སྐུ་ཡི་འཁྲུངས་སྐར་ལ་བསྟོད་པ་ཆུ་འཛིན་པདྨོའི་བཞད་སྒྲ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་འཁྲུངས་སྐར་དུས་ཆེན་ལ་བསྟོད་པ་ཆུ་འཛིན་པདྨོའི་བཞད་སྒྲ། དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་མཛད།


ཨེ་མ་དེ་རིང་སྐལ་བཟང་ལྷ་ལམ་ངོས།
།ལྷུན་གྲུབ་འདོད་ཡོན་ལྷ་མོའི་སྒྱུ་གར་རྩེན།
། བཀྲ་ཤིས་རེ་ཁའི་འཇའ་རིས་སྟོང་དུ་མཚར།
།སྤྲིན་བཞོན་གསར་པའི་གདུགས་དཀར་བླ་བྲེས་མཛེས།


།གངས་ལྗོངས་འགྲོ་བློའི་དད་གསུམ་ཆུ་གཏེར་ཆེར།
།མ་སྨད་བསོད་ནམས་དར་བའི་ངོ་མཚར་དུ།
།པད་དཀར་འཛིན་པ་༸གོང་ས་ལྷ་མིའི་དབང་།
།སྤྱི་ནོར་ཆེན་པོའི་མཚན་དཔེའི་པདྨོ་བཞད།


།ཕྲིན་ལས་དོན་ཡོད་ཞགས་པའི་འཕྲུལ་ཐབས་ཀྱིས།
།སྲིད་ཞིའི་ཁྱོན་ཀུན་ཟླུམ་པོར་བཅིངས་དང་ལྷན། །
ཟབ་བརྒྱའི་ལུགས་བཟང་ཞི་བའི་བདུད་རྩིའི་ཆར།
།འབེབས་མཁས་ཞི་བདེའི་དེད་དཔོན་ཁྱེད་ཉིད་ཙམ།


།སྙིགས་ལྔའི་རྒུད་མུན་བདོ་བའི་བོད་ལྗོངས་སུ།
།ཆེས་ཆེར་ཀླ་ཀློའི་ཁྱུ་ཡིས་ཉེར་བརྟེན་པས།
།རྒྱལ་བསྟན་ནུབ་རིའི་ཕང་པར་མཛའ་ཉེའི་སྐབས།
།བདེན་གསལ་འོད་རྣོན་འདེགས་པ་མགོན་པོ་ཁྱེད།


། ཕུན་ཚོགས་ཡོན་ཏན་ནོར་བུའི་ཕུང་པོ་ཆེས།
།གསང་གསུམ་བྱུར་བུར་གཏམས་པའི་སྲིད་ཞིའི་ཏོག
།མགོན་པོ་ཁྱོད་ནི་བསྟན་འགྲོའི་དཔུང་གཉེན་དུ།
།བསྐལ་བརྒྱར་གཡོ་བ་མེད་པར་བཞུགས་གསོལ་འདེབས། །


ཞེས་པ་མགོན་པོ་གང་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་ཅིང་། ཡུལ་བྱང་ཕྱོགས་ནས་བྱུང་བའི་གཞོན་ནུ་སྙན་ངག་མཁན་ཀརྨ་པ་ཨོ་རྒྱན་ཕྲིན་ལས་དབང་གི་རྡོ་རྗེ་རྩལ་ཞེས་པས། གྲོགས་རིགས་འགའ་ཞིག་གི་ཐུགས་བཞེད་ལྟར་སྦྱར་བ་བཀྲ་ཤིས། ༢༠༠༡།༦།༡༩།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།