འཇིགས་པ་མེད་པ་ཟེར་བ་དེ་བོད་བསྒྱུར་བྱས་འདུག

རྩོམ་པ་པོ། ཨན་སང་སུ་ཀྱི (Aun Sung Su Kyi )
ཕབ་བསྒྱུར་བ། ལྡན་མ་བྱམས་པ་ཆོས་དབང་།
མཆོ་སྔོན་པོའི་ཟིན་བྲིས་ལས་བཏུས།
འགྲོ་བ་མི་རྣམས་སྐྱོན་ཅན་དུ་བསྒྱུར་བར་བྱེད་མཁན་ནི། དབང་ཤུགས་ཀྱིས་བྱེད་པ་མ་ཡིན་པར་འཇིགས་སྣང་དབང་གིས་ཡིན། དབང་ཆ་ལོངས་སུ་སྤྱོད་མཁན་རྣམས་ནི་རང་གི་དབང་ཤུགས་བརླག་པར་དོགས་པའི་འཇིགས་པས་རང་རྒྱུད་མ་རུངས་པར་བྱེད་པ་དང་། དབང་འོག་ཏུ་ཚུད་པ་རྣམས་ནི་གོང་མའི་བཀའ་ཆད་ཅི་ཕོག་གི་འཇིགས་སྣང་གིས་རང་རྒྱུད་བསླད་པར་བྱེད། འབར་མ་མི་རིགས་མང་ཆེ་བ་ནི་མ་རུངས་པ་རིགས་བཞི་༼ཉོན་མོངས་བཞི།༽ Four a-gati སྐོར་ལ་གོམས་འདྲིས་ཆེན་པོ་ཡོད། འདོད་ཆགས་ཀྱིས་མ་རུངས་པ་བཟོ་བའི་ཆ་ Chanda-gati དེས་རང་ཉིད་ཡང་དག་པའི་ལམ་ལས་ལྡོག་ཅིང་ལྐོག་རྔན་གྱི་དངུལ་ལ་བརྟེན་ནས་རང་ལ་ཉེ་བའི་འབྲེལ་ཐོགས་ཀྱི་འདོད་དོན་ལ་གཙོ་བོར་འཇུག་པར་བྱེད། Dosa-gati ཞེས་པ་དེས་ལོག་པའི་ལམ་ལ་བརྟེན་ནས་རང་ཉིད་ཞེ་འཁོན་ཡུལ་ཕ་རོལ་པོ་ལ་ཁ་གཏད་གཅོག་ཏུ་འཇུག Moga-gati ཞེས་པ་ནི་གཏི་མུག་མ་རིག་པ་ལ་བརྟེན་ནས་ལམ་ལ་འཇུག་ལྡོག་འཆེལ་བར་བྱེད། འོན་ཀྱང་བཞི་པོ་དེ་དག་ལས་ཉེན་ཚབས་ཆེ་ཤོས་ནི་ Bhaya-gati ཞེས་པ་འདིཡིན། དེས་རང་ཉིད་འཇིག་པར་བྱེད་ཅིང། ཞེ་བརྣང་པ་དང་། ལེགས་ཉེས་དཔྱོད་པའི་ཤེས་རབ་ཡོངས་རྫོགས་དལ་བུར་བརླག་པར་བྱེད། དེས་ཉོན་མོངས་གཞན་གསུམ་གྱི་རྩ་བའི་རྟེན་དུ་བྱེད། Chanda-gati ནི་འདོད་རྔམས་ཁོ་ན་ལས་བྱུང་བའི་ངེས་པ་མེད་པས་རང་དང་སེམས་ཐག་ཉེ་བའི་མཐུན་ལམ་དེ་བརླག་པའམ་ཆད་པའི་འཇིགས་སྣང་ལས་བྱུང་བའང་ཡོད། དེ་བཞིན་དུ་རང་ལས་གོང་དུ་བརྒལ་བའམ་རང་ཉིད་ཁ་སྐྱེངས་པའམ་ཉམས་རྨས་པར་དོགས་པའི་འཇིགས་སྣང་གང་ཡང་མེད་པའི་ཐོག་རང་དབང་གིས་བདེན་པ་འཚོལ་མི་ནུས་པ་དེ་སྲིད་དུ་རང་རྒྱུད་ཀྱི་ལོག་རྟོག་མ་རིག་པ་སེལ་རྒྱུ་དཀའ་མོ་ཡིན། འཇིགས་སྣང་དང་མ་རུང་པའི་ལས་གཉིས་དབར་འབྲེལ་བ་ཤིན་ཏུ་ཆེ་བས་ཚོགས་སྡེ་གང་དུ་འཇིགས་སྣང་གིས་ཁྱབ་པ་ན་མ་རུང་པའི་ལས་རྣམ་པ་མི་འདྲ་བས་རབ་ཏུ་བསྐོར་བར་མངོན་པ་དེར་ཡ་མཚན་རྒྱུ་ཆེར་མེད།

མི་མང་ལ་དཔལ་འབྱོར་དཀའ་ངལ་གྱི་འདོད་བློ་མ་ཁེངས་པ་ནི། འབར་མའི་ཡུལ་ནང་དམངས་གཙོའི་ལས་འགུལ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། དེ་ནི་ ༡༩༨༨ ལོར་སློབ་ཕྲུག་ཀྱི་ངོ་རྒོལ་ལས་འགུལ་གྱིས་མེ་སྟག་མཆེད་པ་རེད། རྒྱལ་ཁབ་འདི་ལ་དཔལ་འབྱོར་ཐོག་བསྟུད་མར་ཡ་ཡོར་གྱིས་ཉམས་ཉེས་ཆེན་པོ་བྱུང་བ་ནི་བདེན་པ་ཡིན། དེའི་རྒྱུ་རྐྱེན་ནི། ལོ་ནས་ལོ་བསྟུད་ཀྱི་གཞུང་གི་སྲིད་བྱུས་ཕན་འབྲས་མེད་པ་དང་། འོས་མཚམས་མེད་པའི་གཞུང་གི་འཆར་གཞི་དང་། ཡུལ་ཐང་གོང་ཚད་འཕར་ཆ་གནམ་ལ་བསྙེག་པ་དང་། དེ་བཞིན་དུ། ཡོང་བབ་ཐོན་སྐྱེད་ཚད་གཞི་ལྷུང་བ་བཅས་ཡིན། འོན་ཀྱང་། དེ་ནི་མི་མང་གི་སྲོག་འཚོ་བའི་ཆུ་ཚད་ཀྱི་དཀའ་ངལ་དམར་རྗེན་དུ་སྟོན་པ་ཡིན། དཀའ་ངལ་དེས་རང་གཤིས་བཟང་པོ་དང་། ཞི་བདེ་ལ་གོམས་གཤིས་ཡོད་པའི་མི་མང་རྣམས་ཀྱི་བཟོད་བསྲན་དེ་ཉིལ་ཟད་དུ་བཏང་། དེ་ནི་འཇིགས་སྣང་དང་། མ་རུངས་པའི་ལས་ལ་བརྟེན་པའི་འཚོ་བའི་ལམ་ལུགས་ལ་དམའ་འབེབས་ཁྱད་གསོད་ཀྱང་ཡིན།
སློབ་ཕྲུག་རྣམས་ཀྱིས་ངོ་རྒོལ་རྒྱག་དགོས་དམིགས་ནི། རང་གི་བློ་མཐུན་མཆེད་གྲོགས་འདས་གྲོངས་སུ་ཕྱིན་པ་རྣམས་ལ་རྒྱབ་སྐྱོར་མ

ཆོན་བྱེད་ཙམ་མིན། སྲིད་དབང་གཅིག་བསྡུས་རིང་ལུགས་ཀྱིས་རང་གི་མི་ཚེའི་ལྷན་སྐྱེས་ཐོབ་ཐང་འཕྲོག་པ་དང་། མི་ཚེ་དོན་མེད་ཅིག་ཏུ་བསྐྱུར་བ། མ་འོངས་པ་རེ་བའི་དམིགས་རྟེན་སྟོང་པ་ཞིག་ཏུ་བསྒྱུར་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་ཡང་ཡིན། སློབ་ཕྲུག་གྱེན་ལོག་དེས་མི་མང་སྤྱི་བྱིངས་ཀྱི་ཞེ་སུན་པའི་གནས་དོན་གསལ་སྟོན་བྱེད་པའི་རྒྱུ་མཚན་ལ་བརྟེན་ནས་ངོ་རྒོལ་དེ་གློ་བུར་དུ་རྒྱལ་ཡོངས་ལས་འགུལ་ཤིག་ཏུ་བསྒྱུར། དེར་རྒྱབ་སྐྱོར་ཤུགས་ཆེར་བྱེད་མཁན་རིགས་གཅིག་ནི་ཚོང་པ་འབྱོར་ལྡན་དག་ཡིན། ཁོང་ཚོ་ནི་རང་གི་རྣམ་དཔྱོད་དང་ལུས་པོའི་རྩལ་བསྐྱེད་པ་དང་། གོང་མར་སྐབས་བསྟུན་འབྲེལ་བ་བྱེད་པ་བརྒྱུད་སྤྱི་ཚོགས་ལམ་ལུགས་འདིའི་ཁྲོད་འཚོ་གནས་འཕེལ་རྒྱས་ཕྱིན་པ་དག་ཡིན། འོན་ཀྱང་ཚོང་པ་དག་གི་འབྱོར་པས་ཁོང་ཚོར་འཚོ་བའི་སྲུང་སྐྱོབ་དང་འདོད་བློ་ཁེངས་པ་དོན་དམ་པར་འབྱིན་གིན་མེད། གལ་སྲིད་ཁོང་ཚོ་དང་གྲོགས་མི་མང་རྣམས་ལ་དོན་ལྡན་གྱི་འཚོ་གནས་ཐོབ་དགོས་ཚེ། དཔལ་འབྱོར་ལྡང་ངེས་ཡོད་མིན་ལ་མ་ལྟོས་པར་མི་མང་གི་འགན་འཁྲི་འཁྱེར་ཐུབ་པའི་སྲིད་གཞུང་ཞིག་དགོས་པ་ནི་མེད་དུ་མི་རུང་བ་ཡིན། འཚོ་བའི་ཐད་སྣང་མེད་དུ་བསྐྱུར་བའི་འབར་མའི་མི་མང་རྣམས་ནི་དཔོན་པོ་དབང་ཤུགས་ཅན་གྱི་ལག་པའི་འཕོར་པ་ནང་གི་ཆུ་དང་འདྲ་བར་གནས་སྟངས་ངེས་གཏན་མེད་པར་ལུས་པས་ཡིད་མུག་གིས་ཁེངས་ཡོད།

ང་ཚོ་ནི། མརྒད་རྡོ་ལྷད་མེད་ཡིན་རུང་།
ལག་པའི་ཕོར་པ་ནང་གི་ཆུ་དང་འདྲ།
འོན་ཀྱང་། ང་ཚོ་ནི།
ལག་པའི་ཕོར་པ་ནང་གི
ཤེལ་ཆག་གྲུམ་ཅན་དང་འདྲ་བར་ཡིན་ཆོག

ཤེལ་ཆག་གྲུམ་རྣམས་ཇི་ལྟར་ཆུང་རུང་རང་གི་རྩེ་རྣོ་བ་དང་། འོད་འཕྲོ་བ་ལ་བརྟེན་ནས་རང་ཉིད་གཏོར་བརླག་བྱེད་མཁན་ལག་པ་ལས་སྲུང་སྐྱོབ་བྱེད་པའི་དཔེ་དེས། གཉའ་གནོན་དམ་པོའི་འོག་ལས་གྲོལ་ཐབས་བྱེད་པའི་དཔའ་བོ་རྣམས་ཀྱི་རང་གཤིས་ཁྱད་ཆོས་སྙིང་སྟོབས་མེ་མཆེད་གསལ་པོ་མཚོན་པར་བྱེད། བྷོ་ཡོག་ ཨང་སན་Bhgyoke Aung Sen གྱིས་རང་ཉིད་གྱེན་ལོག་པ་ཞིག་ཏུ་བརྩིས་ནས་འབར་མ་ཡུལ་གྱི་གཉའ་གནོན་དུས་རབས་སྐབས་སུ་འཕྲད་པའི་དཀའ་ངལ་ལ་གདོང་ལེན་གྱི་ལན་འདེབས་འཚོལ་ཞིབ་ཤུགས་ཆེར་བྱེད། ཁོང་གིས་མི་མང་ལ་སྙིང་སྟོབས་བསྐྱེད་ཆེད་བསྐུལ་མ་བྱས་དོན། གཞན་གྱི་སྙིང་སྟོབས་དང་། དཔའ་རྩལ་ཁོ་ན་ལ་བློ་བཅོལ་ནས་སྡོད་མི་རུང་། རང་རང་སོ་སོའི་ངོས་ནས་བློས་གཏོང་གིས་དཔའ་རྩལ་དང་། སྙིང་སྟོབས་ལྡན་པའི་དཔའ་བོ་ཞིག་ཏུ་བསྒྱུར་བར་བྱེད་དགོས། དེ་ལྟར་བྱུང་ན་ངེད་ཅག་ཚང་མ་རང་དབང་གཙང་མའི་དཔལ་ལ་ལོངས་སུ་སྤྱོད་ཐུབ། ཅེས་གསུངས།

འཇིགས་སྣང་གིས་འོག་འཚོ་བའི་སྤྱི་ཚོགས་ནི་ཁོར་ཡུག་བག་ཕེབས་དང་རུལ་སུངས་མེད་པ་གཅིག་ཏུ་གནས་རྒྱུར་བརྩོན་པ་བསྐྱེད་དགོས་པ་མཐོང་མོད། དྲང་བདེན་ཁྲིམས་ཀྱིས་དབང་བསྒྱུར་བའི་སྤྱི་ཚོགས་ནང་འཚོ་བའི་སྐྱེ་འགྲོ་བསོད་ཅན་དག་ལ་དེ་འདྲའི་བརྩོན་པ་མངོན་གསལ་དོད་པོ་བསྐྱེད་གིན་མེད། སྒྲིག་ཁྲིམས་ཀྱིས་སྐྱེ་བོ་ནག་ཉེས་ཅན་དག་ལ་ཉེས་ཆད་འགེལ་ནས་ཚུལ་མིན་གྱི་བྱ་སྤྱོད་དག་འགོག་པ་བྱེད་པ་ཁོ་ན་མིན། དེ་དག་གིས་དྲང་བདེན་ཚོགས་སྡེ་ཞིག་ཀྱང་བསྐྲུན་རྒྱུར་རམ་འདེགས་བྱས་ཤིང་། དེ་ལྟར་བྱུང་ན་དེར་གནས་སྐྱེ་བོ་རྣམས་ཀྱིས་ཚུལ་མིན་བྱ་སྤྱོད་ལས་ཡོངས་སུ་དོར་ནས་འགྲོ་བ་མིའི་ཆེ་མཐོང་སྲུང་སྐྱོབ་བྱ་རྒྱུར་གཞི་རྩའི་དགོས་མཁོ་བསྒྲུབ་ཐུབ། དེ་ལྟ་བུའི་སྒྲིག་ཁྲིམས་དེ་མེད་པར་གྱུར་ཚེ་དྲང་བདེན་དང་ཡ་རབས་ཀྱི་ལྟ་གྲུབ་ཉར་ཚགས་བྱ་རྒྱུའི་འགན་ཁུར་དེ་མི་མང་དཀྱུས་མའི་སྟེང་དུ་ལྷུང་ཡོད། སྤྱི་ཚོགས་ཡོངས་ཀྱི་བརྩོན་པ་ཧུར་བསྐྱེད་དང་བཟོད་སྲན་རྒྱུན་མཐུད་བགྱིད་པའི་འབྲས་བུར་རྒྱུ་མཚན་དང་ལེགས་ཉེས་རྣམ་དཔྱོད་ཀྱིས་སྟོང་ཞིང་། འཇིགས་སྣང་གིས་རབ་ཏུ་གཡོགས་པའི་རྒྱལ་ཁབ་དེ་དྲང་བདེན་ཁྲིམས་ལྡན་ཞིག་ཏུ་བསྒྱུར་ནུས། དེ་ལ་བརྟེན་ནས་ཉེན་ཚབས་ཆུང་བའི་རང་བཞིན་ལ་བཟོད་སྲན་བྱ་རྒྱུ་དང་། འཆམ་མཐུན་དང་དྲང་བདེན་གཉིས་པོ་སྟེ་འགྲོ་བ་མིའི་མངོན་འདོད་གོང་མཐོར་འདེགས་ནུས།

འཕྲུལ་གསར་ཧ་ཅང་ཚད་མཐོ་བས་དམག་གི་གོ་མཚོན་གདུག་པ་ཅན་བཟོ་བསྐྲུན་བྱས་པ་དང་། དེ་ཡང་ཁྲིམས་མེད་དབང་ཤུགས་ཅན་རྣམས་ཀྱིས་སྐྱབས་མེད་ཉམས་ཐག་རྣམས་ལ་དབང་བསྒྱུར་ཆེད་ལོངས་སུ་སྤྱོད་པའི་དུས་རབས་འདིར། ཆབ་སྲིད་དང་ཚུལ་མཐུན་གྱི་ཁྲིམས་གཉིས་ཟུང་འབྲེལ་དགོས་པ་ནི་རྒྱལ་ནང་དང་རྒྱལ་སྤྱི་གནད་དོན་གང་ལ་ལྟོས་ཀྱང་མེད་དུ་མི་རུང་བ་ཞིག་ཡིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་འགྲོ་བ་མི་དང་ཚོགས་སྡེ་ཡོངས་རྫོགས་ཀྱིས་གཞི་རྩའི་ཐོབ་ཐང་དང་རང་དབང་གོང་མཐོར་འདེགས་རྒྱུར་བརྩོན་པ་བསྐྱེད་དགོས་པ་དང་། དེ་ནི་མི་རིགས་དང་རྒྱལ་ཁབ། ཆོས་ལུགས་དབྱེར་མེད་ཀྱི་འགྲོ་བ་མི་ཡོངས་རྫོགས་ལ་དབང་བ་ཞིག་ཡིན་པ་གསལ་ཡོད། འོན་ཀྱང་། མི་མང་གི་མངོན་འདོད་ལྟར་མ་ཡིན་པར་བཙན་ཤུགས་ཀྱི་འོག་ནས་འཛུགས་པའི་སྲིད་གཞུང་དང་ཕུགས་རྒྱང་རིང་བའི་ཞི་བདེ་དང་འཕེལ་རྒྱས་ལས་གནས་སྐབས་ཀྱི་ཁེ་ཕན་ལ་གཙོར་བཟུང་བྱེད་པའི་ཚོགས་སྡེ་སྐབས་འཚོལ་བའི་རིགས་ཡོད་པ་དེ་སྲིད་དུ། འགྲོ་བ་མིའི་ཐོང་ཐང་སྲུང་སྐྱོབ་དང་། གོང་མཐོར་འདེགས་པའི་རྒྱལ་སྤྱི་མཉམ་མཐུན་གྱི་ལས་འགུལ་མུ་མཐུད་མངོན་གསལ་དོད་པོར་གནས་རྒྱུ་རེད། གཉའ་གནོན་འོག་གནས་པའི་ཉམ་ཐག་སྐྱེ་བོ་རྣམས་ཀྱིས་འགྲོ་བ་མིའི་ཁྱིམ་ཚང་གི་ནང་མི་ལ་དབང་བའི་ལྷན་སྐྱེས་ཐོབ་ཐང་དག་སྲུང་སྐྱོབ་བྱ་ཕྱིར་རང་རྒྱུད་ཀྱི་ཐབས་རྩལ་བཏོན་ནས་འཐབ་རྩོད་ཀྱི་ར་བ་མུ་མཐུད་བསྐྲུན་རྒྱུ་རེད།

གྱེན་ལོག་བྱེད་པའི་སྙིང་པོ་ནི། གཞན་རྒྱུད་ཀྱི་རྣམ་ཤེས་ལ་དམིགས་པ་ཞིག་ཡིན། དེ་ཡང་ཚད་མས་དྲངས་པའི་ཡིད་ཆེས་བརྟན་པའི་སྒོ་ནས་གཞན་གྱི་སེམས་ཀྱི་རྣམ་རྟོག་དང་། དེའི་གནས་སྟངས་བཅས་ལ་བཅོས་བསྒྱུར་བྱ་དགོས་པ་མཐོང་། རྒྱུ་མཚན་ནི། རྒྱལ་ཁབ་ཡར་རྒྱས་ཀྱི་ལམ་བུ་བཀོད་སྒྲིག་ནི་གཙོ་བོ་ནང་གི་རྣམ་ཤེས་བརྒྱུད་ནས་འོངས་པ་ཡིན། ཡང་གཞུང་གི་སྲིད་བྱུས་དང་ཚོགས་སྡེ་ཁག་བཅོས་བསྒྱུར་ཁོ་ན་ལ་དམིགས་ནས་དཔལ་འབྱོར་གནས་སྟངས་གོང་འཕེལ་གྱི་བསམ་བློ་བཅངས་ནས་གྱེན་ལོག་བྱེད་པ་དེར་དོན་དམ་པའི་གྲུབ་འབྲས་འབྱུང་རྒྱུར་རེ་བ་ཧ་ཅང་ཕྲ། ནང་གི་གཤིས་རྒྱུད་ལ་དམིགས་པའི་གྱེན་ལོག་མ་བྱུང་བ་དེ་སྲིད་དུ། ཆ་མ་སྙོམས་པའི་སྔ་མོ་ལམ་ལུགས་དེ་མུ་མཐུད་བཀོལ་སྤྱོད་བྱེད་པའི་རྐྱེན་གྱིས་བཅོས་བསྒྱུར་དང་གསར་བརྗེའི་ལམ་ལུགས་ལ་དོ་ཕོག་ཚབས་ཆེ་འཕྲད་རྒྱུ་རེད། རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཆེད་འབོད་སྒྲ་སྒྲོག་པ་ཁོ་ནས་འདང་གིན་མེད། གཅིག་སྒྲིལ་གྱི་ཐག་གཅོད་དེ་ལས་འགུལ་ནང་གི་དཀའ་སྤྱད་ཀྱི་བཟོད་པ་དང་། དྲང་བདེན་རྒྱུན་གནས་ཀྱི་མིང་བྱང་འོག་གང་ཡང་བློས་གཏོང་བྱེད་པ། འདོད་ཆགས་དང་ཞེ་སྡང་། གཏི་མུག འཇིགས་སྣང་གི་ཤུགས་རྐྱེན་འོག་ཚུལ་མིན་བྱ་སྤྱོད་སྤེལ་བ་ལ་འགོག་རྒོལ་བྱ་ཐུབ་པ་བཅས་ངེས་པར་དགོས་པ་ཡིན།

ནམ་རྒྱུན་བཤད་སྲོལ་ལ་སྐྱེས་བུ་དམ་པའམ་ཡེ་ཤུའི་ཆོས་ལུགས་བླ་མ་ནི་བྱ་བ་གལ་ཆེན་བསྒྲུབ་པའི་ཆེད་འབད་རྩོལ་མུ་མཐུད་བྱེད་དགོས་པས་སྡིག་ཅན་པ་ཡིན། དེ་བཞིན་དུ། རང་དབང་ཅན་གྱི་སྐྱེ་བོ་དག་ནི་གཉའ་གནོན་འོག་ཚུད་རྒྱུ་རེད། རྒྱུ་མཚན་ནི། དེ་དག་གིས་མུ་མཐུད་ཐབས་ཤེས་སྣ་མང་བསྟེན་དགོས་པ་དང་། རང་ཉིད་ཀྱི་ཉེ་འཁོར་སྤྱི་ཚོགས་རང་དབང་ཅན་ཞིག་ཏུ་བསྒྱུར་རྒྱུར་སྒྲིག་ཁྲིམས་རྒྱུན་འཛིན་དང་། ལས་འགན་ཕྲག་པར་བཞེས་གནང་དགོས་པ་ཡིན། འགྲོ་བ་མིའི་མངོན་འདོད་ཀྱི་གཞི་རྩའི་རང་དབང་ཁྲོད་ནས་འཇིགས་སྣང་ལས་གྲོལ་བ་ནི་འཕྲལ་ཕུགས་གཉིས་ཀར་གཙོ་བོ་ཡིན། དེ་ལྟར་བྱུང་ན་དེ་དག་གི་མི་ཚེ་དེ་ཆ་ཚང་བ་དང་། གནོན་བཙིར་བྱེད་པོ་གང་ཡང་མེད་པ་ཅིག་འབྱུང་རྒྱུ་རེད། རྒྱལ་ཁབ་སྟོབས་ཆེན་དང་དམངས་གཙོ་ལྡན་པའི་ཚོགས་སྡེ་སྲ་བརྟན་ཅན་ཞིག་བསྐྲུན་པ་ལ་ཐོག་མར་རང་རྒྱུད་དེ་འཇིགས་སྣང་དང་བྱིང་རྨུགས་ལས་གྲོལ་ཐབས་ཤེས་དགོས།

རང་ཉིད་ཀྱིས་གང་བཤད་པའི་ནང་དོན་དེ་རྒྱུན་དུ་རང་ཉིད་ཀྱིས་ལག་ལེན་བསྟར་དགོས་པ་ཡིན། ཨན་སང་རང་ཉིད་ཀྱིས་རྒྱུན་དུ་ལྷག་བསམ་སྙིང་སྟོབས་གསལ་སྟོན་བྱེད་ཡོད། དེ་ཡང་ཕྱི་རོལ་གྱི་རྣམ་པ་རྐྱང་པ་མ་ཡིན་པར་དྲང་བདེན་གྱི་གནད་དོན་རིགས་བཤད་ཕོད་པ་དང་། རང་ཚིག་བདེན་ཐོག་ལ་གནས་པ། གཞན་གྱི་སྐྱོན་བརྗོད་ངོས་ལེན་བྱེད་ནུས་པ། རང་སྐྱོན་རང་གིས་ཁས་ལེན་པ། རང་གི་ནོར་འཕྲུལ་ཡོ་བསྲང་བྱེད་པ། ལྟ་བ་ཕྱོགས་འགལ་ཅན་ལ་གུས་ཞབས་བྱེད་པ། དགྲ་དང་ལྷན་དུ་ཞི་མོལ་བྱེད་པ། དབུ་ཁྲིད་རང་ཉིད་ཀྱི་རིན་ཐང་གི་དཔང་པོ་དེ་མི་མང་གིས་མཚོན་པར་བྱེད་ནུས་པ་བཅས་ཀྱང་ཡིན། གོང་གི་ལྷག་བསམ་དང་སྙིང་སྟོབས་ཀྱི་ཁྱད་ཆོས་དང་ལྡན་པའི་རྒྱུ་མཚན་ལས་འབར་མའི་ཡུལ་ནང་ཁོང་ལ་དགའ་མོས་དང་། གུས་བརྩི་རྒྱུན་དུ་བྱེད་བཞིན་ཡོད། ཁོང་ནི་རྒྱལ་ཁབ་ཀྱི་དཔའ་བོ་ཁོ་ན་མ་ཡིན་པར་མིག་དཔེ་བྱ་ཡུལ་དང་ལེགས་ཉེས་རྣམ་དཔྱོད་མཚོན་པའི་བླ་སྲོག་ལྟ་བུར་གྱུར་ཡོད། རྒྱ་གར་རང་བཙན་ཐབ་རྩོད་པ་ནེ་རུ་ཡིས་བདག་ཉིད་ཆེན་པོ་གྷན་དྷི་ཇྷི་ཡི་ཁྱད་ཆོས་བརྗོད་པའི་རྗོད་བྱེད་ཚིག་དེ་ཨན་སང་ཁོང་ལ་ཡང་ལེགས་པར་དོན་ལ་གནས་པ་ཡིན། ནེ་རུ་ཡིས་བརྗོད་དོན། ཁོང་གི་《གྷན་དྷི་》འཆད་བྱ་ཆོས་ཀྱི་སྙིང་པོ་ནི་འཇིགས་པ་མེད་པ་དང་དྲང་བདེན། དེ་གཉིས་ལ་འཇུག་པའི་ལས། དེ་བཞིན་དུ། རྒྱུན་དུ་མི་མང་གི་བདེ་སྡུག་གཙོ་བོར་འཛིན་རྒྱུ་བཅས་ཡིན། ཞེས་གསལ།
གྷན་དྷི་ཇྷི་ནི་འཚེ་མེད་ཞི་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་དང་། ཨན་སང་ནི་རྒྱལ་ནང་གི་དམག་མི་གསར་འཛུགས་གནང་མཁན་ཡིན་པས་ཁོང་གཉིས་རང་ལྡོག་གི་གཤིས་རྣམ་ལ་ཁྱད་པར་ཡོད་པར་མངོན་ཀྱང་། གཞི་རྩའི་ཁྱད་ཆོས་ཀུན་ནས་མཚུངས་པ་ཡིན་པ་ནི། དུས་དང་གནས་སྐབས་ཀུན་ཏུ་མི་གཅིག་དབང་བསྒྱུར་གྱི་ལམ་ལུགས་ལ་ཐད་ཀར་ཡར་ལང་གིས་གདོང་ལེན་བྱེད་པ་དེ་ཡིན། གྷན་དྷི་ཡི་མཛད་རྗེས་ཆེ་ཤོས་ནི། རྒྱ་གར་མི་མང་གི་རྒྱུད་ལ་སྙིང་སྟོབས་སྐྱེད་སྤེལ་བྱེད་པ་དེ་ཡིན་པ་ནེ་རུ་ཡིས་ངོས་ལེན་བྱེད་ཀྱང། ཁོང་ནི་དེང་རབས་ཀྱི་སྲིད་དོན་པ་ཞིག་ཡིན། ཁོང་གིས་དུས་རབས་ཉི་ཤུ་པའི་སྐབས་ཀྱི་རང་བཙན་འཐབ་རྩོད་ལས་འགུལ་ལ་དཔྱད་པ་བྱེད་པ་ན་སྙིང་པོ་ཡོད་པ་མཐོང་ནས་གནའ་བོའི་རྒྱ་གར་རིག་པའི་གཞུང་ལ་ཕྱིར་ལོག་བྱ་དགོས་བྱུང། ཁོང་གིས་གསུངས་དོན། སྐྱེས་བུ་སྒེར་རམ་རྒྱལ་ཁབ་ཞིག་ལ་མཚོན་ན་རང་བྱུང་གི་རིག་རྩལ་གལ་ཆེ་ཤོས་ལྡན་དགོས་པ་ནི། ཨ་བྷ་ཡ་སྟེ་འཇིགས་པ་མེད་པ་དེ་ཡིན། དེ་ཡང་ཕྱི་གཟུགས་པོའི་སྟོབས་ཤུགས་ཁོ་ན་མིན་པར་ནང་སེམས་རྒྱུད་ལ་འཇིགས་སྣང་གྲོལ་བ་ཞིག་དགོས།

འཇིགས་པ་མེད་པ་ཞེས་པ་དེ་རང་བྱུང་གི་སྐྱེས་རྩལ་ཞིག་ཡིན་སྲིད། འོན་ཀྱང་དེ་བས་རིན་ཐང་ཆེ་བ་ནི་འབད་རྩོལ་བྱེད་པ་བརྒྱུད་ལྷག་བསམ་སྙིང་སྟོབས་སྐྱེད་པར་བྱེད་པ་དང་། རང་གི་བྱ་གཞག་ལ་འཇིགས་སྣང་གི་བཀོད་སྒྲིག་བྱེད་པ་ལས་ལྡོག་པའི་གོམས་གཤིས་བསྟེན་པ་ལས་སྙིང་སྟོབས་བསྐྱེད་པར་བྱེད་པ་དང་། གནོན་ཤུགས་འོག་གི་བརྗིད་ཉམས་ལྟ་བུའི་སྙིང་སྟོབས་སྐྱེད་དགོས། དེ་ཡང་། གནོན་ཤུགས་རྒྱུན་ཆད་མེད་པ་དང་། གདུག་རྩུབ་ཀྱི་ཁ་འོག་ན་གནས་ཀྱང་གཟི་བརྗིད་ངོ་མཚར་བ་སླར་ཡང་གསོ་བ་ལྟ་བུ་ཡིན།

གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བྲལ་བའི་སྤྱི་ཚོགས་ནང་ཉིན་ལྟར་འཇིགས་སྣང་གི་བཀོད་ཁྱབ་འོག་ཏུ་ཚུད་རྒྱུར་ངེས་པ་ཡིན། དེ་ཡང་བཙོན་འཇུག་གི་འཇིགས་སྣང་། སྡུག་སྦྱོང་གི་འཇིགས་སྣང་། འཆི་བའི་འཇིགས་སྣང་། མཛའ་ཤེས་དང་ནང་མི། འཁོ་བྱད། འཚོ་རྟེན་བཅས་དང་བྲལ་བའི་འཇིགས་སྣང་། དབུལ་ཕོངས་ཀྱི་འཇིགས་སྣང་། ཁེར་རྐྱང་དུ་ལུས་པའི་འཇིགས་སྣང་། གོད་ཆགས་བྱུང་བའི་འཇིགས་པ་བཅས་ཡིན། འཇིགས་སྣང་གི་ཁྲོད་ནས་གནོད་ཚབས་ཆེ་ཤོས་ཀྱི་རྣམ་པ་ནི་རང་ཉིད་སྤྱི་སེམས་ཅན་དང་ཤེས་རབ་ཅན་ཞིག་ཏུ་བརྫུས་ནས་འགྲོ་བ་མིའི་ལྷན་སྐྱེས་ཆེ་མཐོང་དག་སྲུང་སྐྱོབ་ཆེད་དུ་བརྩོན་པའི་སྙིང་སྟོབས་ཀྱི་བྱ་བ་དག་ནི་གླེན་པའི་བྱ་བ་དང་། ཆོ་མེད་དགོས་མེད་དོན་མེད་ཅིག་ཏུ་ཉེས་འཛུགས་བྱེད་པ་དེ་ཡིན། དབང་ཤུགས་ཀྱི་ཁྲིམས་བཙན་པོའི་འཇིགས་སྣང་འོག་འཚོ་བའི་མི་མང་དག་ནི་འཇིགས་ཤིང་གཏུམ་པའི་དུག་རླངས་དེ་བཅོམ་ནས་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་ཐབས་བྱེད་པ་ནི་ལས་སླ་པོ་ཞིག་མིན། འོན་ཀྱང་དྲག་གནོན་ཤིན་ཏུ་ཆེ་བའི་གནས་སྟངས་འོག་ན་དཔའ་བོ་སྙིང་སྟོབས་ཅན་དག་ཡང་ནས་ཡང་དུ་ཡར་ལང་བྱེད་ཀྱིན་ཡོད། རྒྱུ་མཚན་ནི། འཇིགས་སྣང་ནི་སྐྱེ་བོ་ཞི་དུལ་ཅན་གྱི་རང་གཤིས་མིན་པས་སོ།

དབང་ཤུགས་ཚད་མཚམས་མེད་པའི་གནས་སྟངས་འོག་ན་ཡང་སྙིང་སྟོབས་དང་བཟོད་སྲན་ཅན་འཁྲུངས་པ་ནི། རྒྱལ་རབས་ཀྱི་ཚོར་ཤུགས་དང་ཟུང་དུ་འབྲེལ་བའི་ཚུལ་ཁྲིམས་ཀྱི་ལྟ་གྲུབ་སྲུང་སྐྱོབ་བྱ་རྒྱུར་དམ་བཅའ་བརྟན་པོ་ཡོད་པས་ཡིན། བརྒྱུད་རིམས་འདིའི་ནང་འགོག་རྐྱེན་ཇི་འཕྲད་ལ་ལྟོས་མིན་གྱིས་འགྲོ་བ་མིའི་རང་གཤིས་ནི་ཆོས་དང་འཇིག་རྟེན་གཉིས་ཀ་གོང་མཐོར་གཏེགས་པའི་གཏན་གྱི་ལམ་བུར་ཤར་བསྐྱོད་བྱ་རྒྱུ་དེ་ཡིན། རང་ཉིད་ཀྱིས་རང་སྐྱོབ་པ་དང་། ཡར་འདྲེན་པར་བྱེད་པའི་ནུས་པ་འདི་ཡིས་འགྲོ་བ་མི་དེ་གདུག་རྩུབ་ཆེ་བའི་དུད་འགྲོ་སེམས་ཅན་ལས་ཁྱད་པར་དུ་འབྱེད་པར་བྱེད། འགྲོ་བ་མིའི་ལས་འགན་གཙོ་བོ་ནི་ཡང་དག་པའམ་ཕ་རོལ་ཏུ་ཕྱིན་པའི་ལྟ་གྲུབ་དང་། དེ་འཐོབ་ཕྱིར་དུ་འདུན་སེམས་སྐྱེ་བ་དང་། དེ་སྒྲུབ་ཐབས་ཀྱི་རྣམ་དཔྱོད་དང་ཐབས་ལམ་དེར་འཇུག་པའི་འདུན་པ་སྐྱེ་རྒྱུ་དེ་ཡིན། ལས་འགན་དེ་མཐར་ཐུག་པ་ལ་གང་ཟག་བྱེ་བྲག་པའི་ཚད་བཀག་དང་། ཁོར་ཡུག་གི་གེགས་ཆ་ལས་བརྒལ་བའི་ས་ཁོངས་ཤིག་ངེས་པར་དུ་དགོས་པ་ཡིན། འཇིག་རྟེན་ཁམས་འདི་སྐྱེ་བོ་ཡ་རབས་ཅན་དང་། རྒྱུ་མཚན་རྗེས་སུ་འབྲང་བ་དག་གི་འཚོ་གནས་རན་པ་ཅིག་ཏུ་དགོས་པར་མཐོང་ནས་འཇིགས་སྣང་དང་འདོད་རྔམས་ལས་གྲོལ་བའི་སྤྱི་ཚོགས་བསྐྲུན་པའི་ཆེད་དཀའ་སྡུག་དང་། ཁ་གཏད་གཅོག་དགོས་པར་གྱུར་ཡོད། དྲང་བདེན་དང་། སྙིང་རྗེ་ཞེས་པ་དེ་གདུག་རྩུབ་ཆེ་བའི་དབང་ཤུགས་ཅན་ལ་མཚོན་ན་འགྲུབ་ཐབས་མེད་པའི་ལྕགས་རི་མཁྲེགས་པོ་ཤིག་ཏུ་སྣང་མོད། ཆོ་མེད་ཅིག་ཏུ་བརྩི་ནས་དོར་མི་རུང་།

ཕབ་བསྒྱུར་བས། ཁོ་བོས་བསྒྱུར་རྩོམ་འདི་ཕྱི་ལོ་ ༢༠༠༩ ཟླ་ ༠༩ པའི་ནང་དུ་བྲིས་པ་ཡིན་ན་ཡང་ད་བར་དུ་ ཟིན་དེབ་ནང་དུ་སྣང་མེད་དུ་ལུས་པ་རེད་ཟེར་ན་ཡང་ཆོག བྱས་ཙང་ད་རེས་ཁ་བརྡ་དྲ་ཚིགས་ནང་དུ་བཀོད་ཡོད་པས་ཀློག་པ་པོ་རྣམས་ཀྱིས་འདིའི་བསྒྱུར་ཚིག་དང་ཚིག་སྦྱོར། ཡི་གེ་འགྲོ་ལུགས་སོགས་ཀྱི་སྐྱོན་ཆ་གང་ཡོད་ན་ཡང་རང་དབང་ཐོག་འགོད་ན་དགའ་བསུ་ཡོད།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།