་པ་བར་སྣར་ལ་རྟ་པའི་ལག་པས་རྙབ་ཙམ་དུ་ཡོད་པ་མཐོང་བའི་ཧུ་ཙི་ལས་ཁོ་བོས་ཐོས། དེའི་ཉེ་འདབས་སུ་རྒྱར་མངའ་བརྒྱད་ལྔ་དྲུག་ཙམ་གྱི་ཚང་ཡོད་པའི་མུ་སྟེགས་པའི་ལྷ་ཁང་ནས་དུ་ཁ་﹙ཀ་﹚གདུང་མེད་པ་གསེར་རྩི་རིན་པོ་ཆེས་ཁྲ་རྒྱན་ཅན་རང་བྱུང་ཟེར་བ་དང༌། དེ་ལས་རྒྱང་ཙམ་དུ་དེ་དག་གི་རྟེན་རྡོ་དཀར་པོ་དབང་ཕྱུག་གི་མཚན་རྟགས་བུག་པ་ཅན་ཡས་མས་ཕར་ཚུར་གའ་ལའང་མ་རེག་པ་ཞིག་ཡོད་སྐད། དེ་རྣམས་ཀྱི་བར་བར་དུ་ཡུལ་སྡེ་ཆེན་པོ་ཕྱིང་གུར་ཐོག་གཉིས་རིམ་ཅན་སོགས་དང་ཁང་པ་མཁར་ཅི་རིགས་ཡོད་པའི་སྡེ་ཆེན་པོ་ཅན་དུ་མ་དང༌། གཞན་ཡང་ཕྱོགས་དེར་གྲོང་ཁྱེར་གྲོང་བརྡལ་ཡུལ་འཁོར་ཕོ་བྲང་འཁོར་དང༌། རིན་ཆེན་ཆུ་ཆེན་མཚོའང་ཤིན་ཏུ་མང་ངོ༌། །ཡང་ནུབ་ངོས་སུ་རིམ་པར་མི་ལུས་རྟ་མགོ་ཅན་དང་ཁྱི་མགོ་ཅན་དང་རྐང་གཅིག་ཙུ་ཏ་དང་རྐང་པར་ཕོ་མོའི་མཚན་མ་ཡོད་པ་དང་རྣ་བོ་ཆེའི་རྣ་བ་གཅིག་གིས་སྔས་དང་གཅིག་གྱོན་ནས་ཉལ་ཐུབ་པ་དང༌། མགོ་མེད་ཕྲག་པར་མིག་དང་སྐེ་ན་ཁ་ཡོད་པའི་སྐུ་རིང་ཕྲག་མིག་ཅེས་པ་ཡོད་དོ།། གཞན་ཡང་རང་རེའི་ཡུལ་འདི་ལ་བལྟོས་པའི་བྱང་ངོས་དང་ནུབ་བྱང་དུ་ཡུལ་ལྗོངས་དུ་མ་དང་མི་སྣ་ཚོགས་སྐད་མི་གཅིག་པ་མཐའ་ཡས་པ་དང༌། རི་དྭགས་བྱ་བྱིའུ་གཅན་གཟན་འབུ་སྲིན་ཡིད་དུ་འོང་མི་འོང་སྣ་ཚོགས་དང་རྩི་ཤིང་ཤིང་ཏོག་བཟའ་བཅའ་གོས་དར་སྣམ་བུ་པགས་རིགས་དང་རིན་པོ་ཆེའི་རིགས་ངོ་མཚར་བ་མང་དུ་ཡོད། ཡུལ་དེ་དག་གི་ནུབ་ཏུ་གོང་དུ་སྨོས་པ་ལྟར་གྱི་ཡུལ་ཕུན་སུམ་ཚོགས་པ་ཤམྦྷ་ལ་ཞེས་པ་འབྱོར་པ་རྒྱས་དང་བདེ་ང་དང༌། ལོ་ཏོག་ཤིང་ཏོག་ཟས་གོས་རིན་པོ་ཆེའི་རིགས་ཡོ་བྱད་མཁོ་དགུ་སོགས་ལེགས་བྲིས་དཔལ་གྱི་རྗེས་འགྲོ་དང༌། རི་དྭགས་བཟང་པོ་སྣ་ཚོགས་དང༌། བྱ་རིགས་མང་པོ་དང༌། བྱིའུ་ས་ར་རོའམ་སུ་བུ་ཡ་ཞེས་པ་སྐད་སྙན་ཅིང་འཇེབད་པ་དང་ཡིད་དུ་འོང་བ་དང་འཇམ་པ་དང་ལྡན་པ་དུ་མ་དང༌། མི་ཀུན་ཆོས་དང་གླུ་གར་རོལ་རྩེད་ཀྱིས་དུས་འདའ་བ་སོགས་བདེ་ལྡན་ཞིང་གི་དུམ་བུ་ཞིག་ཆད་དེ་གླིང་འདིར་འཕོས་འདྲ་ཡོད་དོ། །ཞེས་འཛམ་གླིང་སྤྱི་བཤད་ངོ་མཚར་ལྟད་མོ་ཞེས་བྱ་བ་འདི་ནི། བོད་སྔ་རབས་པས་རང་གི་སྐྱེས་བརྒྱུད་མ་ཤེས་ན་ནགས་ཀྱི་སྤྲེའུ་དང་འདྲ་ཆོ་འབྲའ་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ་ཕ་མེས་ཀྱི་ཡིག་ཚང་མ་ཤེས་ན་མོན་དོ་ཕྲུག་ཡལ་བོར་དང་འདྲ་ཞེས་པའི་དཔེ་ཚུལ་དང་མཚུངས་པར། སྤྱིར་རང་གང་དུ་སྐྱེའི་གནས་ཀྱི་གླིང་གི་ཁྱད་ཆོས་དང༌། ལྷག་པར་དུ་རང་གི་སྐྱེས་ཡུལ་གྱི་རྒྱལ་པོའི་ཆེ་བ་དང་ལྗོངས་ཀྱི་སའི་བྱེ་བྲག་དང་དེར་གནས་པའི་སེམས་ཅན་གྱི་དབྱེ་བ་སོགས་རགས་ཙམ་རེ་ཡང་མ་མཐོང་མ་ཤེས་ན། གཞན་ཆོས་སྲིད་གང་ལའང་ཐོས་རྒྱ་མཐོང་རྒྱ་ཤེས་རྒྱ་ཆེ་བསམས་ཀྱང་རང་དང་རང་གི་ཡུལ་གྱི་ཚད་ཙམ་ཡང་ཇི་བཞིན་མ་ཤེས་ན།ཤེས་རབ་བརྒྱ་པ་ལས།མཁའ་ལ་སྐར་མཁན་དག་གིས་རྩིས་བྱས་ན།ཟླ་བ་དང་ནི་སྐར་མའི་ལམ་རྣམས་ཤེས།།ཁྱིམ་ན་ཆུང་མ་ལོག་གཡེམ་བྱེད་པ་དང༌།སྣ་ཚོགས་ངན་སྤྱོད་དེ་ནི་མཐོང་མ་གྱུར།ཅེས་པའི་དཔེ་ལས་མ་འདས་ཤིང༌།།ཚིགས་བཅད་མཛོད་དུ་ཡང༌།རྒྱ་མཚོའི་ཆུ་ནི་རྒྱ་ཆེ་ཞེས།།ཁྲོན་པའི་རུས་སྦལ་སུས་ཡིད་ཆེས།།ཞེས་པ་ལྟར་རོ།།དེས་ན་སྤྱིར་ཤེས་བྱ་ཡུལ་ཡུལ་གྱི་རྣམ་དབྱེ་ཤེས་ན།།དྲི་མེད་དྲིས་ལན་དུ།།མཁས་པར་གྱུར་པ་གང་ཞེ་ན།།བྱེ་བྲག་ཇི་བཞིན་ཕྱེད་པའོ།།ཞེས་དང༌།།གཉིས་ཀྱིས་མ་ལོག་གང་ཞེ་ན།།མ་རྨོངས་དོན་གྱི་བྱེ་བྲག་ཤེས།།ཞེས་པ་ལྟར་དང༌།།ཁྱད་པར་དུ་རང་གནས་སྣོད་བཅུད་ཀྱི་བྱེ་བྲག་དང་ཡུལ་སོ་སོའི་བྱ་སྤྱོད་ཟས་གོས་ཁྱད་པར་ཤེས་པ་གང་དེ།།ཇི་སྐད་དུ།སྣ་ཚོགས་དོན་ལྡན་གཏམ་རྒྱུད་ཀྱིས།།མཁས་པ་དུས་ནི་འདའ་བར་བྱེད།།ཅེས་པ་ལྟར་ཁྲོམ་ཆེན་པོ་འདུས་ཚེ་རྒྱན་དུ་གྱུར་ཏེ།།ཁུ་བྱུག་ཚུལ་ནི་སྐད་སྙན་ཡིན།།ཞེས་པ་ལྟར་ཚོགས་དབུས་སུ་འཕྲོས་ཀྱིས་ཀུན་ཡིད་འཕྲོག་པར་བྱེད་དོ།།དེའི་ཕྱིར་རང་གི་ནང་ནས་ཀྱང་འཛམ་གླིང་ཉུལ་ཏེ་མཐོང་མ་དང་ཁྱད་པར་མེད་པར་གླིང་འདི་དང་རང་གནས་རྒྱལ་ཁམས་དང་ལྗོངས་ཇི་ལྟ་བུ་ཡིན་ཚུལ་ཤེས་ན།རང་ཡུལ་གང་དེ་འཛམ་གླིང་གི་སའི་ཐིག་ལེར་རློམ་པ་དང་རང་གནས་པའི་ཡུལ་གྱི་མི་སྡེ་ལྷ་སྡེ་དང་རང་དང་རང་གི་ཉེ་དུ་ར་བ་ཁང་ཁྱིམ་སོགས་འདྲ་བ་གཞན་ས་མེད་དམ་སྙམ་པའི་རྨོངས་པ་དང་ང་རྒྱལ་སོགས་རྒྱུད་དང་བསྟན་བཅོས་མངོན་པ་མཛོད་དང༌།རྒྱ་བོད་དང་ཧོར་གྱི་ལམ་ཡིག་འགའ་ཞིག་དང༌།ཡིད་ཆེས་པའི་ངག་འགྲོས་དག་ལ་བརྟེན་ནས་སུམ་པ་མཁན་པོས་མེ་མོ་བྱའི་ལོའི་རྒྱལ་གྱི་ཟླ་བའི་ཡར་ངོར་དབེན་གནས་བཀྲ་ཤིས་རྩེར་བྲིས་པའི་ཡི་གེ་པ་ནི་རྣམ་དཔྱོད་རབ་ཡངས་ཨུར་ཏུ་སུ་པ་བོད་སོག་གི་ལོ་ཙཱ་པ་གཽ་ཤྲི་ཆོས་རྗེ་བློ་བཟང་ཉི་མའོ།། བཀྲ་ཤིས།།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།