ལང་ཚོའི་རྦབ་ཆུ།

སྔོ་ཞིང་བསངས་པའི་ནམ་མཁའ།
དྲོ་ཞིང་འཇམ་པའི་ཉི་འོད།
ཡངས་ཤིང་ཆེ་བའི་ས་གཞི།
མཛེས་ཤིང་སྡུག་པའི་མེ་ཏོག
མཐོ་ཞིང་བརྗིད་པའི་ལྷུན་པོ།


ཨེ་མ། དེ་ལས་ཀྱང་ཉམས་དགའ་བ་ནི།
མདུན་ཕྱོགས་ཀྱི་བྲག་ངོས་གཟར་བོ་ན།
ཆིལ་ཆིལ་དུ་འབབ་པའི་རྦབ་ཆུ་རེད།

ལྟོས་དང༌།
ལྦུ་བའི་རླབས་ཕྲེང་དཀར་ཞིང་དྲི་མ་མེད་ལ།
འོད་ཀྱི་ཐེག་ལེ་ནི་རྨ་བྱའི་སྒྲོ་མདོངས།
ནེ་ཙོའི་སྒྲོ་ཐུལ།
ཟ་འོག་རི་མོ།
དབང་པོའི་གཞུ་རིས།



ཉོན་དང༌།
ཆུ་ཡི་བཞུར་སྒྲ་གསལ་ཞིང་སྙན་འཇེབས་ལྡན་ལ།
ལང་ཚོའི་གླུ་དབྱངས་ནི་དྲི་ཟའི་གླུ།
ཚངས་པའི་དབྱངས།
དབྱངས་ཅན་ངག
ཁུ་བྱུག་གདངས།

ཀྱེ། འདི་ནི་རང་བཞིན་གྱི་རྦབ་ཆུ་དཀྱུས་མ་ཞིག་མ་ཡིན་ཏེ།
བརྗིད་ཅིང་རྔམ་པའི་ཉམས།
འཇིགས་པ་མེད་པའི་སྙིང༌།
ཞུམ་པ་མེད་པའི་དཔའ།
དར་ཞིང་རྒྱས་པའི་ལུས།
མཛེས་ཤིང་འཕྱོར་བའི་རྒྱན།
སྙན་ཞིང་འཇེབས་པའི་གླུ།
འདི་ནི།
བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་ལང་ཚོའི་རྦབ་ཆུ་རེད།
འདི་ནི།
དུས་རབ་ཉི་ཤུའི་ལོ་རབས་བརྒྱད་ཅུའི་བོད་རིགས་གཞོན་ནུ་རྣམས་ཀྱི།
གསར་གཏོད་ཀྱི་སྙིང་སྟོབས།
འཐབ་འཛིང་གི་ཉམས་འགྱུར།
ལང་ཚོ་ཡི་གླུ་སྒྲ་རེད།



ཀྱེ་ཀྱེ། རྦབ་ཆུ་ཡི་ལང་ཚོ་ཡ།
ལང་ཚོ་ཡི་རྦབ་ཆུ་ཡ།
ཁྱེད་ལ་འཇིགས་པ་མེད་པའི་སྙིང་སྟོབས་དང༌།
ཞུམ་པ་མེད་པའི་སྤོབས་པ།
ཉམས་པ་མེད་པའི་ཟིལ་ཤུགས།
འཛད་མཐའ་མེད་པའི་སྟོབས་ཤུགས་འདི་ལྟ་བུ་ཞིག་ཇི་ལྟར་རྒྱས་པ་ཡིན།
རེད་ལགས། དཔྱིད་གསུམ་མཁའ་ནས་འབབ་པའི་ཆར་ཆུ།
དབྱར་གསུམ་ས་ནས་བརྡོལ་བའི་ཆུ་མིག
སྟོན་གསུམ་སད་དང་སེར་བའི་སྙིང་བཅུད།
དགུན་གསུམ་གངས་དང་ཁ་བའི་ཡང་བཅུད།

གཞན་ཡང༌།
གངས་ཆུ། རྫ་ཆུ། གཡའ་ཆུ། ནགས་ཆུ།
ན་ཆུ། རི་ཆུ། ལུང་ཆུ། ཕུ་ཆུ།
མདའ་ཆུ་མདོར་ན།
བཀྲ་ཤིས་པའི་ཆུ།
དགེ་ལེགས་འབྱུང་བའི་ཆུ།
དོན་གྲུབ་པའི་ཆུ།
ཡན་ལག་བརྒྱད་ལྡན་གྱི་ཆུ།
ཕུན་སུམ་ཚོགས་པའི་ཆུ་སྟེ།
ཆུ་ཕྲན་མི་གཅིག་བརྒྱ་དང་བརྒྱད།
ཆུ་སྣ་མི་གཅིག་ཁྲི་མ་འབུམ།
ཁྱེད་ནི་མཐུན་སྒྲིལ་གྱི་ཆུ་ཞིག་ཡིན་པས།
གཡང་གཟར་གྱི་བྲག་ལས་འབབ་པར་ཕོད།
ཁྱེད་ནི་ཡོངས་འདུས་ཀྱི་ཆུ་ཞིག་ཡིན་པས།
ངམ་རོང་གི་གཡང་ལས་མཆོང་བར་སྤོབས།
ཁྱེད་ལ་གསར་བྱུང་གི་ཆུ་སྣ་བསྡུ་བའི་སྤོབས་པ་དང་ལྡན་པས།
ཁྱེད་ཀྱི་བློ་རྒྱ་ཆེ་ཞིང་ལུས་སྟོབས་དར་ལ་ཟིལ་ཤུགས་ཆེ།
ཁྱེད་ཀྱི་བཞུར་རྒྱུན་རིང་ལ་འབབ་རྒྱུན་དྲག
ཁྱེད་ལ་སྙིགས་མ་འདོར་ཞིང་སྙིང་བཅུད་གཞིབ་པའི་ནུས་པ་དང་ལྡན་པས།
ཁྱེད་ཀྱི་ལུས་སེམས་གཙང་ལ་ལང་ཚོའི་དཔལ་ཡོན་རྒྱས།



རྦབ་ཆུ་ཡ།
ཁྱེད་ནི་ལོ་རྒྱུས་ཀྱི་དཔང་པོ་དང༌།
མ་འོངས་པའི་ལམ་འདྲེན་རེད།
ཁྱེད་ཀྱི་དྲི་མ་བྲལ་བའི་ཆུ་ཐིགས་རེ་རེའི་ནང་དུ།
གངས་ཅན་བོད་ཀྱི་འཕེལ་འགྲིབ་འཁོད་ཡོད་ལ།
ཁྱེད་ཀྱི་ཟེགས་མ་འབར་བའི་རྡུལ་ཕྲན་རེ་རེའི་ནང་དུ།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་དར་རྒུད་འདུས་ཡོད།
ཁྱེད་མེད་ན།
སྒྲ་རིག་པའི་རལ་གྲི་ལ་ངར་ཇི་ལྟར་ལྡུད།
ཁྱེད་མེད་ན།
བཟོ་རིག་པའི་ཆུ་གྲི་ལ་རྣོ་ཇི་ལྟར་འཇོག
ཁྱེད་མེད་ན།
གསོ་བ་རིག་པའི་ལྗོན་པ་རྒྱས་མི་ཐུབ་ལ།
ཚད་མའི་མེ་ཏོག་དང་ནང་རིག་འབྲས་བུའང་སྨིན་མི་སྲིད།
གཅིག་བྱས་ན།
ཁྱེད་ཀྱི་ཆུ་ཤེལ་དང་འདྲ་བའི་སེམས་ལའང༌།
ལོ་རྒྱུས་ཀྱི་རྨ་ཁ་དང༌།
དམག་འཁྲུག་གི་ནད་རྙིང༌།
རྨོངས་དད་ཀྱི་ཆུ་བུར།
རྙིང་ཞེན་གྱི་རྡུལ་ཕྲན་སོགས་མཆིས་ཀྱང་སྲིད་མོད༌།
ཡིན་ན་ཡང༌།
ཁྱེད་ལ་ལང་ཚོའི་རྔམ་བརྗིད་དང་སྐྱེས་སྟོབས་ཀྱི་དཔལ་དང་ལྡན་པས།
དགུན་གསུམ་གྱི་བཙག་གིས་ཁྱེད་ཀྱི་སེམས།
འཁྱག་རོམ་གྱི་སྒྲོམ་དུ་འཇུག་པའི་གོ་སྐབས་ནི་ནམ་ཡང་མ་མཆིས་ལ།
རླུང་འཚུབ་ཀྱི་སྤུ་གྲིས་ཁྱེད་ཀྱི་བཞུར་རྒྱུན།
ལན་བརྒྱར་གཏུབས་ཀྱང་ཆོད་པའི་ཉེས་པ་ནི་དེ་བས་ཀྱང་ག་ལ་ཡོད།
རྒྱུ་མཚན་ནི།
ཁྱེད་ཀྱི་ཆུ་མགོ་གངས་དང་སྦྲེལ་ཞིང༌།
ཁྱེད་ཀྱི་ཆུ་རྔ་རྒྱ་མཚོར་འདྲེས་ཡོད་པའི་ཕྱིར།
ཁྱེད་ཀྱི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོས།
ང་ཚོ་ལ་གཟི་བརྗིད་དང་ལ་རྒྱ་གནང་བ་དང༌།
ཁྱེད་ཀྱི་དུས་རབས་ཀྱི་བཞུར་སྒྲ་སྙན་མོས།
ང་ཚོ་ལ་བསྐུལ་མ་དང་སྟོབས་ཤུགས་བསྩལ་བྱུང༌།

གསན་བྱུང་ངམ།
རྦབ་ཆུ་ལགས།
བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་དྲི་བ་འདི་དག་ཁྱེད་ཀྱིས་གསན་པ་ཨེ་བྱུང༌།
སྙན་ངག་གི་རྟ་མཆོག་སྐོམ་པས་གདུངས་ན་ཇི་ལྟར་བྱ།
སྡེབ་སྦྱོར་གྱི་གླང་ཆེན་ཚ་བས་གཙེས་ན་ཇི་ལྟར་བྱ།
མངོན་བརྗོད་ཀྱི་སེང་གེ་དྲེགས་པས་གཟེར་ན་ཇི་ལྟར་བྱ།
ཟློས་གར་བུ་ཆུང་དྭ་ཕྲུག་ཏུ་ལུས་ན་ཇི་ལྟར་སྐྱོང༌།
སྐར་རྩིས་ཀྱི་ཕ་ཤུལ་སྟོང་བར་ལུས་ན་སུ་ཡིས་འཛིན།
ཚན་རིག་གི་གཞོན་ནུ་མག་པར་ལེན་ན་བསུ་བར་ཇི་ལྟར་བགྱིད།
ལག་རྩལ་གྱི་བུ་མོ་བག་མར་བསུ་ན་ཁྱོ་བོ་སུ་ཡིས་བྱ།



ལགས་སོ། རྦབ་ཆུ་ལགས།
ཁྱེད་ཀྱི་དྭངསས་ཤིང་གསལ་ལ་སྙན་ཞིང་འཇེབས་པའི་གླུ་སྒྲ་ལས་བྱུང་བའི་ལན་དེ་དག
ང་ཚོའི་སེམས་ལ་རྡོ་ལ་རི་མོ་བརྐོས་པ་ལྟར་བཟུང་ཡོད།
ངོ་མ།
མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱི་ད་ལྟའི་ཚབ་བྱེད་མི་རུང་ལ།
བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད།
རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ།
དུས་དང་མཐུན་པའི་སྲོག་གི་དབང་པོ་མ་ཞུགས་ན།
ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ།
སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང༌།
མདུན་བསྐྱོད་ཀྱི་གོམ་པ་ནི་དེ་བས་ཀྱང་ངོ༌།

ཀྭ་ཡེ། རྦབ་ཆུ་ལགས།
ཁྱེད་ཀྱི་ཆལ་ཆིལ་གཡོ་བའི་རླབས་ཕྲེང་དང༌།
ལང་ལོང་འཐོར་བའི་ཟེགས་མ་ལས།
ང་ཚོ་སྟེ།
བོད་གངས་ཅན་གྱི་མི་རབས་གསར་པའི་སྟོབས་ཤུགས་མཚོན་པ་དང༌།
ཁྱེད་ཀྱི་ཤང་ཤང་འབབ་པའི་ཆུ་རྒྱུན་དང༌།
འུར་འུར་བཞུར་བའི་ཆུ་སྒྲ་ལས།
ང་ཚོ་སྟེ།
བོད་གངས་ཅན་གྱི་མི་རབས་གསར་པའི་ཕུགས་བསམ་མངོན་འདུག
རྨོངས་ཞེན། བག་འཁུམ། རྨོངས་དད། ལེ་ལོ།
ང་ཚོའི་མི་རབས་འདིར་འཇུག་ཡུལ་གཏན་ནས་མེད།
རྗེས་ལུས། ཀླ་ཀློ། མུན་ནག ལོག་སྤྱོད།
ང་ཚོའི་མི་རབས་འདིར་གནས་ས་ཡེ་ནས་མེད།



རྦབ་ཆུ་ཡ་རྦབ་ཆུ།
ང་ཚོའི་སེམས་ནི་ཁྱེད་ཀྱི་འགྲོས་དང་བསྟུན་ནས་གཡོ་བ་དང༌།
ང་ཚོའི་ཁྲག་ཀྱང་ཁྱེད་ཀྱི་རྒྱུན་དང་འགྲོགས་ནས་བཞུར་གྱིན་ཡོད།
མ་འོངས་པའི་ལམ་ཁར།
ཀྱག་ཀྱོག་སྔར་ལས་ཆེ་ཡང༌།
བོད་ཀྱི་གཞོན་ནུ་རྣམས་འཇིགས་པའི་གོ་སྐབས་བྲལ་ཞིང༌།
ང་ཚོས་རང་རེའི་མི་རིགས་འདིར།
མདུན་བསྐྱོད་ཀྱི་ལམ་བུ་གསར་པ་ཞིག་འབྱེད་ངེས་ཡིན།

ལྟོས་དང༌།
གྲལ་འགྲིག་པའི་རུ་དཔུང་དེ་ནི།
བོད་གངས་ཅན་གྱི་མི་རབས་གསར་པ་རེད།
ཉོན་དང༌།
འགྲོས་མཉམ་པའི་གླུ་སྒྲ་དེ་ནི།
བོད་གངས་ཅན་གྱི་གཞོན་ནུའི་གོམ་སྒྲ་རེད།
འོད་གསལ་གྱི་ལམ་ཆེན།
གཟི་བརྗིད་ཀྱི་ལས་འགན།
བདེ་སྐྱིད་ཀྱི་འཚོ་བ།
འཐབ་འཛིང་གི་གླུ་དབྱངས།
རྦབ་ཆུའི་ལང་ཚོ་ལ་ཡལ་བ་མེད་ཅིང༌།
ལང་ཚོའི་ཆུ་ནི་དེ་བས་ཀྱང་ཉམས་པ་མེད།
འདི་ནི།
བོད་གངས་ཅན་གྱི་གཞོན་རབས་རྣམས་ཀྱི་ངག་ལས་བྱུང་བའི་ལང་ཚོའི་རྦབ་ཆུ་རེད།
འདི་ནི།
བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་སེམས་ན་འབབ་པའི་ལང་ཚོའི་རྦབ་ཆུ་རེད།

དོན་གྲུབ་རྒྱལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༩༢༠༡༧༠༩༤༠
བློ་བཟང་རྣམ་རྒྱལ།
སྙན་ངག་གི་རྟ་མཆོག་ངོ་མ་སྐོམ་ཞིང་འདུག།



བརྗོད་གཞི་གཞན་ཁག་ལ་གཟིགས།