ལག་འཁྱེར་ཡོད་མཁན་མང་མེད་ན་ཉུང་མེད།

བཙམ་བྱོལ་གཞུང་འདི་ན་དེང་སྐབས་ལག་འཁྱེར་ཡོད་མཁན་གྱི་མི་གྲངས་མང་མེད་ན་ཉུང་མེད་པའི་དུས་ཚོད་ལ་སླེབས་ཡོད། ཡིན་ཡང་ལག་ཁྱེར་དེ་དག་དང་དོ་མཉམ་པའི་ཚད་ལྡན་གྱི་ཤེས་ཡོན་ཡོད་མཁན་ཉུང་ཉུང་ལས་མེད་པས་ད་བར་དཀའ་ངལ་གང་མང་ཞིག་གི་འོག་ལྷུང་ཡོད། དེ་འབྱུང་རྐྱེན་ཡང་སྐབས་ཐོབ་ཀྱི་དགེ་རྒན་རྣམ་པས་ཤེས་ཡོན་སྤྲོད་སྟངས་ལ་ཡང་རག་ལས་ཡོད། དགེ་རྒན་ཞིག་ཡིན་ན་རང་གི་ཁྲིད་གཞིའི་སློབ་ཚན་དེ་ལ་རྒྱུས་མངའ་ཡག་པོ་ཡོད་དགོས་པ་མ་ཟད།   ཁྲིད་གཞི་དེར་ཉ་མོ་ཆུ་ལ་དུང་བ་ལྟ་བུའི་ཚོར་ཤུགས་དྲག་པོའི་རབ་འདེགས་ཡོད་དགོས། གལ་ཏེ་རང་གི་སློབ་གཞི་དེ་ལ་རྒྱུས་མངའ་དང་བྱང་ཆ་མེད་ན། བརྗོད་བྱེད་ཀྱི་ཚིག་དེ་ཡང་ཉོག་བཤད་ཤ་སྟག་ཡིན་པས་སློབ་ཕྲུག་ལ་ཉོབ་སྣང་ངང་གིས་སྦྱིན་ཡོང་།  དེ་འདྲའི་དུས་ཚོད་དང་ལོ་ཟླ་ངང་གི་ཆོས་བར་ཕྱིར་ལྟོས་བྱས་ན་གསལ་ལམ་མེར་མིག་ལམ་དུ་འཆར་ཐུབ།  ད་རུང་སློབ་མའི་སེམས་ཁམས་ལ་དབྱེ་ཞིབ་བྱེད་རྒྱུ་དེ་ནི་བྱ་ཆེན་ཤོག་པར་བརྟེན་པའི་རང་གཤིས་ལས་གཞན་མིན།
གཞན་ཡང་དགེ་རྒན་ཞིག་ཡིན་ན་རང་ཉིད་ཀྱི་ལས་འགན་ནི་ཅུང་བརྡ་ཁོ་ནའི་བཀོད་བསྒྲིགས་ཙམ་མ་ཡིན་པར། སེམས་གཏིང་གི་ཚོར་ཤུགས་དྲག་པོས་སྐུལ་མ་ཞིག་དགོས་ངོས་ཡིན། དེ་མེད་ན་ཁྱེད་ཀྱིས་རང་ཉིད་ལ་བཅེར་ནས་བསྡོད་མཁན་གྱི་གཅེས་ཕྲུག་དེ་ཚོའི་མ་འོང་བའི་ཕུགས་བསམ་འཇའ་གཟུགས་སུ་སྐྲུན་པ་སྨོས་མེད་རེད། དེ་ན་ཚིག་སྙན་མོ་ཙམ་ནི་རང་བཞན་གཉིས་ག་འཕོང་བྱེད་ཀྱིས་རྒྱུ་ཁོ་ནའོ།དེ་མཚུངས་སུ་ཤེས་ཡོན་སྡེ་མཚན་ཁག་གི་འགན་འཛིན་པ་ཞིག་ཡིན་ན་ཡང་། ཕྱི་དངོས་པོའི་ཡར་རྒྱས་ཁོ་ནའི་ཕྱོགས་སུ་མ་སོར་བར་ལས་བྱེད་ལ་སྟེང་འཛིན་ནན་པོ་བྱེད་རྒྱུ་དེ་ཡང་འོས་འགན་ཞིག་ཡིན་པ་ཤེས་དགོས། ལས་བྱེད་གསར་འདེམས་ཀྱི་བྱ་བ་དེ་གནད་ཏུ་བཟུང་དགོས། དེ་དུས་ཁྱེད་ཀྱི་སྐད་ཆ་ཚིག་གཅིག་པོ་དེས་མི་གཅིག་དང་འབྲེལ་ཡོད་ཀྱི་སློབ་ཕྲུག་བརྒྱ་སྟོང་གི་ལས་དབང་ལ་འབྲེལ་ཡོད་པས་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས། སྐབས་ཐོག་དེར་མི་གཅིག་ཁོ་ནའི་ལས་དབང་ལ་སྙིང་རྗེ་སྒོམས་མི་རུང་། གང་ཡིན་ཟེར་ན་མི་གཅིག་གི་ལས་དབང་དེ་མི་བརྒྱའི་ལས་དབང་འབྲེལ་ཡོད་པས་ཡིན།  
སྐབས་ཐོག་དེར་ཉིད་ཀྱིས་ལག་ཁྱེར་ཡོད་མེད་ལ་མ་ལྟོས་བར་མི་རང་གི་ཚད་གཞི་དེར་ཉིན་གཅིག་ཙམ་མ་ཡིིན་པར་ཉིན་ཤོས་རང་བརྟགས་རྒྱུ་ནི་དོན་གནད་ཡིན། དེ་དུས་སྣང་མེད་ཀྱི་ལས་སྐལ་ལ་སོང་ན་དེ་ནི་དབང་ཆ་ཁོ་ནར་དམིགས་མཁན་ཞིག་ཡིན་པས་ལས་འགན་དེ་ཁྱེད་ཉིད་ལ་ལེན་པོ་མེད། གོ་གནས་ཁོ་ནར་དམིགས་པའི་ངན་ཤོར་བའི་གྲལ་དུ་ཚུལ་ཡོད་པས་་གོ་གནས་གཞན་ཞིག་བཙལ་ན་བཟང་།    ལས་གནས་དེ་ནི་ད་ལྟའི་བུ་ཆུང་སེམས་མེད་དང་། མ་འོང་བའི་ལས་ཀྱི་སྣེ་མོ་བ། དུས་རབ་ཀྱི་སྤྱི་ཚོགས་སྣེ་ཁྲིད་པ་དེ་དག་གསོ་སྐྱོང་བྱེད་རྒྱུའི་འགན་ལྗི་མོ་ཞིག་ཡིན་པ་སོང་ཙང་། ལས་གནས་དེ་ཁྱེད་ཉིད་ལ་མི་འོས། གཞན་ཡང་དེ་དག་ངན་ལམ་དུ་ཁྲིད་སྲིད་པས་རང་མོས་ངང་ལས་གནས་དེ་ལས་དགོངས་པ་ཞུ་རྒྱུ་ཤིན་ཏུ་ནས་གལ་ཆེན་ཡིན།སློབ་ཕྲུག་ཞིག་ཡིན་ན་སློང་གྲྭ་དེར་ཡོང་བ་ནས་བཟུང་ཕྱོགས་ལྷུང་གི་ངག་ཆད་དང་།  ངག་སྒོ་ཡན་ཆད་ཀྱི་ཚིག་སྙན་ཙམ་ལ་ཡིད་འཇོག་བྱེད་མི་རུང་། དེང་སྐབས་ང་ཚོའི་སྤྱི་ཚོགས་འདིའི་ཐོག་ཤེས་ཡོན་དང་། མིའི་རང་བཞིན་ལ་དབྱེ་ཞིབ་བྱེད་ཤེས་མཁན་ཉུང་རུ་སོང་ཡོད་སྟབས། སློབ་མ་ཚོ་དེའི་རྗེས་སུ་མ་སོང་བར་སློབ་གྲྭ་དེར་ཡོང་དོན་ཕལ་ཆེར་ལག་ཁྱེར་ཤོག་ལེབ་ཙམ་ཡིན་རྒྱུ་མ་རེད།
རང་ཉིད་སློབ་གྲྭ་དེར་ཁ་བྲལ་ནས་ལག་ཁྱེར་དང་འབྲེལ་ཡོད་ཀྱི་ལས་ག་ཞིག་བྱེད་རྒྱུའི་འདོད་པ་ཡོད་མཁན་ཡིན་ན། ད་བཟོད་དགེ་རྒན་དང་དཔེ་དེབ་གཉིས་ལ་ཁྲིམས་རྩོད་པ་དང་།  རང་ཉིད་ལ་ཁྲིམས་དཔོན་གྱི་འདུ་ཤེས་ཞིག་བཟུང་དགོས། དེ་འདྲའི་བསམ་བློ་ཞིག་མེད་ན། བློ་ཟུར་བོ་བའི་ཤེས་རབ་ཆད་སྟབས་གཞན་དབང་རྐྱང་བར་སོང་བའི་སྒྲ་འཛིན་འཕྲུལ་ཆས་ལས་མ་འདས། ཀློག་དེབ་དང་དགེ་ལས་ཀྱིས་ཁྱེད་ཉིད་ལ་བློ་ས་ཕུལ་བ་ལས། ཁྱེད་རང་དེ་ཕྱོགས་སུ་བཙན་ཁྲིད་ནམ་ཡང་མི་བྱེད། ཡང་འགའ་རེས་ལས་ཀྱི་སྣེ་མོ་དག་གི་ངག་ལ་དབྱེ་འབྱེད་བྱེད་པ་དེ་ཡང་ནོར་པ་རེད།
དངོས་གནས་བཤད་ན་སློབ་གྲྭ་དེ་ཡག་བོ་ཡོང་མི་ཡོང་དགེ་ལས་ཁོ་ནར་རག་མི་ལས་ལ། དགེ་ལས་གང་ཞིག་ཡག་པོ་མ་བྱུང་ན་ཡང་འཇུག་འབྲས་སློབ་མ་ཁོ་ནར་ཡོང་རྒྱུ་ལས་དགེ་ལས་ལ་གནོད་མི་ཐུབ། དེ་ན་དགེ་ལས་དག་ཡག་པོ་མེད་ན་ཁ་བཙུན་ནས་བསྡད་ན་སློབ་མ་རང་ལ་གནོད་པ་ལས་ཕན་པ་མེད། དེ་དུས་མཉམ་རུབ་ཀྱི་བྱ་བར་ངེས་བར་དུ་འབད་ཐུབ་དགོས། མི་གཅིག་རང་གཅིག་གིས་དགེ་ལས་ངན་པ་དེ་དག་མེད་པ་བཟོ་མི་ཐུབ་པས་ཚང་མའི་བློ་ཟུར་བོ་བའི་ཕྱོགས་འདེགས་དང་བཅས་ཚང་མས་མ་སྐུལ་དང་བླངས་ཀྱི་འབད་པ་ཡོང་གང་ཐུབ་རེ་ཡོང་བའི་རེ་སྨོན་ཞུ།།
སངས་དོན་ནས་༢༠༡༣ལོའི་ཟླ་༦ཚེས་༡༨ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།