ང་ཚོའི་དམིགས་ཡུལ་ནི་ཁོང་ཚོར་སློབ་སྦྱོང་སྤྲོད་རྒྱུ་དེ་ཡིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༡༤ཉིན། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ནི་༡༩༩༧ལོར་ཨ་རིའི་ཊོ་ལེན་གཙུག་ལག་སློབ་གྲྭ་ཆེན་མོའི་ཆེད་མཁས་པ་ཞིག་གིས་བཞུགས་སྒར་དྷ་རམ་ས་རུ་གསར་དུ་བཙུགས་པ་ཞིག་ཡིན་ལ། དྷ་ས་ཁུལ་དུ་ཡོད་པའི་བོད་རིགས་དང་མི་རིགས་གཞན་གྱི་སློབ་སྦྱོང་ལ་དགའ་བའི་སྐྱ་སེར་ཚོར་རྒྱ་བོད་དབྱིན་གསུམ་དང་གློག་ཀླད། འདྲ་པར་སོགས་ཀྱི་ཐད་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲད་ཀྱི་ཡོད།

ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་དྲུང་ཡིག་ཚེ་རིང་སྒྲོན་དཀར་ལགས་ཀྱིས། ང་ཚོའི་དམིགས་ཡུལ་ནི་བོད་ནས་ཡོང་བའི་བོད་མི་ཚོར་སློབ་སྦྱོང་གི་གོ་སྐབས་སྤྲོད་པའི་ཆེད་དུ་ཡིན་ལ། ཁོང་ཚོའི་ནང་ནས་རང་ལོ་༡༨ནས་༢༥བར་དུ་སློབ་གྲྭར་ཚུད་ཀྱི་ཡོད་ཀྱང༌། རང་ལོ་༢༥ལས་བརྒལ་བ་ཡིན་ན་སློབ་ལོ་ལས་བརྒལ་བར་བརྟེན་སློབ་གྲྭར་ཚུད་ཀྱི་མེད་པས། འདི་ག་སྤྱི་ཚོགས་ཞབས་ཞུ་ཁང་ནས་ཁོང་ཚོར་སྐད་རིགས་སྣ་ཚོགས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་ཀྱི་ཡོད་ཅེས་བརྗོད་བྱུང༌།

ཡང་འདྲ་པར་དང་གློག་བརྙན་སློབ་མཁན་རྒན་ལའུ་ཉན་ཉོ་ལགས་ཀྱིས་སྤྱི་ཚོགས་ཞབས་ཞུ་ཁང་འདི་རུ། སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱང་དགུན་གནང་གི་སྐབས་སུ་ཟླ་གཉིས་གསུམ་གྱི་དུས་ཡུན་དེ་དམ་འཛིན་བྱས་ནས་པར་དང་གློག་ཀླད་སོགས་རིག་གནས་འདྲ་མིན་ལ་སློབ་སྦྱོང་བྱེད་དུ་ཡོང་གི་ཡོད་པ་དང༌།  མ་འོངས་པར་གསར་འགོད་པ་བྱེད་རྒྱུར་རེ་བས་ཁེངས་བོད་རིགས་སློབ་མ་བསྟན་འཛིན་ལགས་ཀྱིས་ང་རང་འདི་རུ་ཡོང་ནས་ཤེས་བྱ་མང་པོ་ཞིག་ལ་སློབ་སྦྱོང་བྱེད་ཐུབ་སོང་ཞེས་བརྗོད་པ་དང༌། དེ་བཞིན་ཁོང་ལྟ་བུའི་སློབ་ཕྲུག་མང་པོ་ཞིག་ལ་མ་འོངས་པར་གསར་འགོད་ལས་རིགས་ལ་གཉེར་འདོད་ཀྱི་འདུན་པ་ཤིན་ཏུ་ཆེན་པོ་འདུག་ཅེས་བརྗོད་འདུག

སྤྱི་ཚོགས་ཞབས་ཞུ་ཁང་འདིར་དང་བླངས་ལས་བྱེད་༥ནས་༡༠ཙམ་གྱིས་ཉིནརེའི་དོ་དམ་དང་ལས་རིགས་ཁག་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་ལ། དེའི་སྐོར་དང་བླངས་ལས་བྱེད་འབྲེལ་མཐུད་པ་བློ་བཟང་རབ་གསལ་གྱིས་བརྗོད་དོན། དང་བླངས་ལས་བྱེད་མང་ཆེ་བ་ཁ་ན་ཌ་དང་ཨོ་སུ་ཁྲུ་ཡ། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ནས་ཡོང་བ་དང༌། ཁོང་ཚོའི་ཁྲོད་ནས་མང་ཆེ་བ་ཞིག་གཟའ་འཁོར་གཉིས་དང་གསུམ་ཙམ་ལས་སྡོད་ཀྱི་མེད་པ་དང༌། ཡང་ཁ་ཤས་རེ་ཟླ་གཉིས་དང་དུས་ཡུན་རིང་བོར་སྡོད་མཁན་ཡང་ཡོད་ཅེས་འགྲེལ་བརྗོད་གནང་འདུག

ཞབས་ཞུ་ཁང་འདི་རུ་སློབ་གསོའི་ལས་རིགས་ལས་གཞན་སྤྱི་ཚོགས་ཀྱི་ལས་རིགས་ཀྱང་སྣ་ཚོགས་གཉེར་གྱི་ཡོད་ལ། དཔེར་ན། ༢༠༠༩ལོའི་ཟླ་༩པར་མི་༡༤༥ཙམ་ལ་རིན་མེད་ཀྱི་ཐོག་ནས་མིག་ལ་བརྟག་དཔྱད་བྱས་ནས་སོ་སོའི་མིག་ལ་རན་པའི་མིག་ཤེལ་མཁོ་སྤྲོད་གནང་ཡོད་འདུག  ཚོགས་གཙོ་ངག་དབང་རབ་གསལ་གྱིས་མ་འོངས་པའི་ལས་འཆར་གྱི་སྐོར་འགྲེལ་བརྗོད་གནང་དོན། ང་ཚོས་ད་ལྟ་ལས་འཆར་ཁ་ཤས་ཤིག་གྲ་སྒྲིག་བྱེད་བཞིན་ཡོད་ལ། ལྷག་པར་དུ་ཁོར་ཡུག་དང་འབྲེལ་བའི་ལས་འཆར་འགའ་གྲ་སྒྲིག་བྱེད་བཞིན་ཡོད། དེ་ཚོ་འདི་ལོའི་ཟླ་༥པའི་ཟླ་མཇུག་ཏུ་ལེགས་འགྲུབ་ཡོང་བའི་རེ་བ་བཅངས་ཡོད་ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།