བོད་དོན་ལས་འགུལ་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་ཐུབ།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༡ཟླ་༢ཚེས་༢༡ཉིན། ད་ལྟ་ཆེས་ཡིད་སྐྱོ་དགོས་པ་ཞིག་ནི། འཛམ་གླིང་གི་ས་གནས་གང་སར་ཡོད་པའི་མི་མང་གྲངས་ལས་འདས་པ་ཞིག་གིས་བོད་དོན་དང་རྒྱ་ནག་གི་བཙན་གནོན་འོག་ནས་བོད་མི་མང་པོ་ཉེན་གཡོལ་དུ་ཡོང་གི་ཡོད་པའི་གནས་ཚུལ་དེ་ཤེས་རྟོགས་ཐུབ་ཀྱི་མེད། དེ་བས་གཟའ་འཁོར་འདིའི་ནང་བཞུགས་སྒར་དྷ་རམ་ས་ལ་རུ༌། བཙན་བྱོལ་གྱི་ཉིན་རེའི་འཆར་འགོད་པ་དང་རྩོམ་པ་པོ་ཊོ་མའི་ཝི་ནན་ཌི་ལགས་དང་ལྷན་དུ་བོད་དོན་ལ་ སྔར་ལས་ལྷག་པའི་བྱ་བ་ཅི་ཞིག་བསྒྲུབ་ཐུབ་པའི་སྐོར་གླེང་མོལ་བྱས་པ་ཡིན།

ཊོ་མའི་ལགས་ཀྱིས་རྒྱལ་ཁབ་འདྲ་མིན་གྱི་མི་མང་ཧ་ཅང་མང་པོ་ཞིག་གིས་བོད་དོན་ཐོག་མཚར་སྣང་སྐྱེས་ཀྱི་ཡོད་ཀྱང༌། དོན་དངོས་སུ་ཁོ་རང་ཚོས་བོད་དོན་ཐད་ཤེས་རྟོགས་བྱུང་བ་དེ་ཧ་ཅང་ཉུང་ཉུང་རེད། ཊོ་མའི་ལགས་ཀྱིས་རང་གི་ཨ་རིའི་ནང་གི་དུས་ཡུན་རིང་པོའི་ཉམས་མྱོང་ལ་དཔག་ནས་བརྗོད་རྒྱུར། ཨ་རིའི་ནང་གི་མི་བརྒྱ་ཆ་༩༠ཙམ་གྱིས་ཐ་ན་བཙན་བྱོལ་བོད་གཞུང་ཟེར་བ་ཞིག་ཡོད་པའང་ཤེས་ཀྱི་མེད་ཀྱང༌། མི་མང་པོ་ཞིག་གིས་སྐྱབས་བཅོལ་བོད་མིས་དཀའ་སྡུག་གྲངས་མང་བརྒྱུད་པའི་ལོ་རྒྱུས་ཙམ་ཐོས་ནས་ཧ་ལས་ཀྱི་འདུག་ཅེས་བརྗོད་བྱུང༌།

ཡང་ཁོ་མོས། མི་མང་པོ་ཞིག་གིས་ཨོ་མོས་ལོ་ངོ་བཅུ་ལྷག་ལ་མནར་གཅོད་མྱོང་མཁན་ཞིག་དང་ལྷན་དུ་ཇ་འཐུང་གི་འདུག་བསམ་སྲིད་ལ། ད་ལྟ་ངའི་དམིགས་ཡུལ་གཙོ་བོ་ནི་མི་རྣམས་ལ་བོད་ཀྱི་རིག་གཞུང་ལ་སྤྲོ་སྣང་སློང་བ་དང་བོད་ཀྱི་སྤྱི་ཚོགས་འཚོ་བ་དངོས་ལ་རྒྱུས་ལོན་བྱེད་པར་སྐུལ་འདེད་བྱ་རྒྱུ་དེ་ཡིན་ཅེས་བརྗོད་བྱུང༌།

བོད་རིགས་སྐྱབས་བཅོལ་བ་ཚོས་སོ་སོས་བརྒྱུད་ཟིན་པའི་ལོ་རྒྱུས་ལ་དྲན་གསོ་དང་སྐུལ་མ་ཡོང་བའི་ཆེད་དུ་ཁོ་མོས་བཙན་བྱོལ་ཀྱི་ཉིན་རེའི་ལས་འཆར་ཞེས་པའི་དྲ་རྒྱ་ཞིག་གསར་བཟོ་གནང་ཡོད་པ་མ་ཟད། བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་རུ་བོད་ཀྱི་ཆབ་སྲིད་བཙོན་མ་ཚོར་སློབ་ཁྲིད་གནང་གི་ཡོད་པ་དང༌། ཁོ་མོས་ཚོགས་པ་དེ་རུ་སློབ་སྦྱོང་གནང་མཁན་ཚོ་དེ་སྔོན་རྒྱ་གཞུང་གི་རྡུང་རྡེག་དང་མནར་གཅོད་ཡ་ང་བ་བཏང་ཏེ། ལུས་ཡོངས་སུ་རྨ་ཤུལ་གྱིས་ཁེངས་པ་དང༌། དྲན་པ་དང་རྣ་ཤེས་ཉམས་པ། ཆེད་དམིགས་ཀྱིས་མགོ་ལ་གཅར་རྡུང་དྲག་པོ་བྱས་ནས་ཚེ་གང་གི་ནད་པ་བཟོས་ཡོད་ཚུལ་འགྲེལ་བརྗོད་གནང་བྱུང༌།

ཡང་ལོ་ངོ་༡༣ལྷག་ལ་བཙོན་ཁང་དུ་མནར་གཅོད་དང་དཀའ་སྡུག་མྱངས་བའི་བོད་རིགས་གཞོན་ནུ་ཞིག་གིས་རྨ་ཤུལ་གྱིས་ཁེངས་བའི་མཁྲིག་མ་བསྟན་ནས་རང་གིས་མྱངས་ཟིན་པའི་མནར་གཅོད་དེ་ཚོ་རེ་རེ་བཞིན་འགྲེལ་བརྗོད་བྱེད་སྐབས། ཊོ་མའི་ལགས་ཀྱིས་རང་དབང་མེད་པར་མིག་ནས་མཆི་མ་ལྷུང་ཞོར་དུ་བརྗོད་དོན། སྤྱིར་བཏང་གནད་དོན་དེ་ནི་ཁོའི་བཞུད་ཟིན་པའི་ལམ་བུ་ཞིག་ཡིན་ནའང་ངས་མིག་ནས་མཆི་མ་དབང་མེད་དུ་ཤོར་སོང༌། ཁོས་ད་དུང་ང་ལ་སེམས་གསོ་བྱས་སོང༌། ངས་མནར་གཅོད་འདི་མྱོང་མཁན་ཁྱེད་རང་རེད། ཁྱེད་ཀྱིས་ད་དུང་ང་ལ་སེམས་གསོ་བྱེད་ཀྱི་ཡོད་པ་དངོས་གནས་ཧ་ལས་དགོས་པ་ཞིག་རེད་ཅེས་ལབ་པ་ཡིན་ཟེར།

ཡང་ཁོ་མོས་བོད་རིགས་ཚོས་སོ་སོའི་རང་དབང་དང་ཐོབ་ཐང་སོགས་བརླགས་ཟིན་ཀྱང༌། སོ་སོའི་ངོ་བོ་དེ་ད་དུང་བརླག་མེད་པ་དངོས་གནས་ཧ་ལས་དགོས་པ་ཞིག་ཡིན་ལ། འདི་ནི་ཁོ་ཚོས་ཅིའི་ཕྱིར་སོ་སོའི་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས་པའི་རྒྱུ་མཚན་ངོ་མ་དེ་རེད།

ཡིན་ནའང༌། འཛམ་གླིང་མི་མང་གིས་དོན་དངོས་འདི་དག་ཤེས་ཀྱི་མེད། ཁོང་ཚོས་ཤེས་རྟོགས་བྱུང་འདོད་ཀྱི་འདུན་པ་ཡོད་ཀྱང་ཇི་ལྟར་བྱས་ནས་ཤེས་དགོས་ཀྱི་ཡོད་མེད་ཤེས་ཀྱི་མེད། དེ་བས་མི་མང་པོ་ཞིག་གིས་ཐ་ན་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའང་ཤེས་ཀྱི་མེད་ལ། བོད་མི་ཟེར་བ་ཞིག་ལ་གཏན་ནས་ཐུག་མྱོང་མེད། དེ་བས་ང་ཚོ་མནར་གཅོད་འདི་མྱོང་མཁན་དང་ཤེས་རྟོགས་བྱུང་མཁན་ཚོས་ངེས་པར་དུ་ངོ་དེབ་དང་མ་ཡེ་སུ་ཕེ་སུ། ཊིའི་ཊིར་སོགས་སྤྱི་ཚོགས་བརྒྱུད་ལམ་སྣ་ཚོགས་སྤྱད་ནས་བརྒྱུད་སྒྲོག་བྱས་པ་ཡིན་ན། ཏན་ཏན་འགྱུར་ལྡོག་ཅིག་འབྱུང་ངེས་རེད། ཡིན་ནའང། ད་ལྟའི་བར་དུ་བོད་རིགས་ཚོས་བརྒྱུད་ལམ་གྱི་འབྲེལ་བར་བརྟེན་ནས་འཛམ་གླིང་ལ་དོན་དངོས་ཁྱབ་བསྒྲགས་ཚད་དང་ལྡན་པ་དང་ཡོངས་ཁྱབ་རང་བཞིན་ཅན་ཞིག་བྱེད་ཐུབ་མི་འདུག་ཅེས་བརྗོད་བྱུང།

ད་ལྟ་བཞུགས་སྒར་ཁུལ་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་སོགས་སུ། རྒྱལ་ཁབ་གང་ས་ནས་ཡོང་བའི་དང་བླངས་བ་ཚོས་བོད་རིགས་སྐྱབས་བཅོལ་བ་རྣམས་ལ་དྲ་རྒྱའི་འབྲེལ་ལམ་ལ་བརྟེན་ནས་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་བརྒྱུད་སྒྲོག་བྱེད་པར་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་དང༌། དང་བླངས་བ་ཁ་ཤས་གཟའ་འཁོར་གཅིག་མ་གཏོགས་སྡོད་ཀྱི་མེད་ནའང་སོ་སོའི་ཡུལ་སྐོར་སྤྲོ་འཆམ་གྱི་དུས་ཚོད་ཐུང་ཐུང་དེའང་སྤྱི་ཚོགས་ཞབས་ཞུ་ཡི་ཆེད་དུ་གཏོང་བཞིན་ཡོད་པ་དང༌། ཐ་ན་དུས་ཚོད་ནར་འགྱངས་ཀྱིས་ཞབས་ཞུ་སྒྲུབ་མཁན་ཡང་ཡོད་པས། བོད་པ་ཚོས་སོ་སོའི་ཆེད་དུ་རོགས་ཕན་གང་ལེགས་བསྒྲུབ་དགོས་པའི་སྐོར་ཊོ་མའི་ལགས་ཀྱིས། བོད་རིགས་སློབ་མ་ཚོས་རྒྱུན་དུ་ང་ལ་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཟེར་གྱི་འདུག ཡིན་ནའང། ངས་ཁྱེད་རང་ཚོས་ཀྱང་ཕྱིའི་རྒྱལ་ཁབ་ཀྱི་མི་མང་སྟོང་ཕྲག་མང་པོར་འབྲེལ་མཐུད་བྱས་ནས་བོད་དོན་ཁྱབ་བསྒྲགས་བྱེད་ཐུབ་ངེས་རེད་ཅེས་ལབ་པ་ཡིན་ཟེར།

ཡང་ཁོ་མོས་མུ་མཐུད་ནས་བརྗོད་རྒྱུར། ངས་ཁོང་ཚོར་ང་འདི་རུ་འདུག་ཡུན་ཅི་ཙམ་གྱིས་རིང་བ་ཡོད་ན་དེ་ཙམ་གྱིས་གནས་ཚུལ་ཤེས་རྟོགས་བྱུང་བ་ཉུང་དུ་འགྲོ་ངེས་རེད། གང་ཡིན་ཟེར་ན། ངས་རྒྱུན་དུ་མི་རྣམས་ལ་རྒྱ་ནག་ནས་ཡོང་བའི་བོད་པ་དེ་ཚོས་གནས་ཚུལ་མང་པོ་ཞིག་མཁོ་སྤྲོད་བྱེད་ཐུབ་ངེས་རེད་ཅེས་ལབ་པ་ཙམ་ལྟ་བུ་རེད། སྤྱིར་བོད་ནས་ཡོང་མཁན་གྱི་བོད་པ་སྐྱབས་བཅོལ་བ་རེ་རེར་དཀའ་སྡུག་གི་ལོ་རྒྱུས་རེ་རེ་བརྗོད་རྒྱུ་ཡོད་ཀྱང་གཞན་ལ་ཤེས་སུ་འཇུག་ཐུབ་ཀྱི་མི་འདུག་ཅེས་བརྗོད་བྱུང༌།

ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ལ་གློག་ཀླད་བཀོལ་སྤྱོད་དང་དྲ་རྒྱ་དོ་དམ་གྱི་དང་བླངས་པ་ཞིག་དགོས་མཁོ་ཆེ་བ་དང༌། ཊོ་མའི་ལགས་ཀྱིས་ཀྱང་ངོ་དེབ་བརྒྱུད་ནས་ http://everydayexile.blogspot.com དྲ་བར་རོགས་སྐྱོར་དང་ཞལ་འདེབས་རེ་འབུལ་སོན་ཡོང་བའི་རེ་སྐུལ་ཞུས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།