བོད་དོན་རྒྱབ་སྐྱོར་བ་བུ་མོ་ཧའེ་ཌིས་མུན་ཁུ་སི་ལ་བཅར་འདྲི།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ཟླ་༡༡ཚེས་༢༨ཉིན་སྤེལ། འདི་ག་གསར་ཁང་གི་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་ལགས་ཀྱིས་བཞུགས་སྒར་དྷ་སར་དང་བླངས་སྤྱི་ཚོགས་ཞབས་ཞུ་གནང་མཁན་ཨ་རིའི་བོད་དོན་རྒྱབ་སྐྱོར་བ་བུ་མོ་ཧའེ་ཌིས་མུན་ཁུ་སི་ལགས་ལ་བཅར་འདྲི་གནང་བ་གཤམ་གསལ།

དྲི་བ། དང་པོ་དེར་ཁྱོད་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ང་ནི་ཨ་རི་ནས་ཡོང་བ་ཡིན་ལ། ངའི་སྐྱེས་ས་དེ་ཨ་རིའི་མའེ་རིས་ལན་ཌི་མངའ་སྡེའི་བྷལ་ཌིས་མོར་གྲོང་ཁྱེར་ཡིན། ངའི་པྭ་ལགས་ནི་ཡུལ་སྐོར་གསར་འགོད་པ་ཞིག་ཡིན་པ་དང༌། ཁོང་གིས་ང་རང་ལོ་ཆུང་དུས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བགྲུད་བཞུད་དུ་ཁྲིད་མྱོང༌། ལོ་༡༢ཡར་སྔོན་དུ་ངས་ནང་ཆོས་སློབ་སྦྱོངས་བྱེད་འགོ་བརྩམས་ཤིང༌། ཚོང་ལས་དང་དཔེ་གསར་གྱོན་གོས་བཟོ་བའི་ལས་རིགས་གཉེར་བ་མ་ཟད། དེབ་གཅིག་ཀྱང་བྲིས་པ་ཡིན། གཞན་ད་དུང་ཚོང་རྭའི་དཔལ་འབྱོར་སློབ་སྟོན་དང༌། གསར་འགྱུར་ལས་རིགས། གྱོན་གོས་འགྲེམས་སྟོན་སོགས་ཀྱི་ལས་སྣ་མང་བོ་གཉེར་བ་ཡིན། ལོ་གཅིག་དང་ཕྱེད་ཀའི་སྔོན་དུ། ང་རང་དྷ་རམ་ས་ལར་ཡོང་སྟེ་རེ་བ་ལྟེ་གནས་ཁང་དུ་དང་བླངས་ཀྱི་ལས་ཀ་སྒྲུབ་པ་ཡིན། དེ་རྗེས་རྒྱ་གར་ནང་རྟེན་གཞི་བྱས་ཡོད་པའི་ཁེ་མེད་བོད་རིགས་ཚོགས་པ་རྣམས་ལ་རྒྱབ་སྐྱོར་བྱེད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ང་རང་ཉིད་ཀྱིས་གསར་འཛུགས་གནང་བ་ཡིན། ད་ལོར་ཟླ་དྲུག་ལྷག་རིང་ལ་དྷ་སར་བོད་རིགས་གཞོན་སྐྱེས་རྣམས་ལ་དབྱིན་ཡིག་ཁྲིད་ཞོར་ལས་དོན་གཞན་སྒྲུབ་པ་ཡིན།

དྲི་བ། ཁྱོད་རང་གི་ཤེས་ཡོན་སློབ་སྦྱོང་གི་ཆུ་ཚད་ངོ་སྤྲོད་གནང་རོགས།

ལན། ང་རང་གིས་རིག་གཞུང་རྒྱུད་དཔྱད་རིག་པ་དང༌། སྤྱི་ཚོགས་རིག་པ། རི་མོའི་སྒྱུ་རྩལ་གྱི་སྒང་ལ་ཐུན་མོང་གཙུག་ལག་སློབ་ཐོན་གྱི་ལག་ཁྱེར་རག་ཡོད།

དྲི་བ། ཁྱོད་རང་ཇི་ལྟར་བྱས་ཏེ་བོད་དོན་ཐད་དོ་སྣང་དང་འབྲེལ་བ་བྱུང་ངམ།

ལན། ད་ལྟའི་འཆར་ང་རང་གིས་བོད་དོན་ཁྱབ་བསྒྲགས་ཡོང་ཇི་ཐབས་ཐད་ཀྱི་ལས་སུ་ཞུགས་ཡོད་སྟབས། ང་རང་བོད་དོན་དང་འབྲེལ་བ་ཆགས་བསྡད་ཡོད་པ་རེད། ཨ་རིའི་ནང་ངའི་གྲོགས་ཕོ་མོ་མང་ཆེ་བ་རོལ་མོ་བ་ཡིན་ཞིང༌། ཁོ་ཚོའི་རོལ་གཞས་ཀྱིས་གཞོན་སྐྱེས་མང་པོར་ཤུགས་རྐྱེན་ཐེབས་སུ་འཇུག་ཐུབ། ང་ཚོས་གཞོན་སྐྱེས་ཚོར་ཕན་ཡོན་ལྡན་པའི་རོལ་གཞས་ཀྱི་འོད་སྡེར་གསར་བསྐྲུན་བྱེད་ཞོར་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཁག་དང་མཉམ་རུབ་ཀྱིས་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་སྤེལ་གྱིན་ཡོད། དེ་ནི་ངའི་ཕུགས་བསམ་དང་དམིགས་ཡུལ་ཡང་ཡིན། ང་རང་འདིར་བསྡོད་པའི་དུས་ཡུན་རིང་ལ་ངས་བཙན་བྱོལ་ནང་གི་བོད་རིགས་གྲོགས་པོ་རྣམས་ལ་ཁོང་ཚོའི་ཆབ་སྲིད་ཀྱི་གནས་སྟངས་དང༌། བཙན་བྱོལ་དུ་འཚོ་བ་རོལ་དོན་སོགས་བརྙན་ཕབ་བཅར་འདྲི་དང་པོད་ཁུག་ཏུ་འཁོད་པ་སོགས་བྱས་ཏེ། ཨ་རིའི་ནང་གི་གྲོགས་པོ་རྣམས་ལ་སྟོན་གྱིན་ཡོད། གཞན་ཡང་གཞོན་སྐྱེས་དག་གིས་སྤྱི་ཚོགས་གནད་དོན་དང་ཁོར་ཡུག་གནད་དོན་ཐད་ཤེས་རྟོགས་གང་ལེགས་གནང་ནས་གནད་དོན་དེ་རིགས་སེལ་བར་ལས་ཁུར་གནང་དགོས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།

དྲི་བ། ནང་ཆོས་བསླབ་པ་སློབ་གཉེར་བྱས་ཏེ་ནང་བའི་རྗེས་འབྲངས་སུ་གྱུར་བ་གཅིག་དང༌། དད་པ་བརྒྱུད་ནང་བར་གྱུར་བའི་རིགས་གཉིས་ཡོད་པ་རེད། ངའི་དྲི་བ་ནི་ཁྱོད་རང་ནང་བ་དངོས་ཤིག་ཡིན་ནམ།

ལན། འཛམ་གླིང་ཐོག་ནང་བསྟན་ཆོས་ལུགས་ཐད་ང་ལས་མཁྱེན་ཤེས་ཆེ་བའི་མི་ས་ཡ་མང་པོ་ཡོད་པ་ངས་ཤེས། ངས་ཞོགས་པ་རྟག་པར་ཡར་ལངས་ཏེ་སྒོམ་རྒྱག་པ་སོགས་བྱེད་ཀྱིན་མེད་པས་ང་ནི་ནང་བ་ཡང་དག་ཅིག་ཡིན་ཞེས་ལབ་ཐུབ་ཀྱི་མེད། འོན་ཏེ་ངས་ཀྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་བདག་ལས་གཞན་གཅེས་ཉམས་ལེན་ཅི་ཐུབ་བྱེད་ཀྱི་ཡོད་ལ། བྱམས་སྙིང་རྗེ་དེ་ལག་ལེན་དངོས་ནང་བཀོད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། 

དྲི་བ། ཁ་སང་ནི་བུད་མེད་སྟེང་དྲག་རྩུབ་མནར་གཅོད་མེད་པར་བཟོ་བའི་རྒྱལ་སྤྱིའི་ཉིན་མོ་འཁེལ་ཡོད་པ་རེད། ཁྱོད་ཀྱི་མྱོང་ཚོར་ལ་གཞིགས་ན་བཙན་བྱོལ་བོད་ཀྱི་བུད་མེད་རྣམས་ལ་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཡོད་དམ།

ལན། འདི་གར་ངའི་འཛིན་གྲྭར་ཡོང་མཁན་གྱི་བོད་རིགས་བུ་མོ་ལོ་ཆུང་མང་བོ་ནི་ཤེས་ཡོན་སློབ་སྦྱོང་ཐད་དོ་སྣང་ཤུགས་ཆེན་ལྡན་པ་ཤ་སྟག་ཡིན་ཞིང༌། འཛིན་གྲྭའི་ནང་བུ་བུ་མོ་ཚང་མ་མཉམ་གཅིག་ཏུ་བསྡོད་པ་སོགས་ཕན་ཚུན་གྱི་འབྲེལ་འདྲིས་ཤིན་ཏུ་ལེགས། དེ་བས་ངའི་བསམ་པར་བཙན་བྱོལ་བོད་ཀྱི་བུད་མེད་ལ་ཕོ་མོ་འདྲ་མཉམ་འདྲ་གྱི་ཐོབ་ཐབ་བརྒྱ་ཆ༨༠ཙམ་མཆིས། འོན་ཀྱང་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཀྱི་དབང་གིས་བོད་ཀྱི་བུད་མེད་མང་པོ་དང༌། ཁྱད་པར་དུ་ཨ་ནེ་རྣམས་ངོ་ཚ་སྨིན་པོ་རེད། སྐྱེས་པས་བུད་མེད་ལ་དྲག་རྩུབ་མནར་གཅོད་གཏོང་རིགས་ངས་འདི་ག་གཅིག་ཀྱང་མཐོང་མ་སོང༌། དེ་བས་བཙན་བྱོལ་སྤྱི་ཚོགས་ནང་བུད་མེད་རྣམས་ལ་གུས་བཀུར་དང་བརྩི་མཐོང་ལྡན།

དྲི་བ། ཁྱོད་ཀྱིས་བོད་མི་རྣམས་ལ་དབྱིན་ཡིག་ཁྲིད་རྒྱུ་གལ་ཆེན་པོར་མཐོང་དོན་ཅི་ཡིན།

ལན། དབྱིན་ཇིའི་སྐད་ཡིག་དེ་རྒྱལ་སྤྱིའི་སྐད་ཡིག་ལྟ་བུར་གྱུར་ཡོད་པ་རེད། ཧ་ལམ་འཛམ་གླིང་རྒྱལ་ཁབ་ཁག་ཡོངས་ནང་དབྱིན་ཇིའི་འཛིན་གྲྭ་ཡོད་པ་མ་ཟད། མི་མང་པོ་ཞིག་གིས་དབྱིན་སྐད་བཤད་ཤེས་ཀྱི་ཡོད་པ་རེད། ངས་བོད་རིགས་རྣམས་ལ་དབྱིན་ཡིག་སློབ་ཁྲིད་བྱེད་རྒྱུ་གལ་ཆེན་པ་མཐོང་དོན་གྱི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། ཁོ་ཚོ་དྷ་རམ་ས་ལ་དང་ཁ་གྱེས་ཏེ་རྒྱལ་ཁབ་གཞན་ཏུ་ཕྱིན་དུས་ལས་ཀ་རག་པར་ཕན་ཐོགས་བསྐྲུན་སླད་ཡིན། རྒྱུ་རྐྱེན་གཉིས་པ་ནི་མི་རྣམས་ལ་རང་ཉིད་ཀྱི་དངོས་མྱོང་ལོ་རྒྱུས་སྐད་ཡིག་གཞན་བརྒྱུད་འཛམ་གླིང་མི་མང་ལ་སྒྲོག་པའི་ཐོབ་ཐང་ཡོད་པ་རེད།

དྲི་བ། ཁྱོད་ཀྱིས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་དཔལ་འབྱོར་གྱི་རོགས་སྐྱོར་འཚོལ་བསྡུ་བྱེད་ཀྱིན་ཡོད་པ་བདེན་ནམ།

ལན། ངས་ཨ་རིའི་ནང་ལས་ཀ་ཧུར་ཐག་གིས་ལས་ཏེ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་དཔལ་འབྱོར་གྱི་རོགས་སྐྱོར་འཚོལ་བསྡུ་བྱེད་ཀྱིན་ཡོད། ཨ་རིའི་ནང་ང་ལ་རང་ཉིད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཡོད་ཅིང༌། ངས་བཙན་བྱོལ་བོད་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་འཆར་ལེགས་གྲུབ་ཡོང་བར་རོགས་དངུལ་མཁོ་སྤྲོད་བྱེད་ཀྱིན་ཡོད་པ་དཔེར་ན། ཨེ་ཊའི་དྲ་ཚིགས་དང༌། བཀྲ་ཤིས་ཀྱི་དྲ་ཚིགས། རེ་བ་ལྟེ་གནས་ཁང་གི་དྲ་ཚིགས་སོགས་ལ་དཔལ་འབྱོར་གྱི་རོགས་སྐྱོར་གནང་གིན་ཡོད།

དྲི་བ། ཁྱོད་རང་གི་ལུས་སྟེང་གི་ཁབ་གཙགས་རི་མོའི་སྐོར་ཅུང་ཙམ་བརྗོད་རོགས།

ལན། ང་རང་ལོ་༡༧ཡིན་དུས་ནས་བཟུང་ཁབ་གཙགས་རི་མོ་ལུས་སྟེང་ལ་ཕབ་འགོ་བརྩམས་པ་ཡིན། ཆོས་ཀྱི་ཁབ་གཙགས་རི་མོ་དེ་ལོ་བཅུའི་ཡར་སྔོན་དུ་བརྐོ་འགོ་ཚུགས།  ངའི་བྲང་ངོས་སུ་ཨོྃ་མ་ཎི་པདྨེ་ཧཱུྃཿདང་དཔུང་ངར་ཐོག་བོད་ཀྱི་རྒྱལ་དར་བརྐོས་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བུ་མོ་དེ་བྱེད་རྒྱུ་ཙ་བ་འདུག སྤྱིར་མོ་རང་གི་གཟུགས་པོ་དེ་འདྲ་བའི་དཀའ་སྭག་སྤྱད་ཐུབ་པ་དེ་དངོས་གནས་ང་ཚོ་དཔར་ལེན་དགོས་པ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།