གྲྭ་པ་༤༠༠ཡས་མས་བཙོན་འཇུག་དང་ཕྱིར་ཕུད་བཏང་སོང་།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢ཉིན། ཁམས་ནས་ཡིན་པའི་ལྷ་ས་སེ་ར་དགོན་པའི་གྲྭ་དགེ་ལེགས་ལགས་ཕྱི་ལོ་༢༠༠༨ལོའི་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་ཚལ་གུང་ཐང་བཙོན་ཁང་དུ་ཟླ་བ་༨རིང་བཙོན་འཇུག་བྱས་ཡོད་འདུག་པ་དང་། སྐབས་དེར་ཁྱོན་གྲྭ་པ་༤༠༠ཡས་མས་ཤིག་བཙོན་འཇུག་དང་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་འདུག

བོད་ནས་གསར་དུ་ཕེབས་པའི་དྷ་ས་དབུས་སྣེ་ལེན་ཁང་དུ་ཁམས་ནས་ཡིན་པའི་གྲྭ་དགེ་ལེགས་ལགས་ཀྱིས། ཁོང་ཉིད་དེ་སྔོན་སེ་ར་དགོན་པའི་ནང་བཞུགས་སྐབས། ཕྱི་ལོ་༢༠༠༨ལོར་ཁོང་རང་ཉིད་ཀྱི་གཙོས་པའི་སེར་ར་དགོན་པའི་གྲྭ་པ་ཚོས་རྒྱ་གཞུང་ལ་ཞི་རྒོལ་ཇི་ལྟར་བྱེད་མིན་གྱི་བརྒྱུད་རིམ་ཞིབ་ཕྲ་གསུངས་དོན།

ཕྱི་ལོ་༢༠༠༨ལོའི་ཟླ་༣ཚེས་༡༠ཉིན་སེ་ར་དགོན་པ་ནས་གྲྭ་པ་༡༣གྱིས་ཞི་བའི་ངོ་རྒོལ་བྱས་པའི་རྐྱེན་གྱིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད།  ཚེས་༡༡ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ཐོག་ཁྱོན་གྲྭ་པ་༥༠༠ཡས་མས་ཙམ་ཞིག་གིས་སྔ་ཉིན་འཛིན་བཟུང་བྱས་པའི་གྲྭ་པ་དེ་ཚོ་གློད་གྲོལ་དགོས་པ་དང༌། ང་ཚོ་ལ་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང༌། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་ཡོད་པའི་སྐོར་སྐད་འབོད་བྱེད་གིན་ལྷ་སའི་ཕྱོགས་སུ་བསྐྱོད་པ་རེད། འོན་ཀྱང་ལྷ་སའི་ཕྱོགས་སུ་བསྐྱོད་ནས་སྐར་མ་༡༥ཙམ་ལས་མ་ཕྱིན་པར། སེ་རའི་ཉེ་འགྲམས་དུ་ཡོད་པའི་དམག་སྒར་ཞིག་ནས་རླངས་འཁོར་ཆེ་བ་གསུམ་གྱི་ཐོག་ཁྱོན་དམག་མི་༡༠༠༠ཙམ་དང༌། ཉེན་རྟོག་པ་༣༠༠ཙམ་ཞིག་སླེབས་ནས་གྲྭ་པ་རྣམས་བཀག་འགོག་དང༌། དུག་རྫས་གཏོར་ནས་གྲྭ་པ་རྣམས་བཀག་འགོག་བྱས་སོང་། དུག་རྫས་དེས་རྐྱེན་གྱིས་མིག་ཆུ་འབབ་ནས་རྩ་བ་ནས་འགྲོ་ཐུབ་ཀྱི་མི་འདུག  སྐབས་དེར་དམག་མི་རྣམས་ཀྱིས་མེ་མདའ་དང༌། གློག་རྒྱུག མཚོན་འགོག་ཡོ་ཆས་བཅས་ཆ་ཚང་གྲ་སྒྲིག་ཨང་གསར་བྱས་ནས་སླེབས་འདུག དེ་ཉིན་ཡང་གྲྭ་པ་གཉིས་འཛིན་བཟུང་བྱས་ཡོད་པ་རེད། གྲྭ་པ་ཚང་མས་ཁོང་གཉིས་དང་སྔ་ཉིན་འཛིན་བཟུང་བྱས་པའི་གྲྭ་པ་ཡོངས་རྫོགས་གློག་བཀྲོལ་དགོས་པའི་དགོན་འདུན་བཏོན་ཡང༌། དེ་ཉིན་འཛིན་བཟུང་བྱས་པའི་གྲྭ་པ་གཉིས་ཆུ་ཚོད་༢ཙམ་གྱི་རྗེས་ནས་གློད་པ་ལས་སྔ་ཉིན་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་གློད་བཀྲོལ་བཏང་མ་བྱུང༌།

ཁོང་ཚོས་ཚེས་༡༡ཉིན་འཛིན་བཟུང་བྱས་པའི་གྲྭ་པ་དེ་གཉིས་གློད་ཆོག་པ་ལས། སྔ་ཉིན་འཛིན་བཟུང་བྱས་པའི་གྲྭ་པ་༡༣པོ་དེ་གློད་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། ཀྲུང་དབྱངས་ལ་བཀའ་འདྲི་ཞུ་དགོས་པ་རེད་ཅེས་བརྗོད་བྱུང༌།

དེ་ཉིན་ཆུ་ཚོད་༡༡བར་མངག་གཏོང་ཁང་གི་ལས་ཁུངས་ཀྱི་སྒོ་འགྲམ་དུ་ངོ་རྒོལ་སྐད་འབོད་བྱས་པ་ཡིན། འོན་ཀྱང་དེ་རྗེས་གྲྭ་པ་རེར་དམག་མི་གཉིས་གསུམ་རེ་ཡིས་བཙན་ཤེད་ཀྱིས་སེ་རྭ་དགོན་པའི་ལྕགས་རིའི་སྒོན་ཆེན་ནང་བླུགས་པ་དང༌། དགོན་པའི་མཁན་པོ་དང་དཔེ་ཁྲིད་དགེ་རྒན། གཞན་ཡང་དགོན་པའི་ཆབ་སྲིད་འགན་འཛིན་བཅས་ཀྱི་གྲྭ་མང་ལ་དེ་རིང་ང་ཚོ་མི་སུ་ཞིག་ལའང་གནོད་སྐྱོན་ཤོར་མ་སོང་བས། ཚང་མ་གྲྭ་ཤག་ལ་ཕྱི་ལོག་བྱེད་རོགས་བཅས་རེ་སྐུལ་བྱས་པ་བཞིན་ཞི་རྒོལ་བ་རྣམས་དེ་ཉིན་གྲྭ་ཤག་ཏུ་ཕྱི་ལོག་བྱས།

ཕྱི་ཚེས་༡༢ཉིན་གྲྭ་པ་༡༠༠ཡས་མས་ཙམ་ཞིག་གིས་ཕྱི་དྲོ་ཆུ་ཚོད་༣ནས་༥བར་ངོ་རྒོལ་སྐད་འབོད་བྱས། འོན་ཀྱང་དམག་མིས་གྲྭ་པ་དང་དགོན་པ་མཐའ་སྐོར་ནས་བསྡད་ཡོད་པས་ཕྱི་ལོགས་སུ་འགྲོ་མ་ཐུབ་པས་དེ་ཉིན་ཡང་དགོན་པའི་བླ་མ་དང་མཁན་པོ། དགེ་རྒན། ཆབ་སྲིད་འགན་འཛིན་བཅས་ཀྱི་རེ་སྐུལ་ལྟར་གྲྭ་ཤག་ལ་ཕྱི་ལོག་བྱས།

ཕྱི་ཚེས་༡༣ཉིན་སླར་ཡང་ཆུ་ཚོད་༣ནས་༥ཆུ་ཚོད་༢ཙམ་རིང་ངོ་རྒོལ་སྐད་འབོད་བྱས་ཡང༌། བླ་མ་དང་མཁན་པོ་སོགས་ཀྱིས་རེ་སྐུལ་ལྟ་གྲྭ་ཤག་ལ་ཕྱི་ལོག་བྱེད་དགོས་བྱུང་ཡོད་པ་རེད།

དེ་ནས་ཕྱི་ཟླ་༣པའི་ཚེས་༡༠ནས་ཕྱི་ཟླ་༤པའི་ཚེས་༡༠བར་ཟླ་བ་༡ཙམ་རིང་གྲྭ་པ་ཡོངས་རྫོགས་དགོན་པའི་ནང་བཙན་བཀག་ཐོག དགོན་པའི་ཕྱི་ལོགས་སུ་འབྲེལ་བ་བྱེད་རྒྱུ་ཕར་ཞོག ཐ་ན་བཟའ་བཅའ་ཉོ་བ་ཡང་འགྲོ་རུ་བཅུག་མེད་པས་མ་ཚད། སྐབས་དེར་དགོན་པར་མཆོད་མཇལ་ཞུ་མཁན་ཡང་གཅིག་ཀྱང་ནང་ལ་བཏང་ཡོད་པ་མ་རེད།

ཕྱི་ལོ་༢༠༠༨ཟླ་༤པའི་ཚེས་༡༠ཉིན་གྱི་མཚན་མོ་ཆུ་ཚོད་༣པའི་ཡས་མས་སུ་གློ་བུར་དུ་དམག་མི་གྲངས་ལས་འདས་པ་ཡོངས་ནས། གྲྭ་ཤག་སོ་སོར་སྔོག་བཤེར་དང༌། དམག་མི་དང་ཉེན་རྟོག་པས་སྡོད་ཤག་གི་སྒོ་རྡུང་དུས། གལ་སྲིད་སུ་ཞིག་གིས་ལམ་སེང་སྒོ་ཕྱེ་མ་ཐུབ་ཚེ། དམག་མི་དང་ཉེན་རྟོག་པས་སྒོ་ལ་སྟ་རེ་བཞུས་ནས་གཏོང་རྐྱང་བྱས་ཡོད་པ་རེད། གཞན་ཡང་སྐབས་དེར་དམག་མི་མང་པོ་ཞིག་སེ་ར་དགོན་པའི་རྒྱབ་ཕྱོགས་བྲག་གསེབ་ཏུ་མེ་མདའ་བཟུང་ནས་དྲག་གནོན་བྱེད་ཆོག་ཆོག་བྱས་ནས་བསྡད་ཡོད་པ་རེད།

འཛིན་བཟུང་སྐབས་གྲྭ་པ་རྣམས་ཀྱི་ལུས་པོ་སྔོག་བཤེར་གྱིས། ཆུ་ཚོད་དང༌། ཕྲེང་མ། ལག་བཟུང་ཁར་པར། དངུལ་ཁུག་བཅས་ཚང་མ་བཙན་འཕྲོག་བྱས་ནས་གློག་རྒྱུག་དང་རྐང་ཐོ་བཞུས་གིན་དོལ་སྐྱེལ་རླངས་འཁོར་ནང་བླུགས་ནས་ཚལ་གུང་ཐང་དུ་ཡོད་པའི་༼སློབ་གསོ་ཁང་༽ཟེར་བའི་ལྟ་སྲུང་བཙོན་ཁང་ཞིག་ཏུ་བཅུག་བྱུང༌། འོན་ཀྱང་རྒྱུན་དུ་བོད་པ་ཚོས་བཙོན་ཁང་དེར་༼འཁྱམ་པོའི་ལས་ཁུངས་༽ཡང་ཟེར་བཞིན་ཡོད་འདུག གང་ཡིན་ཟེར་ན་བཙོན་ཁང་དེ་ནི་རྒྱུན་དུ་ལག་ཁྱེར་མེད་མཁན་དང༌། རྐུ་མ་དང་འཁྲུག་རྩོ་ཤོར་བའི་རིགས་འཛིན་བཟུང་བཙོན་འཇུག་བྱེད་ས་ཞིག་ཡིན་འདུག

དེ་ཉིན་ཁྱོན་གྲྭ་པ་༤༠༠ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་དང༌། ཉིན་༡༥ཙམ་གྱི་རྗེས་སུ་ཁམས་དང་ཨ་མདོ་ནས་ཡིན་པའི་གྲྭ་རྒྱུན་མང་པོ་ཞིག་ས་གནས་སོ་སོར་བསྐྱལ་ནས་ཕྱིན་སོང༌།  ཆབ་མདོ་དང་ལྷ་ས་ནས་ཡིན་པའི་བཙོན་པ་གྲངས་༡༠༠ལྷག་ཙམ་ཞིག་ཟླ་བ་༨ཙམ་རིང་བཙོན་ཁང་དེར་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

འདྲི་བརྩད་སྐབས་སུ་ཉེན་རྟོག་པ་བཟང་ངན་གྱིས་གྲྭ་པ་ཁག་ཅིག་ལ་འགྲམ་ལྕགས་དང་རྐང་ཐོ་སོགས་རྡུང་རྡེག་ཁ་ཤས་ཕོག་པ་ལས། རྒྱུན་དུ་ཉེས་རྡུང་ཆེན་པོ་དེ་ཙམ་བཏང་ཡོད་པ་མ་རེད།  འོན་ཀྱང་བཙོན་ཁང་ནང་གཅིག་ནི་ཁ་ལག་ཡག་པོ་མེད་པ་དང་གཉིས་ནི་གྱོན་གོས་ཡག་པོ་མེད་ཁར། ཉལ་ཁྲི་ཚང་མ་ནི་ཨ་འདམ་ལས་བཟོས་པ་ཁོ་ན་ཡིན་པའི་རྐྱེན་གྱིས། གྲྭ་པ་མང་པོར་འཚོ་བཅུད་མ་འདང་བར་གཟུགས་པོ་རང་ཚུགས་མ་ཟིན་པ་དང༌། ཁ་ནས་ཁྲག་ཐོན་པ། གྲང་བའི་ན་ཚ་ཕོག་ནས་གཅིན་པ་མི་ཚོགས་པ།  རྐང་པར་ན་ནས་འགྲོ་བསྐྱོད་མི་ཐུབ་པ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་ཡོད་པ་རེད།

འཛིན་བཟུང་བཀག་ཉར་སྐབས། ཟླ་བ་མང་པོར་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་སྤེལ་ནས་རྒྱ་ནག་གིས་བོད་ལ་འཛུགས་སྐྲུན་གྱི་མ་དངུལ་དུང་ཕྱུར་མང་པོ་བཏང་ནས་ལམ་ཁ་དང༌། ཟམ་པ། ཁང་པ་སོགས་མང་པོ་བརྒྱབ་ཡོད་ཀྱང་ཁྱོད་ཚོས་ད་དུང་ག་རེ་བྱེད་ནས་སྐད་རྒྱག་གི་ཡོད་ཅེས་དང༌། ཡང་ཁོང་ཚོས་ངོ་རྒོལ་འདི་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་ཡོད་མེད་སྐད་ཆ་འདྲི་སྐབས། ང་ཚོས་དེ་ནི་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་གང་ཡང་མེད། ང་ཚོས་སྐད་འབོད་རྒྱག་དོན་ནི། ང་ཚོ་ལ་ཆོས་དད་རང་དབང་མི་འདུག སོ་སོའི་བླ་མར་དད་པ་བྱེད་རྒྱུའི་ཐོབ་ཐང་མི་འདུག དགོན་པའི་ནང་ལྷོད་ལྷོད་བྱེད་ནས་ཆོས་བྱེད་པའི་གོ་སྐབས་མི་འདུག་ཅེས་བཤད་པ་ཡིན།

ཟླ་བ་༨ཙམ་གྱི་རྗེས་སུ་ས་གནས་རྫོང་དུ་རྩིས་སྤྲོད་ཀྱིས་རྫོང་དུ་ཟླ་བ་༡དང་ཞགས་༡༠རིང་བཀག་ཉར་དང༌། སྐབས་དེར་ཡང་ཚོགས་འདུ་དང་ཆབ་སྲིད་སློབ་གསོ་སྔར་བཞིན་སྤེལ་སོང༌། དེ་རྗེས་ནང་ལ་གློད་བཀྲོལ་བཏང་ཡང་ལོ་གཉིས་རིང་ས་ཆ་གཞན་གང་དུའང་འགྲོ་མི་ཆོག་པ་དང༌། གཉིས་ནི་དགོན་པ་ལའང་སྡོད་མི་ཆོག གལ་སྲིད་ན་བ་དང་ཚ་བའི་རིགས་བྱུང་ནས་སྨན་ཁང་སོགས་སུ་འགྲོ་དགོས་ཚེ། གྲོང་ཚོ་འགོ་ཁྲིད་དང༌། ཤང་སྲིད་གཞུང༌། རྫོང་སོགས་ལ་དགོངས་ཁྲོལ་ཞུ་དགོས་ཟེར། ང་རང་གློད་བཀྲོལ་འཐོབ་ནས་ཉིན་ཁ་ཤས་རྗེས་ཕོ་བ་དང་གྲང་གཞིའི་ན་ཚས་རྐྱེན་པས་སྨན་ཁང་དུ་འགྲོ་དགོས་བྱུང་ཡང་ཉིན་༡༥ལས་ཆོག་མཆན་སྤྲད་མ་བྱུང༌། རྗེས་སུ་ནང་མི་སྤུན་མཆེད་ཚོས་རྩ་ཆུ་བརྟག་དཔྱད་བྱེད་པར་འཁྱེར་བ་དང༌། གང་ས་ནས་སྨན་མང་པོ་ཐབས་ཤེས་བྱས་ནས་རྗེས་སུ་དྲག་བསྐྱེད་བྱུང་སོང༌།

འདི་ལོ་ཕྱི་ཟླ་༥པའི་ཚེས་༢༧ཉིན་ལྷ་ས་ནས་ལམ་ཁྲིད་པ་ཞིག་ལ་གླ་ཆ་རྒྱ་སྒོར་༡༦༠༠༠སྤྲད་ནས་འགྲམ་བརྒྱུད་ཕྱི་ཟླ་༦པའི་ཚེས་༤ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སོང་་ལ། བལ་ཡུལ་དུ་ཉིན་༡༡ཙམ་བསྡད་ནས་ལྡི་ལི་སྣེ་ལེན་ཁང་བརྒྱུད་བཞུགས་སྒར་དྷ་རམ་ས་ལར་བདེ་འབྱོར་བྱུང་སོང་ཞེས་འགྲེལ་བརྗོད་གནང་བྱུང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།