བྷི་ཊ་ནེ་ཡ་ཚོཌ་པས་བོད་ལ་རོཌ་འདེཌ་བྱ་འཆར་ཡོད་ཟེར།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༦ཉིན། འདི་ག་གསར་ཁང་གི་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་ལགས་ཀྱིས་ནའེ་ཊི་ཊམ་པི་ལར་བྷི་ཊ་ནེ་ཡ་ཟེར་བའི་ཨིན་གྷི་ལན་ཌིར་རྟེན་གཞི་བྱས་ཡོད་པའི་འགྲོ་བ་མིའི་བདེ་རྩ་གོང་སྤེལ་ཚོགས་པ་ཞིག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ལོར་ཌི་ཁུ་རུས་སུ་ཕིར་ལགས་ལ། ཚོགས་པ་དེའི་ལས་གཞི་ལས་འཆར་སྐོར་དང༌། དེ་བཞིན་བོད་མིའི་བདེ་རྩར་ཕན་པའི་ལས་དོན་ཐད་ལས་འཆར་ག་འདྲ་སྤེལ་འཆར་ཡོད་མེད་སྐོར་བཅར་འདྲི་བྱས་པ་གཤམ་གསལ།

༡༽ཐོག་མར་ཁྱོད་ཀྱིས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ངའི་མིང་ལ་ལོར་ཌི་ཁུ་རུས་སུ་ཕིར་ཟེར་ལ། ང་ནི་ནའེ་ཊི་ཊམ་པི་ལར་བྷི་ཊ་ནེ་ཡ་ཞེས་པའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད།

༢༽ཁྱོད་ཚོགས་པ་དེ་ག་དུས་ཚུགས་མིན་དང་དེ་བཞིན་ཚོགས་པའི་དམིགས་འབེན་གཙོ་བོའི་སྐོར་རག་ཙམ་བརྗོད་རོགས།
ང་ཚོའི་ཚོགས་པར་ལོ་ངོ་༧༠༠ཙམ་གྱི་ལོ་རྒྱུས་ལྡན་ལ། འགྲོ་བ་མིའི་བདེ་རྩ་ཡར་རྒྱས་གོང་སྤེལ་གཏོང་བ་དམིགས་འབེན་དུ་བཟུང་བའི་དགེ་རྩ་ཚོགས་པ་ཞིག་ཡིན། ང་ཚོ་ལ་ཆོས་ལུགས་དབྱེ་འབྱེད་དང་ཕྱོགས་ལྷུང་གི་ལྟ་འཛིན་མེད་པར་འཛམ་གླིང་ཆོས་ལུགས་ཡོངས་ངོས་ལེན་དང་དད་གུས་བྱེད་ཀྱིན་ཡོད།

༣༽ཁྱོད་ཚོགས་པ་ཇི་ལྟར་བྱས་ཏེ་བོད་དོན་ཐད་ལ་དོ་སྣང་བྱུང༌།
ད་ལྟའི་ཆར་བོད་མི་རིགས་ཀྱི་བདེ་རྩར་གནོད་སྐྱོན་དང་དཀའ་ངལ་འཕྲད་ཀྱིན་ཡོད་པ་དང་ང་ཚོས་དེ་རྒྱང་བལྟ་བྱས་ཏེ་སྡོད་ཐུབ་ཀྱིན་མིན་འདུག  དེ་བས་ང་ཚོས་ྋགོང་ས་ཏཱ་ལའི་བླ་མ་དང་བོད་མི་རིགས་ལ་རོགས་འདེགས་བྱས་ཏེ་བོད་མི་ཚོ་དཀའ་ཉེན་ལས་མཐར་ཐབས་ཡོང་བར་འབད་བརྩོན་བྱེད་རྒྱུ་ཡིན། དེ་ཡང་ང་ཚོས་འབྱུང་འགྱུར་གྱི་ཟླ་གསུམ་མམ་བཞིའི་ནང་བོད་མི་རིགས་ཀྱི་བདེ་རྩ་གོང་སྤེལ་གྱི་ལས་འགུལ་སྒང་ལ་ཐེབས་དངུལ་འབོར་ཆེན་ཞིག་གཏོང་ཐུབ་རྒྱུའི་རེ་བ་བཅིངས་ཡོད་ལ། དེ་འགྲུབ་པར་ཆོད་སེམས་ཀྱང་བརྟན་པོ་ཡོད།

༤༽གོ་ཐོས་ལྟར་ཁྱོད་རང་ཨིན་གྷི་ལན་ཌི་ནས་བཞུགས་སྒར་ལ་ཆེད་དུ་ྋགོང་ས་མཆོག་ལ་མཇལ་དུ་ཡོང་བ་རེད་ཟེར། དེ་ཡང་ྋགོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བའི་རྒྱུ་མཚན་ཅི་ཡིན་ནམ།
ྋགོང་ས་མཆོག་ལ་མཇལ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན། གང་ཡིན་ཞེ་ན། ཁོང་རིག་གི་རྣམ་དཔྱོད་ང་ཚོ་རང་ག་བ་དག་གི་རྣམ་དཔྱོད་དང་མི་འདྲ་བར་ཞེ་དྲག་རྒྱ་ཡངས་པོ་རེད། དེ་བས་ང་ཁོང་རིག་དང་མཇལ་ཏེ་ངེད་ཚོགས་པས་བོད་མི་རིགས་ལ་ཕན་འབྲས་ལྡན་པའི་རོགས་འདེགས་ཇི་ལྟར་བྱེད་ཕྱོགས་ཐད་ལ་དགོངས་འདྲི་བྱེད་འདོད་ཤུགས་ཆེན་བྱུང༌། ཉེ་བའི་ཕྱི་ཟླ་༤པའི་ནང་ང་རང་ཕྱིར་དྷ་སར་ཡོང་སྟེ་ྋགོང་ས་མཆོག་དང་བཀའ་ཁྲི་གཉིས་ལ་མཇལ་རྒྱུ་ཡིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།