བོད་པ་ཚོས་རྒྱལ་ཕྱིའི་རིག་གཞུང་ལའང་རྒྱུས་ལེན་བྱེད་དགོས་ཀྱི་འདུག

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༢ཚེས་༣ཉིན། རང་རེའི་བཙན་བྱོལ་སྤྱི་ ཚོགས་ནང་དུ་འཚར་ལོང་བྱུང་ཞིང་ཆུང་དུས་ནས་གླུ་གཞས་གཏོང་བར་སྤྲོ་སྣང་ཆེ་བའི་ བོད་རིགས་གཞོན་སྐྱེས་གཞས་པ་ཁ་ར་སྤེན་པ་ལགས་ནི་རྒྱལ་ཕྱིའི་རོལ་དབྱངས་ལ་ཆེད་དུ་སློབ་སྦྱོང་གནང་མཁན་ཞིག་ཡིན་ལ། ཁོང་གིས་བོད་གཞུང་ཟློས་གར་ཁང་དུ་ལོ་ངོ་༣ལྷག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ གཞས་དང་རོལ་དབྱངས་ཀྱི་ཕྱོགས་ལ་སློབ་སྦྱོང་གནང་རྗེས། བོད་ཁྱིམ་སློབ་གྲྭ་རུ་ལོ་༨ཙམ་ལ་རོལ་དབྱངས་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་ དང༌། ཕྱི་ལོ་༢༠༠༧ཟླ་༤བའི་ཟླ་མཇུག་ཙམ་ནས་བཟུང་ལྷོ་ཀོ་རི་ཡའི་རོལ་དབྱངས་སློབ་གྲྭ་ ཞིག་ཏུ་མུ་མཐུད་དེ་རྒྱལ་ཕྱིའི་རོལ་དབྱངས་ཀྱི་ཕྱོགས་ལ་སློབ་སྦྱོང་གནང་བཞིན་ འདུག

ཀོ་རི་ཡ་དང་རང་རེའི་བོད་ཀྱི་རིག་གཞུང་བར་ཕན་ཚུན་རྒྱུས་ལོན་དང་བསམ་ཚུལ་བརྗེ་རེས་བྱེད་པ་དང༌། བཙན་བྱོལ་དུ་ཡོད་པའི་བོད་ཀྱི་སློབ་ཕྲུག་ཚོར་རྒྱལ་ཕྱིའི་གླུ་གཞས་གཏོང་སྟངས་དང་རོལ་དབྱངས་སོགས་ཀྱི་ཐད་གོ་རྟོགས་སྤེལ་བའི་ཆེད་དུ།  ཉེ་ཆར་ཁོང་དང་ཀོ་རི་ཡའི་སློབ་གྲོགས་བདུན་བཅས་བོད་ཁྱིམ་སློབ་གྲྭ་ཁག་དང་སཱ་ར་མཐོ་སློབ། དེ་བཞིན་བོད་གཞུང་ཟློས་གར་ཁང་སོགས་ཀྱི་ནང་དུ་གཞས་དང་ཞབས་བྲོ་སོགས་འཁྲབ་སྟོན་དང་རྒྱུས་ལོན་གནང་བཞིན་ཡོད་པས། ཁ་སང་ཕྱི་ཚེས་༢ཉིན་ཁོང་ཚོ་འདི་ག་གསར་ཁང་དུ་ཆེད་ཕེབས་གནང་བའི་གོ་སྐབས་དང་བསྟུན་ནས་གཞས་པ་ཁ་ར་སྤེན་པ་ལགས་ལ་བཅར་འདྲི་ཐུང་ཐུང་ཞིག་བྱས་ཡོད།

ཁོང་གིས་རང་ཉིད་གླུ་གཞས་གཏོང་བའི་སྒྱུ་རྩལ་གྱི་ལམ་བུ་འདིར་ཞུགས་པའི་སྐོར་བརྗོད་དོན། ང་རང་ཆུང་དུས་ནས་གླུ་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་རྒྱུར་ཧ་ཅང་དགའ་བོ་ཡོད་ལ། སྒྱུ་རྩལ་གྱི་ལམ་བུ་འདི་ལ་རིམ་གྱིས་སློབ་སྦྱོང་བྱས་སྟེ། གཞས་ཞབས་བྲོ་དང་རོལ་དབྱངས་སོགས་ཀྱི་ཕྱོགས་ལ་ཤེས་རྟོགས་དང་རྒྱུས་མངའ་ཆེ་རུ་འགྲོ་བ་དང་བསྟུན་ནས་དེ་ལ་འབད་བརྩོན་བྱེད་པའི་སེམས་ཤུགས་དང་སྤྲོ་སྣང་ཆེན་པོ་སླེབས་སོང༌། དེ་སྔོན་བདག་གིས་ལྷོ་ཀོ་རི་ཡ་ནས་རིག་གཞུང་འཁྲབ་སྟོན་བྱས་པ་སོགས་ཕྱོགས་བསྡུས་བྱས་པའི་ཆེད་སྒྲིག་བརྙན་འཁོར་གཅིག་དང་བཅས་ཁྱོན་ཆེད་སྒྲིག་བརྙན་འཁོར་ལྔ་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱས་པ་ཡིན། ཞེས་བརྗོད་བྱུང༌།
བོད་ནང་ལ་མཚོན་ན། གཞས་པ་གཞས་མ་ཚོས་བོད་ཀྱི་གནས་བབ་དང་སློབ་གསོ་སོགས་བརྗོད་བྱ་གཙོ་བོར་བཟུང་བའི་གླུ་གཞས་གཏོང་གི་ཡོད་ལ། རང་རེའི་བཙན་བྱོལ་ནང་གི་གཞས་པ་གཞས་མ་ཚོས་ཕོ་མོའི་བརྩེ་དུང་གི་སྐོར་གྱི་གཞས་མང་པོ་གཏོང་གིན་ཡོད་པས། ཁོང་གིས་གཞས་ཚིག་གི་སྐོར་ནས་བརྗོད་དོན། སྔོན་ཆད་ང་རང་གིས་འགྲེམས་སྤེལ་བྱས་པའི་ཆེད་སྒྲིག་བརྙན་འཁོར་དག་གི་ནང་དུ་བརྗོད་བྱ་རིགས་ཆོས་དང་ཆབ་སྲིད༌། སློབ་གསོ་སོགས་མ་འདུས་བ་མེད་ལ། དེ་ལས་ཕལ་ཆེར་བ་ཞིག་བོད་རང་བཙན་དང་༧མགོན་པོ་གང་ཉིད་ལ་བསྟོད་པ་བྱས་པའི་གཞས་ཚིག་མང་པོ་ཡོད་ཅེས་བརྗོད་བྱུང༌།

གཞས་ཞབས་བྲོ་ཡིས་སྤྱི་ཚོགས་ལ་ཕན་ནུས་དང་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཐུབ་པའི་སྐོར་ཁོང་གིས། སྤྱིར་བཏང་ངས་བོད་སྤྱི་ཡོངས་ལ་ཕན་མ་ཐོགས་པ་ཡིན་ནའང། ང་རང་ལྷོ་ཀོ་རི་ཡ་ལ་བསྡད་ནས་གང་ཐུབ་ཐུབ་ཀྱིས་ཀོ་རི་ཡའི་མི་མང་ལ་ང་ཚོ་བོད་མི་རིགས་ཟེར་བ་དང་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་གླུ་གཞས་གཏོང་སྟངས་སོགས་ངོ་སྤྲོད་དང་ཁྱབ་བསྒྲགས་བྱེད་ཀྱི་ཡོད༌། ལྷོ་ཀོ་རི་ཡའི་མི་མང་ཚོས་བོད་ཀྱི་གླུ་གཞས་ཟེར་དུས་འཁྲུག་པོ་མེད་པར་ཧ་ཅང་དལ་ལྷོད་དང་སྒོམ་ཉམས་ལེན་གྱི་དབྱངས་རྟ་ལྟ་བུ་ཞིག་ལ་ངོས་འཛིན་གནང་གི་ཡོད་པས། གཞས་ཅུང་འཁྲུག་ཆ་དོད་པོ་དང་མགྱོགས་པོ་འདྲ་བོ་བཏང་བ་ཡིན་ན། ཁོང་ཚོ་ཧང་སང་ནས་བོད་གཞས་དེ་འདྲ་ཡོད་པ་ཧ་གོ་མ་སོང་ཟེར་གྱི་འདུག ངས་རྒྱུན་དུ་ཁོང་ཚོར་བོད་པའི་གཞས་གཏོང་སྟངས་ལ་རིགས་མི་འདྲ་ཧ་ཅང་མང་པོ་ཡོད་པ་རེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་ཟེར།

ཡང་ཁོང་གིས་ང་ཚོ་སྐྱབས་བཅོལ་དུ་ཡོད་མཁན་གཞས་པ་གཞས་མ་ཚོས་གཞས་ཀྱི་གཏོང་སྟངས་དང་བསམ་བློའི་འཁྱེར་ཕྱོགས་ཀྱི་སྐོར་ནས་གསུངས་དོན། བོད་རང་གི་རིག་གཞུང་དེ་གལ་ཆེན་པོ་དང་གཞི་རྩར་བཞག་པའི་ཐོག་ནས་གསར་གཏོད་གང་མང་བྱེད་རྒྱུ་གལ་ཆེན་པོ་རེད། ང་ཚོ་བོད་པའི་གཞས་ཀྱི་ཁྱད་ཆོས་རྒྱུད་འཛིན་ཁོ་ན་ཙམ་བྱས་ནས་བསྡད་པ་ཡིན་ན། བོད་རང་གི་སྤྱི་ཚོགས་ཀྱི་ར་བ་འདི་ལས་བརྒལ་ཐུབ་ཀྱི་མེད། དེ་བས་ང་ཚོས་ངེས་པར་དུ་རྒྱལ་ཕྱིའི་རོལ་དབྱངས་དང་གོམ་པ་མཉམ་དུ་སྤོ་ཐུབ་པར་འབད་བརྩོན་བྱེད་དགོས་ཀྱི་འདུག ང་རང་ཡིན་ན་དེ་སྔོན་ལྷོ་ཀོ་རི་ཡའི་ནང་དུ་ཐེངས་གསུམ་ཙམ་ལ་རོལ་དབྱངས་འདུ་ཚོགས་ལ་མཉམ་ཞུགས་བྱེད་ཐུབ་པ་བྱུང་ལ། སྤྱིར་བཏང་ང་རང་རོལ་དབྱངས་ཀྱི་ཕྱོགས་ནས་མཁས་པ་དེ་འདྲ་མ་རེད་ལ། ད་ལྟ་སྦྱངས་དང་སྦྱོང་བྱེད་བཞིན་པ་ཡིན།  ཡིན་ནའང། ང་རང་གིས་བལྟས་ན་རོལ་དབྱངས་ཀྱི་ཕྱོགས་ནས་ང་ཚོ་བོད་པ་ཅུང་རྗེས་ལུས་ཐེབས་ཡོད་པའི་ཚོར་སྣང་ཡོད་ལ། བོད་ཀྱི་གཞས་པ་གཞས་མ་དང་རོལ་མོ་བ་རྣམས་ཀྱིས་ཤུགས་སྣོན་རྒྱག་དགོས་ས་དང་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་མང་པོ་ཞིག་ལྷག་འདུག་ཅེས་བརྗོད་བྱུང༌།

ཁོང་གིས་ད་ལྟའི་བར་དུ་གཞས་དང་ཞབས་བྲོ་ཡི་གར་སྟེགས་གང་མང་ཞིག་བརྒྱུད་པའི་ནང་ནས་༧གོང་ས་མཆོག་དགུང་གྲངས་བདུན་བཅུར་ཕེབས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པའི་༼སྐུ་མདུན༽ཟེར་བའི་གཞས་དེ་ཆེས་ལེགས་འགྲུབ་བྱུང་བ་དང་མི་མང་གིས་དགའ་བསུ་ཐོབ་པའི་གཞས་ཤིག་ཏུ་ང་རང་གིས་ངོས་འཛིན་བྱེད་ཀྱི་ཡོད་ལ།  གཞས་དེའི་ཚིག་རྩོམ་པ་པོ་བེ་རི་འཇིགས་མེད་དབང་རྒྱལ་ལགས་དང༌།  གདངས་ང་རང་གིས་བརྩམས་པ་ཡིན། གཞས་དེ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཧ་ཅང་ཁྱབ་ཆེན་པོ་ཆགས་ཡོད་ལ། གཞས་ཚིག་ལ་ཕུལ་བྱུང་གི་བྱ་དགའ་ཡང་ཐོབ་སོང་ཟེར།

དེ་ནས་ཁོང་གི་སློབ་གྲོགས་ཀོ་རི་ཡ་རྣམས་ལ། སྤྱིར་བོད་དང་བོད་མིའི་གནས་སྟངས་ཀྱི་སྐོར་ལ་གོ་ཐོས་གང་འཚམས་རེ་བྱུང་ཡོད་རྒྱུ་རེད། ཡིན་ནའང༌། སོ་སོ་དངོས་སུ་བོད་པའི་སྤྱི་ཚོགས་ནང་དུ་ཡོང་ནས་བོད་པ་དང་མཉམ་དུ་འབྲེལ་འདྲིས་བྱུང་བའི་སྐབས་སུ་སེམས་ལ་ཚོར་སྣང་ག་འདྲ་ཞིག་བྱུང་གི་འདུག་ཅེས་དྲིས་པར་ཁོ་ཚོས། ཀོ་རི་ཡ་དང་བོད་པའི་བར་འདྲ་བའི་ཆ་ཧ་ཅང་མང་པོ་ཞིག་ཡོད་དུས། རང་གི་སྤྱི་ཚོགས་ཤིག་གི་ནང་དུ་སླེབས་པ་ལྟ་བུའི་ཚོར་སྣང་བྱུང༌། དང་ཐོག་ང་ཚོས་ལས་རིམ་ཁག་གོ་སྒྲིག་བྱེད་སྐབས་སེམས་ལ་དོགས་པ་དང་ཐེ་ཚོམ་མང་པོ་འདུག ཡིན་ནའང༌། དངོས་སུ་སྤྱི་ཚོགས་འདིར་སླེབས་ནས་བོད་པའི་སློབ་ཕྲུག་ཚོར་འབྲེལ་འདྲིས་བྱུང་དུས། སེམས་ལ་འགྱུར་བ་ཆེན་པོ་ཐེབས་སོང༌། བོད་པའི་སློབ་ཕྲུག་དེ་ཚོ་རིག་པ་སྤྱང་ཞིང་སློབ་སྦྱོང་ལ་བརྩོན་སེམས་ལྡན་པ། རང་གི་མི་རིགས་ལ་དུང་ཞེན་ཆེ་བ་སོགས་མཐོང་དུས་ཧ་ཅང་དགའ་བོ་བྱུང་ལ། དེ་དང་མཉམ་དུ་སྐྱོ་སྣང་ཡང་བྱུང་སོང༌། གང་ཡིན་ཟེར་ན། ཁོ་ཚོ་ལོ་ན་ཆུང་བའི་དུས་ནས་སོ་སོའི་ཕ་མ་གཉེན་ཉེ་དང་བྲལ་ནས་མི་ཡུལ་དུ་སྐྱབས་བཅོལ་ལ་སླེབས་པ་དང༌། སོ་སོའི་ཕ་ཡུལ་དུ་ལོག་ཐབས་མེད་པ་དང་རང་གི་འདོད་བློ་ལྟར་སློབ་སྦྱོང་གི་གོ་སྐབས་མ་རག་པ་སོགས་ཀྱི་དཀའ་ངལ་འདུག  ཡིན་ནའང༌། བཙན་བྱོལ་དུ་ཡོད་པའི་སློབ་ཕྲུག་ཚོས་བོད་པའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱས་པ་ཙམ་མ་ཡིན་པར། རྒྱལ་ཁབ་དང་མི་རིགས་གཞན་གྱི་རིག་གཞུང་ལ་རྒྱུས་ལོན་དང་བསམ་ཚུལ་བརྗེ་རེས་བྱེད་པའི་གོ་སྐབས་ཧ་ཅང་ཡག་པོ་ཡོད་པས། གོ་སྐབས་དེ་ཚོ་དམ་འཛིན་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་བྱུང༌།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།