གངས་ཅན་ཆོལ་གསུམ་གླུ་གར་ཚོགས་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༥ཉིན། བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་གངས་ཅན་ཆོལ་གསུམ་གླུ་གར་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་སུ། གངས་ཅན་ཆོལ་གསུམ་གླུ་གར་ཞེས་པའི་ཚོགས་པ་དེའི་བྱུང་རིམ་དང་ངོ་བོ། དམིགས་ཡུལ་བཅས་ཀྱི་སྐོར་བཅའ་འདྲི་ཞུས་པ་ཞིག་རེད།

དྲི་བ། གངས་ཅན་ཆོལ་གསུམ་གླུ་གར་ཞེས་པའི་ཚོགས་པ་དེ་བཙུགས་དགོས་པའི་དམིགས་ཡུལ་དང༌། ངོ་བོ། དུ་ཚོད་བཅས་འགྲེལ་བརྗོད་གནང་རོགས།
དྲིས་ལན། ང་ཚོས་ཚོགས་པ་འདི་འཛུགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གཙོ་བོ་དེ་ག་རེ་རེད་ཟེར་ན། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་པར་གོང་འཕེལ་གཏོང་རྒྱུ་དང༌། ཉམས་པར་ཞིབ་གསོ་བྱ་རྒྱུ་དེའི་ཆེད་དུ་ཚོགས་པ་འདི་བཙུགས་པ་ཞིག་རེད། སྤྱིར་བོད་མི་མང་ཚང་མར་དཀའ་ངལ་འཕྲད་བཞིན་པ་དང༌། ལྷག་པར་གཞོན་སྐྱེས་མང་པོ་ཞིག་སློབ་གྲྭ་ནས་དོན་པ་དང༌། དེ་བཞིན་ནད་པ་དེ་འདྲ་ཡོད་པ་རེད། དེ་ཚོའི་དཀའ་ངལ་སེལ་ཆེད་དང༌། ཡང་དགོས་ང་ཚོའི་ཚོགས་པ་དེ་མ་འོངས་པར་ཡག་པོ་ཞིག་ཆགས་ཐུབ་པ་བྱུང་ན། དཀའ་ངལ་ཡོད་པའི་མི་སུ་དང་སུ་ཡིན་རུང་དཀའ་ངལ་སེལ་རྒྱུའི་དམིགས་ཡུལ་བཅས་ཡིན། གཉིས་ནི་ང་ཚོས་བོད་ཆོལ་ཁ་གསུམ་དེ་རྡོག་རྩ་གཅིག་སྒྲིལ་དུ་ཡོང་ཆེད་ཡིན། ང་ཚོའི་ཚོགས་པ་དེའི་ནང་བོད་ཆོལ་གསུམ་ཚང་མའི་མི་ཡོད་པ་རེད། དེ་བཞིན་༧རྒྱལ་བ་རིན་པོ་ཆེའི་དགོངས་དང༌། ༧རྒྱལ་བ་རིན་པོ་ཆེའི་ཞི་བདེའི་མཛད་འཕྲིན་དེ་འཛམ་བུ་གླིང་ལ་ཁྱབ་ཡོད་པ་རེད། མ་ཚད་ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་དུས། ཞི་བདེའི་ལམ་ནས་འགྲོ་ན་ཡག་པོ་ཡོད་ས་རེད་བསམས་པ་དང༌། ༧རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་དེ་འཛམ་བུ་གླིང་ལ་ཁྱབ་ནས། ཞི་བདེའི་རྟགས་མ་མང་པོ་ཞིག་བཞེས་ཡོད་པ་རེད། ཞི་བདེའི་རྟགས་མ་དེ་ཚོར་བདག་པོ་འདྲ་པོ་ཞིག་དགོས་ཀྱི་འདུག་བསམས་ནས། ང་ཚོའི་ཚོགས་པའི་ལས་རྟགས་དེ་ཡང་དེ་བཞིན་ཞི་བདེའི་མཚོན་རྟགས་དེ་ག་རང་བཟོས་པ་ཡིན། གཙོ་བོ་གཅིག་དེ་ང་ཚོས་སྡེ་མི་མང་ཚང་མས་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དེ་ཡིན། ཚོགས་པ་དེ་བཙུགས་ནས་ཟླ་བ་གསུམ་ལྷག་ཙམ་ཕྱིན་སོང༌།

དྲི་བ། ཚོགས་པ་དེར་ཁྱོན་ཚོགས་མི་ག་ཚོད་ཡོད་པ་ཡིན་ནམ།
དྲིས་ལན། ང་ཚོའི་ཚོགས་པ་དེར་ལས་ཀ་བྱེད་མཁན་དང་ཁྱོན་མི་གྲངས་༢༠ཙམ་ཡོད་པ་རེད། ད་ལྟ་བར་དུ་འཁྲབ་སྟོན་ཐེངས་ག་ཚོད་ཙམ་བྱས་ཡོད་པ་ཡིན་ནམ། ང་ཚོས་ལྡི་ལི་རུ་འཁྲབ་སྟོན་ཐེངས་གཉིས་ཙམ་བྱས་ཡོད་པ་དང༌། རྡོ་རྗེ་གདན་དུ་འཁྲབ་སྟོན་ཐེངས་གསུམ་ཙམ་བྱས་པ་རེད། ད་དུང་མཱ་ཎ་ལི་རུ་ཐེངས་གཅིག་ཕྱིན་པ་རེད། དེ་བཞིན་དྷ་རམ་ས་ལ་ཡང་འཁྲབ་སྟོན་བྱས་པ་རེད།

དྲི་བ། ཚོགས་པ་དེས་བོད་མི་རིགས་ཀྱི་རིག་གཞུང་ལ་ཕན་ཐོག་དང༌། ནུས་པ་ག་ཚོད་ཙམ་ཐོན་ཐུབ་ཀྱི་རེད་བསམས་ཀྱི་འདུག
དྲིས་ལན། ང་ཚོས་སྤྱི་མི་རིགས་ཚང་མ་དང་ཡང་དགོས་ང་ཚོའི་བོད་མི་ཚང་མ་དང་ཕན་ཚུན་འབྲེལ་བ་ལེགས་པོ་ཆགས་རྒྱུའི་དམིགས་ཡུལ་ཡོད། ང་ཚོའི་བོད་མི་རིགས་ཀྱི་རིག་གཞུང་འཁྲབ་སྟོན་བྱེད་མཁན་ཟློས་གར་དེ་འདྲ་ཡོད་པ་རེད། ང་ཚོའི་ངོས་ནས་མི་རིགས་ཚང་མའི་འཁྲབ་སྟོན་དེ་འདྲ་བྱེད་ཐུབ་རྒྱུའི་རེ་བ་ཡོད། ད་ལྟ་གཞས་གཏོང་བཞིན་པ་དེ་ཚོ་ཁོ་རང་ཚོ་རང་ཉིད་ཀྱི་ངོས་ནས་བཟོས་པ་ཞིག་རེད། འོན་ཀྱང་ཚིག་དང་གདངས་དེ་ཚོ་མི་གཞན་ལ་མ་བརྟེན་པར་ད་ལྟ་ང་ཚོར་ཆ་རྐྱེན་འདང་གི་མི་འདུག སྐད་དེ་ཚོ་ཁོ་རང་ཚོ་རང་ཉིད་ཀྱི་ངོས་ནས་བཏང་བ་ཞིག་རེད། མ་འོངས་པར་ང་ཚོའི་དམིགས་ཡུལ་ནང་བཞིན་ཡག་པོ་ཞིག་ཆགས་ཐུབ་པ་བྱུང་ན། ང་ཚོ་རང་ཉིད་ཀྱི་ངོས་ནས་ཚིག་དང་གདངས་ཚང་མ་བཟོ་ནས་གཏོང་རྒྱུའི་དམིགས་ཡུལ་ཡོད་ལ། གང་ལ་གང་ཐུབ་ཀྱིས་ལས་ཀ་བྱེད་དགོས་དུས། གཙོ་བོ་ང་ཚོ་རང་ཉིད་ཀྱི་རིག་གཞུང་གཞིར་བཞག་ཐོག ཞོར་དུ་མི་རིགས་གཞན་གྱི་འཁྲབ་སྟོན་དེ་འདྲ་བྱེད་རྒྱུ་དང༌། མི་རིགས་ལ་མཐུན་སྒྲིལ་བཟོ་རྒྱུ་དེ་གལ་ཆེན་པོ་རེད་བསམས་ཀྱི་འདུག

དྲི་བ། མ་འོངས་པར་འཁྲབ་སྟོན་སོགས་ས་གནས་གང་དང་གང་དུ་བྱ་རྒྱུའི་དམིགས་ཡུལ་དང་འཆར་གཞི་ཡོད་པ་ཡིན་ནམ།
དྲིས་ལན། སྤྱིར་མ་འོངས་པར་རྒྱ་གར་ལྷོ་ཕྱོགས་དང་ས་གནས་ཁག་ག་ས་ག་ལ་འགྲོ་རྒྱུའི་འཆར་གཞི་ཡོད། འོན་ཀྱང་འགྲོ་སོང་ཚང་མ་ང་ཚོ་རང་ཉིད་ཀྱི་ངོས་ནས་ཐབས་ཤེས་བྱེད་དགོས་དུས། དཔལ་འབྱོར་གྱི་དཀའ་ངལ་དབང་གིས་ཡར་མར་ཐག་རིང་པོ་དེ་འདྲ་འགྲོ་ཐུབ་ཀྱི་མི་འདུག ད་ལྟ་འགྲོ་སོང་གཏོང་མཁན་གྱི་སྦྱིན་བདག་དེ་འདྲ་གང་ཡང་ཡོད་པ་མ་རེད། གལ་སྲིད་ཆ་རྐྱེན་འཛོམས་པ་བྱུང་ན་ས་གནས་ག་ས་ལ་ག་ལ་འགྲོ་རྒྱུའི་འཆར་གཞི་ཡོད་ལ། རིན་མེད་ཀྱི་འཁྲབ་སྟོན་གཟིགས་འབུལ་དེ་འདྲ་ཞུ་ཐུབ་པའི་རེ་བའང་ཡོད།

དྲི་བ། ད་ལྟ་ཁྱེད་ཚོའི་འཁྲབ་སྟོན་ནང་ལ་གཞས་ཀྱི་དབྱེ་བ་དང་རིགས་གང་འདྲ་ཡོད་པ་ཡིན་ནམ།
དྲིས་ལན། གཙོ་བོ་ད་ལྟ་བོད་ནང་ལ་ང་ཚོའི་བོད་པ་ཚོས་གཏོང་བཞིན་པའི་གཞས་གདངས་དང་ཚིག་ཡག་ཤོས་དེ་ཚོ་གཏོང་བཞིན་ཡོད་པ་རེད། དེ་བཞིན་ཀོ་རིའི་གཞས་དང༌། བལ་པོའི་གཞས། ད་དུང་རྒྱ་གར་གྱི་གཞས་དེ་འདྲའང་ཡོད་པ་རེད།

དྲི་བ། དེ་སྔ་ཁྱོད་ཚོའི་འཁྲབ་སྟོན་ཁག་ཁ་ཤས་བྱས་ཡོད་པ་རེད། དེ་ཚོའི་སྐབས་སུ་གཟིགས་མོ་བ་ཁྱོན་མི་གྲངས་ག་ཚོད་ཙམ་འདུ་འཛོམས་བྱེད་ཀྱི་འདུག
དྲིས་ལན། དེ་སྔོན་ང་ཚོས་ལྡི་ལི་རུ་འཁྲབ་སྟོན་བྱས་སྐབས་ལྟད་མོ་བ་ཁྱོན་མི་གྲངས་༣༠༠ཙམ་འདུ་འཛོམས་བྱས་སོང་ལ། མཚམས་རེ་མི་གྲངས་༢༠༠དང་༢༥༠ཙམ་དང༌། མཚམས་རེ་མི་གྲངས་༤༠༠ནས་༥༠༠ཙམ་དེ་འདྲ་འདུ་འཛོམས་བྱེད་ཀྱི་འདུག

དྲི་བ། ད་ལྟ་ཁྱེད་རང་གིས་དཔལ་འབྱོར་གྱི་ཡོང་ཁུངས་དེ་འདྲ་གང་ཡང་ཡོད་པ་མ་རེད་ཅེས་གསུངས་སོང༌། འཁྲབ་སྟོན་བྱེད་པར་འགྲོ་དུས་དཔལ་འབྱོར་གྱི་དཀའ་ངལ་དེ་འདྲ་འཕྲད་སོང་ངམ།
དྲིས་ལན། དཔལ་འབྱོར་གྱི་དཀའ་ངལ་དེ་འདྲ་མང་པོ་ཞིག་འཕྲད་སོང༌། འོན་ཀྱང་མཚམས་རེ་བུན་ལོན་བཟོ་གིན་བཟོ་གིན་མི་གཞན་ལ་དངུལ་གཡར་ནས་འཁྲབ་སྟོན་བྱེད་པར་འགྲོ་ཡི་ཡོད། ང་ཚོ་ལ་ཁེ་བཟང་དམིགས་བསལ་དེ་འདྲ་གང་ཡང་ཡོད་པ་མ་རེད། གལ་སྲིད་ཡོང་སྒོ་ཅུང་ཙམ་བྱུང་ན། ང་ཚོའི་ཚོགས་མི་ནང་ཁུལ་ལའང་བུ་མོ་ཁ་ཤས་ཀྱི་མཆིན་པའི་ནང་རྡོ་ཆགས་པ་དེ་འདྲ་ཡོད་པ་རེད། དེ་ཚོའི་དཀའ་ངལ་སེལ་ཐུབ་ན་སྙམ་པ་དང༌། དེ་འདྲའི་དཀའ་ངལ་སེལ་དགོས་པ་མང་པོ་ཞིག་འདུག དེ་ལས་རྒྱ་ཆེ་བ་ཡར་རྒྱས་ཞིག་འགྲོ་ཐུབ་ན་མི་དཀའ་ངལ་ཡོད་པ་དེ་ཚོ་ཚང་མར་ཕན་ཅུང་ཙམ་ཐོག་ཐུབ་པའི་རེ་བ་ཡོད།

དྲི་བ། གླུ་གར་ཚོགས་པ་ཞིག་གི་ངོས་ནས་ཡོང་སྒོ་གཙོ་བོ་དེ་གཞས་སྣ་འཁྲབ་སྟོན་བྱེད་པའི་སྐབས་དང༌། དེ་བཞིན་གཞས་སྣ་དེ་ཚོ་འོད་སྡེར་CDབཟོ་ནས་གཙོང་རྒྱུ་དེ་རེད། དེ་ཚོའི་ངོས་ནས་འཆར་གཞི་དེ་འདྲ་ཡོད་པ་ཡིན་ནམ།
དྲིས་ལན། དེ་འདྲའི་འཆར་གཞི་ཞིག་ཡོད། དེ་སྔ་ང་ཚོས་འཁྲབ་སྟོན་ཐེངས་ཁ་ཤས་བྱས་པ་དེ་ཚོ་ཚང་མ་སྡོམ་ནས་འོད་སྡེར་བཟོ་རྒྱུའི་འཆར་གཞི་ཡོད། རེད་དེ་ང་ཚོ་ཚང་མར་དེ་སྔ་དེའི་སྐོར་ཉམས་མྱོངས་གང་ཡང་ཡོད་པ་མ་རེད་ལ། མི་ཚོས་ག་ཚོད་ཙམ་ཞིག་ཉོ་མིན་ཤེས་ཀྱི་མི་འདུག་ཀྱང་དེ་ཚོ་སྤུས་དག་མོ་ཞིག་སྒྲིག་ནས་བཟོ་རྒྱུའི་འཆར་གཞི་ཡོད།

དེ་རྗེས་གངས་ཅན་ཆོལ་གསུམ་གླུ་གར་ཚོགས་པའི་ཚོགས་མི་འགྱུར་མེད་བསྟན་འཛིན་ལགས་ཀྱིས་བསམ་ཚུལ་གསུངས་དོན།
ང་རང་ཚོགས་མི་ཞིག་ཡིན་པའི་ཆ་ནས་སྐད་ཆ་ཁ་ཤས་ཞིག་ཞུ་འདོད་བྱུང༌། ད་ལྟ་ཚོགས་གཙོ་ལགས་ཀྱིས་གསུང་བ་ནང་བཞིན་རེད། གཞས་སྣ་འཁྲབ་སྟོན་བྱེད་པར་ཕར་ཚུར་འགྲོ་དུས་འགྲོ་སོང་ཧ་ཅང་ཆེན་པོ་རེད། སྤྱིར་སྟངས་ང་ཚོ་དཔལ་འབྱོར་འདང་མི་འདང་གི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་རེད། ང་ཚོའི་ཚོགས་པ་དེའི་ནང་ཚོགས་མི་མང་ཆེ་བ་བོད་ནས་ཡར་གསར་དུ་འབྱོར་བ་དེ་འདྲ་རེད། འདིར་ཕ་མ་དང་སྤུན་མཆེད་དེ་འདྲ་མེད་པ་ཡིན་དུས། ཐ་ན་ཁང་པའི་གླ་ཆ་སྤྲོད་རྒྱུ་ལའང་དཀའ་ངལ་འཕྲད་མཁན་དེ་འདྲ་རེད། དེ་འདྲ་ཡིན་དུས་ང་རང་ཚོའི་ངོས་ནས་གཞས་སྣ་འཁྲབ་རྒྱུ་ཙམ་མིན་པར། མ་འོངས་པར་ཟ་ཁང་དང་ཚོང་ཁང་དེ་འདྲ་ཟིན་ཐུབ་རྒྱུའི་རེ་བ་དང་ཐབས་ཤེས་དེ་འདྲ་བྱེད་བཞིན་ཡོད། དེ་འདྲ་ཐུབ་པར་སྦྱིན་བདག་དེ་འདྲ་རགས་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད། དེ་འདྲ་ཐུབ་པ་ཡིན་ན། ང་ཚོ་ཚང་མས་མཉམ་འབྲེལ་གྱིས་ལས་ཀ་ཐོག་ནས་སྤྱི་ཚོགས་ལའང་ཞབས་འདེབས་ཞུ་ཐུབ་ཀྱི་རེད་བསམས་ཀྱི་ཡོད་ཟེར།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བཅའ་འདྲི་བྱས། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༥༢༠༡༠༡༥༣༨
སྤུན་ཟླ་ལགས་བཀྲིས་བདེ་ལེགས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།