བཙན་བྱོལ་སྤུན་ཟླ་གསུམ་གྱི་རོལ་དབྱངས་ཚན་སྡེབ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༤ཚེས་༩ཉིན། དྷ་ས་མེག་ལོ་རུ་བོད་པའི་ཟ་ཁང་ཆུང་ཆུང་ཞིག་ཡོད་ཅིང༌། ཟ་ཁང་དེ་གཉེར་མཁན་ནི་བཙན་བྱོལ་ནང་སྐད་གྲགས་ཅུང་ཆེ་བའི་དེང་དུས་རོལ་དབྱངས་ཚན་སྡེབ་ཞིག་ཡིན་པ་དང༌། ཟ་ཁང་དང་རོལ་དབྱངས་ཚན་སྡེབ་གཉིས་ཀྱི་མིང་གཅིག་མཚུངས་སྟེ། དབྱིན་ཡིག་ཇི་ཇི་ཨེ་ JJI ཟེར་བའི་བཙན་བྱོལ་གྱི་བུ་སྤུན་གསུམ་གྱི་མིང་སྣེ་ཡིན།

གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་པར་ང་ཚོས་འདས་པའི་ལོ་རྒྱུས་ཞིག་ཕྱི་དྲན་ཞིག་བྱེད་དགོས་ཤིང༌། དེ་སྔོན་རྒྱ་དམག་གིས་བོད་དུ་བཙན་འཛུལ་བྱས་སྐབས། བུ་མོ་ཆུང་ཆུང་དེའི་མིང་ལ་ཉི་མ་ལྷ་མོ་ཟེར་ཞིང༌། ཁོང་ཉིད་ཆུང་དུས་ཕ་མ་གཉིས་དང་ལྷན་དུ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་དང༌། འཚར་ལོངས་རྗེས་གཉེན་སྒྲིག་གིས་བུ་ཕྲུག་༣སྐྱེས་ཤིང༌། ཁོང་གསུམ་པོ་ནི། འཇམ་དབྱངས་དང༌། འཇིགས་མེད། ཨན་སལ་བཅས་བུ་སྤུན་༣ཡིན། ཁོང་གསུམ་པོ་ཕྱི་ལོ་༡༩༩༠ནས་རོལ་དབྱངས་རྡུང་ལེན་གྱི་ལས་ལ་ཞུགས་ཤིང༌། དུས་ཡུན་རིང་པོར་གཞས་དང་རོལ་དབྱངས་རྡུང་ལེན་ཁྲོད་བོད་རང་བཙན་གྱི་འབོད་སྒྲ་སྒྲོག་མཁན་ཞིག་དང༌། ད་ཆར་བོད་པའི་ལོ་རྒྱུས་ནང་སྙན་གྲགས་ཆེ་བའི་དེང་དུས་རོལ་དབྱངས་ཚན་སྡེབ་ཞིག་ཆགས་ཡོད།

ཁོང་གསུམ་པོ་རྒྱུན་དུ་ཨ་མ་ཉི་མ་ལགས་ཀྱིས་སྐུལ་སློང་དང་སྐྱེད་སྲིངས་ལ་བརྟེན་ནས། ད་ཆ་བུ་ཕྲུག་གསུམ་པོ་འདི་ལྟ་བུའི་དེང་དུས་རོལ་དབྱངས་ཚན་སྡེབ་ཞིག་ཆགས་སྟབས། ཆེས་ཐོག་མའི་རོལ་དབྱངས་སྙན་འཁོར་དེ་ཨ་མའི་ལེགས་སྐྱེས་སུ་བཏོན།

འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་རིང༌། ཁོང་ཚོ་བྱང་ཨ་རི་དང༌། ཡོ་རོབ། དེ་བཞིན་རྒྱ་གར་གྱི་ས་གནས་གང་སར་ཆེད་བསྐྱོད་ཀྱིས་བཏང་བའི་ Rolling Stone ཐེ་བའི་རོལ་དབྱངས་རྡུང་ལེན་ཆེད་སྒྲིག་གྲངས་ལས་འདས་པ་སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་ཡོད།

སུ་ཞིག་བཙན་བྱོལ་བུ་སྤུན་གསུམ་གྱི་གཞས་དང་རོལ་དབྱངས་འོད་སྡེར་དོ་སྣང་ཡོད་ཚེ། ཁོང་ཚོའི་གཞས་དང་རོལ་དབྱངས་མང་ཆེ་བ་ནི། དེང་དུས་ནུབ་ཕྱོགས་པའི་རོལ་དབྱངས་རྡུང་ལེན་གྱི་སྒྱུར་རྩལ་རྣམ་པ་དང་ཧ་ཅང་བར་ཐག་ཉེ་ཞིང༌། གཞས་དང་རོལ་དབྱངས་ནང་ཆེས་གལ་ཆེ་བའི་ཁོང་ཚོའི་འབོད་སྒྲ་ནི་༼བོད་རང་བཙན་༽ཡིན།

དེ་རྗེས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གནས་ཚུལ་མཁོ་གཏོང་བ་ཀོར་ནེ་ལོ་སི། ཉེ་ཆར་བཙན་བྱོལ་བུ་སྤུན་གསུམ་གྱི་ཟ་ཁང་དེའི་ནང་ཆེད་སྐྱོད་ཀྱིས། རོལ་དབྱངས་རྡུང་ལེན་པ་བུ་འབྲིང་བ་བསྟན་འཛིན་འཇིགས་མེད་ལགས་དང་མཉམ་དུ་ཁོང་ཚོའི་རོལ་དབྱངས་ཚན་སྡེབ་སྐོར་བཀའ་མོལ་དང་བཅར་འདྲི་བྱས་ཡོད།

ཀོར་ནེ་ལོ་སི། སྐུ་ཉིད་ག་དུས་གཅེན་གཅུང་གཉིས་དང་ལྷན་དུ་རོལ་དབྱངས་རྡུལ་ལེན་བྱ་རྒྱུ་འགོ་བརྩམས་པ་ཡིན། དེའི་སྐོར་ངོས་ལ་ལོ་རྒྱུས་ཐུང་ཐུང་ཞིག་གསུངས་ན་འགྲིག་གི་རེད་དམ།

འཇིགས་མེད། སྤྱིར་ངོས་རང་ཆུང་དུས་ནས་ང་ཚོ་མཉམ་དུ་རོལ་དབྱངས་ཚོགས་པ་ནང་བཞིན་གཞས་དང་རོལ་དབྱངས་བཏང་རྒྱུར་ཤིན་ཏུ་དགའ། འོན་ཀྱང་ཡོ་ཆས་ནི་དཔེར་ན་གླིང་བུ་ལྟ་བུ་ལས་ཡོད་པ་མ་རེད། ངོས་རང་འཛིན་རིམ་༡༢ཐོན་རྗེས་མཐོ་སློབ་ལ་ཕྱིན་པ་ཡིན། འོན་ཀྱང་མཐོ་སློབ་འགྲིམས་ནས་ཟླ་༣ཙམ་འགོར་རྗེས། ངོས་ཀྱིས་མཐོ་སློབ་ནི་ངོས་ཀྱི་འདོད་མོས་དེ་མིན་པར་འདོད་ནས་སློབ་གྲྭ་ནས་ཐོན། སྐབས་དེར་ངའི་སྤུན་ཆེ་བ་ཡང་སློབ་གྲྭ་ལས་ཐོན་ཚར་བ་རེད། ངའི་སྤུན་ཆུང་བ་ཨན་སལ་ཁོང་བོད་པའི་སྲོལ་རྒྱུན་རོལ་དབྱངས་ལ་ཧ་ཅང་མཁས་པ་ཡོད་པ་རེད་ལ། ངའི་སྤུན་ཆེ་བ་ཡང་སྒྲ་སྙན་རྡུང་ལེན་ཤེས་ཀྱི་ཡོད་པ་རེད།

དེར་བརྟེན་ལས་དོན་མི་འདྲ་བ་ཞིག་སྒྲུབ་རྒྱུར་འདུན་པ་སྐྱེས། ནང་པ་ཞིག་གི་ངོས་ནས་བཤད་ན་མིའི་མི་ཚེ་ནི་ཧ་ཅང་གི་རིན་ཐང་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་ལ། མི་ཚེའི་ནང་དཀའ་སྡུག་གང་ལས་རྣམ་པར་རྒྱལ་བ་བྱེད་ནས་སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་ལས་དོན་ཞིག་སྒྲུབ་ཐུབ་ཀྱི་རེད་བསམས་ཀྱི་ཡོད།

འོན་ཀྱང་ངོས་ནི་རང་འདོད་ཚ་དྲག་པའི་རྐྱེན་གྱིས། ཁྱེད་ཀྱིས་ཤེས་གསལ་ལྟར་ངོས་ནི་རོལ་དབྱངས་ལ་དགའ་མོས་ཆེ་བས། སློབ་གྲྭ་ལས་ཕྱིར་ལོག་ནས་གཅེན་གཅུང་གཉིས་དང་ལྷན་དུ་རོལ་དབྱངས་རྡུང་ལེན་གྱི་ལས་ལ་ཞུགས། མཚམས་རེར་ནང་མི་དང་གྲོགས་པོ་ཚོའི་མདུན་དུ་རོལ་དབྱངས་རྡུང་ལེན་བྱས། འོན་ཀྱང་ཨ་མས། ངེད་ཅག་ལ་རོལ་དབྱངས་རྡུང་ལེན་སྐོར་འཁྲབ་སྟོན་གཞི་རྒྱ་ཆེ་བ་ཞིག་ལ་བསམ་བློ་གཏོང་དགོས་ལུགས་གསུང་མྱོང་ལ། ཐེངས་ཤིག་ང་ཚོས་རོལ་དབྱངས་སྤྲོ་ཚོགས་ཞིག་ཚོགས་པར་མི་མང་སྟོང་ཕྲག་འགའ་ཤས་འདུ་འཛོམས་བྱས་འདུག

མ་ཚད་ང་ཚོས་སྐབས་དེའི་གཞས་དང་རོལ་དབྱངས་སྒྲ་འཇུག་བྱས་པ་དང༌། ཕྱི་ཉིན་བསྐྱར་གཏོང་བྱས་སྐབས་གཞས་དང་རོལ་དབྱངས་དེ་དག་སོ་སོས་བཏང་བ་ཞིག་ཡིན་མིན་གྱི་ཐེ་ཚོམ་དང་དགའ་སྤྲོ་སྐྱེས་བྱུང༌།

ཀོར་ནེ་ལོ་སི། ད་ལྟ་བར་ཁྱེད་ཚོས་གཞས་སྣ་ག་ཚོད་ཙམ་ཞིག་གསར་རྩོམ་བྱས་ཡོད་དམ།

འཇིགས་མེད། ད་ལྟ་བར་དུ་གཞས་ཧ་ཅང་མང་པོ་བཏང་ཡོད་པ་རེད། གྲངས་ཀ་ག་ཚོད་ཆགས་མིན་དྲན་སོས་ཀྱི་མི་འདུག འོན་ཀྱང་གསར་དུ་བརྩམས་པའི་གཞས་མང་པོ་ཞིག་ཡོད་པ་རེད།

ཀོར་ནེ་ལོ་སི། ད་ལྟ་བར་དུ་གཞས་དང་རོལ་དབྱངས་ཆེད་སྒྲིག་གི་འོད་སྡེར་ག་ཚོད་བཏོན་ཡོད་དམ།

འཇིགས་མེད། རོལ་དབྱངས་ཚན་སྡེབ་གཅིག་ལས་ཡོད་པ་མ་རེད། འོན་ཀྱང་ང་ཚོས་༼འགྱུར་བ་༽ཟེར་བ་དེའི་ཆེད་དུ་གཞས་འགའ་ཤས་བཏང་ནས་སྒྲ་འཇུག་བྱས་མྱོང་ཡོད། འགྱུར་བ་ནི་ཨ་རིར་ཡོད་པའི་རོལ་དབྱངས་ཚོགས་པ་ཞིག་རེད། གཞོན་ནུ་འདིའི་མིང་ལ་མཱ་ཊི་ཇོན་སོན་ཟེར། ཁོང་ལ་འཇན་མན་གྱི་སྒྲ་སྦྱོར་གྱི་བྱ་དགའ་ཐོབ་མྱོང་ཡོད། ཁོང་ནི་གཞས་གཏོང་རྒྱུ་དང་གཞས་ཚིག་འབྲི་རྒྱུར་སྐོར་ཧ་ཅང་སྐད་གྲགས་ཅན་ཞིག་རེད།

འོན་ཀྱང་སྐབས་དེར་ང་ཚོས་ཁོང་ཉིད་རྩ་བ་ནས་མཇལ་མྱོང་མེད་ཀྱང༌། ང་ཚོས་ད་དུང་ཁོང་གི་རྗེས་སུ་སྙེག་པ་ཡིན། རྗེས་སུ་ཁོང་ཉིད་ཨ་རིའི་ནང་མཇལ་ནས་དེ་རུ་རོལ་དབྱངས་རྡུལ་ལེན་དང་སྒྲ་འཇུག་བྱས་ནས། སྐབས་དེར་ང་ཚོས་ཨ་རིའི་གཞས་ཚིག་འབྲི་མཁན་དང་གཞས་པ་གྲགས་ཅན་བྷོ་པོ་ཌི་ལན་གྱིས་རོལ་དབྱངས་བཟོ་སྐྲུན་ཁང་དུ་རོལ་དབྱངས་ཆེད་སྒྲིག་དང་བཟོ་སྐྲུན་བྱ་རྒྱུའི་གོ་སྐབས་བྱུང་སོང༌།

ང་རང་ཆུང་དུས་སློབ་གྲྭའི་ནང་ཡོད་སྐབས། མི་ཚང་མ་ Abba ཞེས་པའི་སུ་ཌན་གྱི་དེང་དུས་རོལ་གཞས་ཚོགས་པའི་གཞས་དང༌།  རོལ་གཞས་གཞན་ཁག་ཉན་རྒྱུར་དགའ་ཡང༌། ངོས་ནི་ཨ་རིའི་རོལ་དབྱངས་བ་བྷོ་པོ་ཌི་ལན་གྱི་གཞས་དང་རོལ་དབྱངས་ཉན་རྒྱུར་ཤིན་ཏུ་དགའ། གཞས་གཏོང་མཁན་དེ་ངོས་ཀྱི་པཱ་ལགས་ཀྱིས་ངོས་ལ་ངོ་སྤྲོད་གནང་བ་ཞིག་རེད།

ངའི་གྲོགས་པོ་ཚོས་མཚམས་རེར་ཁྱེད་རང་ག་རེ་བྱས་ནས་གཞས་སྦུབས་གསུག་དོག་པ་དེ་ཉན་རྒྱུ་དགའ་པོ་ཡོད་ཅེས་ཀྱག་ཀྱག་བྱས་མྱོང༌། འོན་ཀྱང་ངས་ཁོང་ཚོ་ལའང་ངོ་སྤྲོད་བྱས་པས་རྗེས་སུ་ཁོང་ཚོས་འཇིགས་མེད་ཁྱེད་ཀྱིས་ཨ་རིའི་གཞས་པ་བྷོ་པོ་ཌི་ལན་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་མྱོང་ཡོད།

ཀོར་ནེ་ལོ་སི། ཨོ་དེ་ཡ་མཚན་པ་ཞིག་རེད།

འཇིགས་མེད། འོན་ཀྱང་ང་ཚོར་གཞས་དང་རོལ་དབྱངས་སྒྲིག་སྦྱོར་སོགས་ལ་དཀའ་ངལ་ཡོད་པ་རེད་ལ། ང་ཚོས་རོལ་དབྱངས་ཚོང་སྒྱུར་སོགས་ལའང་དེ་ཙམ་ཤེས་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། ང་ཚོ་ད་དུང་ཡང་སྐྱབས་བཅོལ་བ་ཡིན་དུས། རོལ་དབྱངས་སྒྲིག་སྦྱོར་ལྟེ་གནས་དེ་འདྲ་ཡོད་པ་མ་རེད། དེར་བརྟེན་ང་ཚོས་སྒྲིག་སྦྱོར་ལྟེ་གནས་ཁག་ཅིག་ལ་སྐད་ཆ་དང་མིང་རྟགས་བཀོད་པ་ཡིན། འོན་ཀྱང་དཀའ་རྙོག་ཅུང་ཙམ་འདུག ཁོང་ཚོས་ང་ཚོའི་གཞས་དེ་ཚོ་རོབ་གཞས་ལྟ་བུ་བཟོ་འདོད་ཡོད་པ་རེད།

ངས་ཟེར་ན། གལ་སྲིད་ཁྱེད་ཀྱིས་གཞས་ཞིག་གཏོང་སྐབས། གཞན་གྱིས་ཁྱེད་ལ་སྐད་ཆ་གང་ཡང་མི་འདྲི་བར་གཞས་དེའི་ནང་སྒྲ་དབྱངས་གཞན་ནང་འཇུག་བྱས་ན་ཁྱེད་རང་འདོད་མོས་ཡོང་ས་རེད་དམ། ཁོང་ཚོས་དེ་ལྟ་བྱེད་ཀྱིན་འདུག དེར་བརྟེན་ང་ཚོས་འདོད་མོས་མ་བྱུང༌། ལོ་ངོ་གཅིག་དང་ཕྱེད་ཀ་ཙམ་གྱི་གོང་ནས་ང་ཚོ་རང་དབང་ཡིན། ང་ཚོའི་ལས་ཀ་འདིར་ཧ་ཅང་དགའ་མོས་ཡོད།

ཀོར་ནེ་ལོ་སི། ངས་དོ་སྣང་བྱུང་བར་ལྟར་ན། དབྱིན་ཇིའི་སྐད་ནང་གཞས་ཅུང་མང་པོ་ལྟ་བུ་ཞིག་མཐོང་བྱུང༌། དེའི་རྒྱུ་མཚན་ག་རེ་ཡིན་ནམ།

འཇིགས་མེད། ངས་ཁྱེད་ལ་ཁྱེད་ཀྱི་ཕ་སྐད་ག་རེ་རེད་ཅེས་དྲིས་ན་འགྲིག་གམ།

ཀོར་ནེ་ལོ་སི། ངའི་ཕ་སྐད་ནི་ཌི་ནི་ཤིས་ཡིན།

འཇིགས་མེད། དེར་བརྟེན། ཁྱེད་ཀྱིས་ཅིའི་ཕྱིེར་ངོས་ལ་དབྱིན་སྐད་རྒྱག་གིན་ཡོད། དེ་ནི་འབྲེལ་གཏུགས་ཀྱི་ཆེད་དུ་རེད་པཱ། ཁྱེད་ཀྱིས་ཤེས་གསལ་ལྟར། འཛམ་བུ་གླིང་གི་མི་མང་ཆེ་བས་དབྱིན་སྐད་རྒྱག་གིན་ཡོད་པ་རེད། དེ་བཞིན་དུ་ངོས་ཀྱིས་བསམ་པར་དབྱིན་སྐད་ནི་ Free Tibet བོད་རང་བཙན་ཁྱབ་བསྒྲགས་ཀྱི་བརྒྱུད་ལམ་ཡག་ཤོས་དེ་རེད་འདོད་ཀྱི་ཡོད་ལ། ང་ཚོས་བོད་རང་བཙན་དང་དམིགས་བསལ་ད་ལྟ་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པའི་བོད་མི་དེ་ཚོའི་ཆེད་དུ་གཞས་དང་རོལ་དབྱངས་གཏོང་གིན་ཡོད།

ཀོར་ནེ་ལོ་སི། ཁྱེད་ཀྱིས་དགའ་མོས་བྱེད་སའི་བོད་པའི་རོལ་དབྱངས་པ་སུ་ཡིན་ནམ།

འཇིགས་མེད། ངོས་ཀྱི་དགའ་མོས་བྱེད་སའི་བོད་པའི་རོལ་དབྱངས་པ་ Dhungkar ལགས་ཡིན། ངའི་བསམས་པར་ཁོང་ནི་བོད་པའི་སྒྲ་སྙན་རྡུང་ལེན་པ་རྒན་ཤོས་ཤིག་དང༌། ཁོང་ནི་དབྱིན་ལན་ནང་ཆེས་ཐོག་མིའི་བོད་མི་རོལ་དབྱངས་གཏོང་མཁན་ཞིག་ཡིན་པར་སེམས།

དེ་བཞིན་ད་ལྟ་འདས་གྲོངས་སུ་ཕྱིན་ཟིན་པའི་བྱམས་པ་ཚེ་རིང་ལགས། ཁོང་ནི་བོད་ནང་དུ་བོད་མི་ཆེས་ཐོག་མ་རྒྱ་ནག་གཞུང་ལ་ཁ་གཏད་ནས་གཞས་གཏོང་མཁན་ཞིག་རེད། དེ་ནི་ཧ་ཅང་བློ་ཁོག་ཆེན་པོ་རེད། ཕྱིེས་སུ་ཁོང་རྒྱ་ནག་གཞུང་གིས་ལོང་བ་བཟོས་ནས་དམར་གསོད་བཏང་བ་རེད། ཁོང་གྲོངས་སོང་རུང་ཁོང་གིས་གཞས་ད་དུང་བསྡད་ཡོད་པ་རེད། ཁོང་ཚོ་ངའི་སྙིང་ཁོངས་སུ་གནས་ཡོད།

གཞན་ང་རང་བོད་ཀྱི་ཟློས་གར་དང༌། བཀྲས་ཆུང་སོགས་ཀྱི་རོལ་དབྱངས་ལ་ཉན་རྒྱུ་དགའ་པོ་ཡོད། ཁོང་གི་གཞས་ནི་བོད་པའི་སྲོལ་རྒྱུན་གྱི་གཞས་གདངས་ཡིན་པས་ངོས་རང་ཧ་ཅང་དགའ་པོ་ཡོད་ལ། ངའི་སྤུན་ཆུང་བ་ཡང་ཁོང་གི་གཞས་ལ་ཧ་ཅང་དགའ་པོ་ཡོད་པ་རེད།

ཀོར་ནེ་ལོ་སི། མཚམས་འདི་ནས་བོད་སྐོར་སྐད་ཆ་དྲིས་ན། ཁྱེད་རང་ཅིའི་ཕྱིར་བཙན་བྱོལ་དུ་གནས་སྡོད་བྱས་ཡོད་པ་རེད།

འཇིགས་མེད། ངོས། གང་ཡིན་ཟེར་ན་རྒྱ་ནག་གི་ངའི་འགོ་ཐོག་ཏུ་མེ་མདའ་བཞག་གི་ཡོད་པ་རེད། དེར་བརྟེན་ངོས་རང་བཙན་བྱོལ་དུ་སྡོད་དགོས་བྱུང་བ་རེད། ཁྱེད་ཀྱིས་ཤེས་གསལ་ལྟར། ངོས་ཁོང་ཚོའི་འོག་ཏུ་སྡོད་འདོད་མི་འདུག སེམས་ཅན་ཞིག་ཡིན་ནའང་སུ་ཞིག་གིས་ཁོང་ཚོར་འཚེ་བ་བྱེད་ཚེ། དེ་དང་མཉམ་དུ་སྡོད་ཀྱི་མ་རེད། ནམ་ཞིག་ཁོང་ཚོ་བྲོས་ནས་འགྲོ་གི་རེད།

ཁོང་ཚོས་ང་ཚོར་སེམས་ཅན་ནང་བཞིན་ལྟ་ཚུལ་འཛིན་གྱིན་ཡོད་པ་རེད། ཁྱེད་ཀྱིས་ཤེས་གསལ་ལྟར་ང་ཚོ་རྒྱ་ནག་གི་ཆ་ཤས་མ་རེད། བོད་དེ་བོད་མིར་དབང་གི་ཡོད་པ་རེད། བོད་པའི་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས་ནི་རྒྱ་ནག་དང་ཡོངས་སུ་ཐ་དད་རེད། དེར་བརྟེན་སུ་ཞིག་གིས་ཁྱེད་ཀྱི་མགོ་ཐོག་ཏུ་མེ་མདའ་འཇོག་ཚེ་ཁྱེད་རང་དེ་དང་ལྷན་དུ་སྡོད་སྲིད་ཀྱི་རེད་དམ།

ཀོར་ནེ་ལོ་སི། ཁྱེད་ཀྱིས་བསམ་པར་ཁྱེད་ཚོས་རྒྱུ་མཚན་གང་ལ་བརྟེན་ནས་བོད་ནང་དུ་གཞས་དང་རོལ་དབྱངས་རྡུང་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་རེད།

འཇིགས་མེད། གང་ཡིན་ཟེར་ན། ང་ཚོ་སྐྱེས་དུས་ནས་སྐྱབས་བཅོལ་བ་ཞིག་དང་རང་བཙན་སྐོར་ཤོད་མཁན་ཞིག་ཆགས་ཚར་བ་རེད། རྒྱ་ནག་གིས་ང་ཚོར་༼ཁ་བྲལ་རིང་ལུགས་པ་༽ཞེས་འབོད་ཀྱིན་ཡོད་པ་རེད། མ་ཚད་ཁོང་ཚོས་༧གོང་ས་མཆོག་འཇིགས་སྐུལ་དྲག་སྤྱོད་པ་རེད་ཟེར་གྱིན་ཡོད་པ་རེད། ཁྱེད་ཀྱིས་ཤེས་གསལ་ལྟར། དོན་དངོས་ཐོག་ང་ཚོ་དེ་ལྟར་མིན་པར། ང་ཚོར་ང་ཚོའི་རྒྱལ་ཁབ་དང་ལུང་པ་དེ་གཅིག་པུ་ཕྱིར་དགོས་རྒྱུ་དེ་རེད།

ཀོར་ནེ་ལོ་སི། བོད་ནང་དུ་ཁྱེད་ཚོའི་གཞས་ལྟ་ཉན་བྱེད་མཁན་སོགས་ཡོད་དམ།

འཇིགས་མེད། ཡོད་པ་རེད། ངའི་བསམས་པར་མང་པོ་ཡོད་པ་རེད། ང་ཚོར་བོད་ནང་ནས་གློག་འཕྲིན་སོགས་མང་པོ་འབྱོར་གྱི་འདུག ཁོང་ཚོས་རྒྱ་མིང་དང་ཕྱི་རྒྱལ་གྱི་མིང་སོགས་བདེ་སྤྱོད་ནས་དངོས་མིང་མིན་པའི་ཐོག་ནས་འབྲེལ་བ་བྱེད་ཀྱིན་འདུག ཁོང་ཚོས་དངོས་གནས་ང་ཚོར་བསྔགས་བརྗོད་གནང་གིན་འདུག དེར་ང་ཚོར་ཧ་ཅང་དགའ་པོ་ཡོང་གི་འདུག་ལ་ཁོང་ཚོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། འོན་ཀྱང་ཁོང་ཚོས་ང་ཚོར་ཁ་ཐུག་འབྲེལ་བ་གནང་ཐུབ་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། གལ་སྲིད་ཁོང་ཚོ་རྒྱ་གཞུང་གི་ཐེངས་གཅིག་ཤེས་རྟོགས་བྱུང་ཚེ་ཚར་བ་རེད།

ཀོར་ནེ་ལོ་སི། ཁྱེད་ཚོའི་རོལ་དབྱངས་རྡུང་ལེན་འདིའི་བརྒྱུད་མ་འོངས་པའི་རེ་བ་ཆེ་ཤོས་དེ་ག་རེ་ཡིན་ནམ།

འཇིགས་མེད། མ་འོངས་པའི་རེ་བ་ཆེ་ཤོས་དེ་བོད་རང་བཙན་ཐོབ་སྐབས། ཕོ་བྲང་པོ་ཏཱ་ལའི་མདུན་དུ་རོལ་དབྱངས་གཏོང་རྒྱུ་དེ་དང༌། ངོས་ལ་འཛམ་བུ་གླིང་འདིའི་ནང་སྐད་གདངས་ཡག་ཤོས་དེ་བྱུང་ན་བསམས་པ་དེ་ཡིན།

ཀོར་ནེ་ལོ་སི། རོལ་དབྱངས་རྡུལ་ལེན་བརྒྱུད་རང་ཉིད་ཀྱི་ལྟོ་གོས་འཚོལ་ཐུབ་ཀྱི་ཡོད་དམ།

འཇིགས་མེད། ངས་བསམར་པར་ཐུབ་ཀྱི་རེད། འོན་ཀྱང་ད་ལྟ་ངས་སྔོན་དུ་ཞུས་པ་བཞིན་ང་ཚོར་རོལ་དབྱངས་ཀྱི་བཟོ་སྐྲུན་ལྟེ་གནས་དེ་འདྲ་མེད་དུས་ཧ་ཅང་ཁག་པོ་ཡོད་པ་རེད། ཁ་དཔེར། དངུལ་སྙན་གྲགས་ཀྱི་རྗེས་སུ་འགྲོ་བ་དང་སྙན་གྲགས་དངུལ་གྱི་རྗེས་སུ་འབྲངས་ཡོང་གི་ཡོད་པ་རེད། ང་ཚོ་སྙན་གྲགས་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་སྙན་གྲགས་ཆགས་ཀྱང་ད་དུང་དངུལ་ཡོང་སྒོར་ཡོད་པ་མ་རེད། གང་ཡིན་ཟེར་ན། ང་ཚོས་རོལ་དབྱངས་ཚོང་བསྒྱུར་བྱེད་ཀྱིན་ཡོད་པ་མ་རེད། དོན་དངོས་སུ་ང་ཚོས་བོད་རང་བཙན་གྱི་ཆེད་དུ་རོལ་དབྱངས་རྡུང་ལེན་བྱེད་ཀྱིན་ཡོད་པ་རེད། དེར་བརྟེན་རོལ་དབྱངས་རྡུང་ལེན་བྱེད་པ་ནི་དངུལ་གྱི་གནད་དོན་ཞིག་མ་རེད། ཁྱེད་ཀྱིས་ཤེས་གསལ་ལྟར། ངེད་ཅག་ཨ་མ་ལགས་ཀྱི་ཟ་ཁང་འདིའི་བཀའ་དྲིན་ལ་བརྟེན་ནས་འཚོལ་བ་སྐྱེལ་བ་དང༌། འགྲོ་གྲོན་ཡང་རག་གི་འདུག དེའི་སྐོར་ང་རང་སྐྱིད་པོ་འདུག

ཀོར་ནེ་ལོ་སི། མཇུག་མཐར་ཁྱེད་ཀྱིས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་རྒྱ་ཆེ་བའི་གནས་ཚུལ་ཀློག་མཁན་རྣམ་པར་དམིགས་བསལ་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།

འཇིགས་མེད། གནས་ཚུལ་འདི་ཀློག་མཁན་ཚང་མར་རེ་སྐུལ་ཞུ་རྒྱུ་ཞིག་ནི། འཛམ་གླིང་འདིའི་ནང་གནས་པའི་མི་ཚང་མ། ངོས་ཀྱིས་བསམས་པར་གཞི་རྩ་ཚང་མ་གཅིག་པ་རེད། ང་ཚོ་སྐྱེས་པ་ནས་གཅིག་མཚུངས་ཡིན། ང་ཚོར་ང་ཚོའི་ཨ་མའི་བྱམས་བརྩེ་དགོས་ཀྱི་ཡོད་པ་རེད། ཐེངས་འདིར་ངས་གསལ་པོ་བརྗོད་འདོད་པ་ཞིག་ནི། བོད་དེ་རྒྱ་ནག་གི་ཆ་ཤས་རྩ་བ་ནས་མ་རེད། བོད་ཀྱི་བདག་པོ་བོད་མི་རེད།

ད་ལྟ་གནང་སྟངས་ག་རེ་དང་ག་རེ་འབྱུང་དང་འབྱུང་བཞིན་པའི་སྐོར་དོ་སྣང་གནང་རོགས། གང་ཡིན་ཟེར་ན། འཛམ་གླིང་ནི་གྲོང་སྡེ་ཞིག་རེད། ང་ཚོ་ཚང་མ་མཛའ་བརྩེ་དང་བཅས་ཏེ་མཉམ་གནས་བྱེད་དགོས། གལ་སྲིད་རྒྱལ་ཁབ་ཅིག་ལ་ཞི་བདེ་མེད་ཚེ། ངོས་ཀྱིས་བསམས་པར་དེའི་ཤུགས་རྐྱེན་དེ་འཛམ་བུ་གླིང་ལ་ཐེབས་སྲིད་པ་ཞིག་རེད། དེ་ནི་ངོས་ཀྱིས་འཛམ་གླིང་མི་མང་ལ་ཉམས་ཆུང་བའི་རེ་སྐུལ་ཞིག་ཡིན། ང་ཚོར་བོད་རང་བཙན་ཐོབ་པར་ཁྱེད་ཚོ་ཚང་མའི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད།

ཀོར་ནེ་ལོ་སི། ཐུགས་རྗེ་ཆེ།

འཇིགས་མེད། དགའ་བསུ་ཞུ།

གལ་སྲིད་ཁྱེད་རང་དྷ་ས་མེག་ལོ་རུ་ཡོད་ཚེ། ཁྱེད་ཀྱིས་ JJI བཙན་བྱོལ་སྤུན་ཟླ་གསུམ་པོ་མཐོང་ཐུབ་ལ། དྷ་ས་སྦག་སུ་ལམ་དུ་ཡོད་པའི་ཁོང་ཚོའི་ཟ་ཁང་དེའི་ནང་རེས་གཟའ་ཉི་མའི་དགོངས་མོར་རྟགས་པར་ཁོང་ཚོས་རོལ་དབྱངས་རྡུང་ལེན་འཁྲབ་སྟོན་བྱེད་ཀྱིན་ཡོད། ད་དུང་གནས་ཚུལ་དེ་ནས་མང་བ་ཤེས་རྟོགས་དགོས་ཚེ།  www.jjiexilebrothers.com. ཁོང་ཚོའི་དྲ་རྒྱ་འདིར་གཟིགས་ཞིབ་གནང་རོགས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༩༢༠༡༢༢༡༤༢
སྟོབས་རྒྱལ
ཁྱེད་ཆོ༹འི་གླུ་གཞས་ཀྱི་མདུན་ལམ་ལས་འོད་སྟོང་འཕྲོས་པའི་རེ་སྨོས་ཞུ་



བརྗོད་གཞི་གཞན་ཁག་ལ་གཟིགས།