བོད་ཀྱི་བུ་མོ་ཚོར་དེང་དུས་ཀྱི་མཛངས་མའི་ཁྱད་ཆོས་ལྡན་ནམ།

སྤྱིར་མཛངས་མར་གོ་རྒྱུ་སྣ་ཚོགས་ཤིག་ཡོད་ཀྱང༌། དེང་དུས་སྙན་གྲགས་ཅན་གྱི་མཛངས་མ་ལ་འཇིག་རྟེན་གྱི་མཛངས་མ་དང་འཛམ་གླིང་གི་མཛངས་མ། རྒྱལ་སྤྱིའི་ཡུལ་སྐོར་མཛངས་མ། དེ་བཞིན་ཡུལ་གྲུ་སོ་སོའི་མཛངས་མ་སོགས་དུ་མ་ཞིག་ཡོད་པ་དང༌། དེ་དག་ཀྱང་ལུས་ཀྱི་གཟུགས་བྱད་མཛེས་སྡུག་ཅན་གཅིག་པུར་མི་གོ་བར་ཡུལ་གྲུ་སོ་སོའི་ཆོས་རིག་དང་རྒྱལ་རབས་ལོ་རྒྱུས། ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས། མི་རིགས་ཀྱི་ངོ་བོ། རང་ཉིད་ཀྱི་སྐད་ཡིག་བཅས་ཀྱི་ཐོག་དེང་དུས་ཀྱི་ཤེས་ཡོན་ལའང་ཤེས་རྒྱ་དང་མཐོང་རྒྱ་ཆེ་བ་དགོས།

མཛངས་མའི་གང་འགྱོན་ཐུབ་ཞེ་ན།

དེ་ཡང་བསམ་བློའི་ཆུ་ཚད་ངེས་ཅན་ཡོད་པའི་ཐོག་མི་རིགས་གཞན་དང༌། མི་མང་འདུ་འཛོམས་ཆེ་བའི་སྡིངས་ཆ་སྣ་ཚོགས་གང་དུ་སླེབས་ཀྱང་གོང་གསལ་རྣམས་རང་ཉིད་ཀྱིས་ཤེས་རྟོགས་ཙམ་མ་ཟད། གདེང་སྤོབས་ངང་གཞན་ལ་འགྲེལ་བརྗོད་དང་གསལ་སྟོན་ཐུབ་པ་ཞིག་དགོས། དེ་ཡང་རང་ལོ་༡༨ ནས་༢༥ བར་ལོན་པའི་ཡུལ་གྲུ་སོ་སོའི་བུ་མོ་གཞོན་སྐྱེས་བརྒྱ་ཕྲག་མང་པོ་ལས་མངའ་ཁུལ་ཁག་གི་མཛངས་མ་འགྲན་བསྡུར་གྱི་ཁྲོད་ནས་འདེམས་སྒྲུག་བྱས་ནས་རྩེ་ཕུད་རྣམས་ལས་རྒྱལ་ཁབ་སོ་སོའི་མཛངས་མ་སླེབས་ཀྱི་ཡོད། དེ་རྗེས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གྲོང་ཁྱེར་ཞིག་ཏུ་རྒྱལ་སྤྱིའི་མཛངས་མའི་འགྲན་སྡུར་ཆེན་མོའི་ཁྲོད་འཛམ་གླིང་གི་རྒྱལ་ཁབ་༡༩༠ ལྷག་གི་མཛངས་མ་ཚོས་འཛམ་གླིང་དང་འཇིག་རྟེན་གྱི་མཛངས་མའི་རྒྱལ་ཁ་ཐོབ་མིན་ལ་མ་ལྟོས་པར་ཡུལ་གྲུ་སོ་སོའི་ཆོས་རིག་དང་གོམས་གཤིས། མི་རིགས་སོ་སོའི་ངོ་བོ་དང་གནས་སྟངས། རྒྱལ་ཁབ་དེའི་ཡུལ་གྱི་བཀོད་པ་སོགས་རང་དབང་གི་སྒོ་ནས་གསལ་སྟོན་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད། དེ་ལྟར་ཡོང་ཐབས་སུ་གཞུང་སྒེར་གང་ཐད་ནས་འབད་བརྩོན་ཡང་ཆེན་པོ་བྱེད་ཀྱི་ཡོད་པ་ནི་ཆབ་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་ནས་དགེ་མཚན་ཆེན་པོ་ཡོད་པ་ཞིག་རེད། ཡང་ཕྱོགས་གཞན་ནས་རྒྱལ་སྤྱིའི་མཛངས་མའི་འགྲན་སྡུར་ཁག་ནི་༡༩༢༥ ནས་༡༩༤༦ ལོའི་གཡས་གཡོན་དུ་འཛམ་གླིང་གི་དམག་འཁྲུག་ཆེན་པོ་ཁག་གི་འགྲན་བསྡུར་ལྟར་དང༌། ད་ལྟའི་རྙོག་ཟིང་ཆེ་བའི་སྲིད་དོན་དང་དཔལ་འབྱོར་གྱི་འགྲན་བསྡུར། ཤིན་ཏུ་ཉེན་ཚབས་ཆེ་བའི་རྡུལ་ཕྲན་མཚོན་ཆའི་འགྲན་བསྡུར་བཅས་ནི་ཆེས་གདུག་རྩུབ་ཅན་གྱི་སྲིད་དོན་དང་ཆོས་ལུགས་ལོག་པའམ་ལྟ་བ་འཁྲེགས་འཛིན་གྱི་བསམ་བློ། བཙན་ཤེད་དབང་སྒྱུར་འདྲ་མིན་བཅས་ལ་བརྟེན་ནས་བྱུང་ཡོད་ཅིང༌། དེ་བཞིན་དེང་སྐབས་ཆེས་དར་ཁྱབ་ཆེ་བའི་མཛངས་མའི་འགྲན་སྡུར་རྣམས་ཀྱང་གོང་ལྟར་ཆབ་སྲིད་སོགས་བསྲེས་འདྲེས་ཆེན་པོ་ཡོད་པས་དགོས་པ་རྒྱུ་མཚན་དམིགས་བསལ་ཞིག་ཡོད་པ་མ་རེད་ཅེས་ཤོད་མཁན་མང་པོ་ཡོད་པ་རེད།

ད་ལྟའི་བོད་ཀྱི་མཛངས་མའི་གནས་སྟངས་གང་ཡིན་ནམ།

བོད་ཀྱི་མཛངས་མ་ལ་མཚོན་ན་བོད་རང་བཙན་ནམ། ཡང་ན་བོད་ས་ཡོངས་རྫོགས་ཚད་མཐོའི་རང་སྲིད་རང་སྐྱོང་ལྗོངས་ཤིག་མ་ཐོབ་ཀྱི་བར་དུ་རྒྱ་ནག་གི་བཙན་འོག་ནས་སྤྱིར་བོད་ཀྱི་མཛངས་མ་མཚན་ཉིད་ཚང་བ་ཞིག་ཡོང་ཐབས་མེད་པ་དང། བོད་ཀྱི་མི་འབོར་ལ་གཞིགས་ཏེ་བཙན་བྱོལ་བོད་མིའི་ཁྲོད་དུ་དེ་བས་ཀྱང་བོད་ཀྱི་མཛངས་མའི་ངོ་བོ་མཚོན་བྱེད་ཙམ་མ་གཏོགས་ཡོང་ཐབས་མེད་པ་ཞིག་རེད་ཅེས་ཤོད་མཁན་དེ་ལས་ཀྱང་མང་བ་ཡོད་པ་རེད། ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་གིས་དབུས་བཙན་བྱོལ་བོད་གཞུང་མང་གཉིས་ནི་རྒྱ་ཆེའི་བོད་མི་མང་གི་དམིགས་ཡུལ་དང་མ་འོངས་པའི་རེ་བ། བོད་མི་རྣམས་ཀྱི་རང་དབང་གི་མཚོན་རྟགས་ལྟ་བུ་ཡིན་པ་ལྟར་བཙན་བྱོལ་བོད་ཀྱི་མཛངས་མ་དེ་ཡང་བོད་ཀྱི་བུད་མེད་རྣམས་ཀྱི་གཤིས་སྤྱོད་གོམས་སྲོལ་བཟང་པོ་དང༌། རང་ཉིད་དང་འབྲེལ་ཡོད་ནང་བསྟན་ཆོས་རིག་དང་བཅས་པ་རྒྱལ་ཕྱི་ནང་དང༌། འཛམ་གླིང་གི་བུད་མེད་གཞན་ལྟར་ཆབ་སྲིད་སོགས་སྡིངས་ཆ་གང་ལའང་རང་དབང་ངང་ཤེས་སྤོབས་གཉིས་ལྡན་གྱི་སྒོ་ནས་འགྲེལ་བརྗོད་གསལ་སྟོན་ཐུབ་མཁན་ཞིག་དགོས་པ་རེད་ཅེས་བོད་མི་མང་པོས་ཤོད་ཀྱི་ཡོད་པ་རེད།

འོན་ཀྱང་དེ་ལྟར་ཡོང་ཐུབ་བམ་ཞེ་ན།

དེ་ལྟར་ཡོང་རྒྱུ་མེད་པ་ཟུར་བལྟས་ལེབ་མཐོང་ལྟ་བུ་རེད། སྤྱིར་བོད་ཀྱི་བུ་མོ་རྣམས་དེང་རབས་གསར་པའི་ནང་དུ་སླེབས་ཀྱང་སོ་སོར་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། གོམས་གཤིས། བསམ་བློ་གཏོང་སྟངས་དང་བཅས་པའི་ཐོག་ཕྱིའི་ཡུལ་གྲུ་གཞན་དང་གཅིག་མཚུངས་མེད་ཅིང༌། ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་སྟངས་འཛིན་གཟིགས་སྐྱོང་འོག་ད་དུང་ཡང་ཕལ་ཆེ་བ་ཡ་རབས་བཟང་སྤྱོད་དང་ངོ་ཚ་ཁྲེལ་ཡོད་ངང་རང་ཉིད་ཀྱི་སྤྱི་ཚོགས་སུ་ཁ་མ་བྲལ་བར་རྒྱུན་གནས་ཐུབ་ཡོད་པར་བརྟེན། དེང་དུས་མཛངས་མའི་འགྲན་སྡུར་ཁྲོད་སྤྱིར་འཁྲབ་སྟོན་གྱི་ལས་ཚན་ནང་ཁྲེལ་མེད་ལྟ་བུའི་གཅེར་བུར་སྟོན་ནས་འཁྲབ་སྟོན་བྱེད་པ་སོགས་མང་པོ་ཞིག་བོད་ཀྱི་བུ་མོ་རྣམས་ལ་འཚམས་པོ་གཏན་ནས་མེད། གཅིག་ནས་དེང་དུས་འཛམ་གླིང་སྤྱིའི་བུ་མོ་རྣམས་དང་བསྡུར་ན་བོད་ཀྱི་བུ་མོ་ཚོར་གནའ་དེང་གི་ཤེས་ཡོན་ཐོག་མཁྱེན་རྒྱ་དམན་པ་དང༌། གཉིས་ནས་ངོ་ཚ་ཁྲེལ་མེད་ཀྱི་འཁྲབ་སྟོན་དེས་བོད་ཀྱི་བུ་མོ་རྣམས་ཁ་མིག་ཡར་ལྟ་བྱེད་པའི་ལམ་དུ་མ་ཁྲིད་པར་སོ་སོར་ད་ལྟ་ཡོད་བཞིན་པའི་ཁྱད་ཆོས་ལེགས་ཤོས་དེ་ཡང་བརླག་པའི་ཉེན་ཁ་ཆེན་པོ་ཡོད་པ་ཞིག་རེད།

བོད་ཀྱི་མཛངས་མའི་མིང་ཐོགས་པ་ཚོས་མཛངས་མ་གཞན་དང་འགྲན་སྡུར་བྱ་ཐུབ་བམ།

ཕྱོགས་གཞན་ནས་ད་བར་བྱུང་ཟིན་པའི་བོད་ཀྱི་མཛངས་མའི་མིང་ཐོགས་པ་རྣམས་ཀྱིས་བོད་ཀྱི་མཛངས་མ་དངོས་སུ་མཚོན་ཐུབ་པར་བྱས་ཡོད་མིན་བལྟ་དགོས་པ་ཞིག་དང༌། ཐུབ་ཡོད་ཀྱང་དེང་དུས་འཛམ་གླིང་གི་མཛངས་མའི་འགྲན་བསྡུར་ཁྲོད་གཞན་དང་གཅིག་མཚུངས་ཀྱི་གོམ་པ་ཞིག་སྤོས་ཡོད་མེད་ཡང་བལྟ་དགོས། བོད་དང་བཙན་བྱོལ་གཉིས་ཀའི་བུ་མོའི་བརྒྱ་ཆ་༨༥ ཙམ་ཚན་རིག་དང་འཕྲུལ་རིག ལྟ་གྲུབ། སྨན་དང་རྩིས། ཁྲིམས་ལུགས་སོགས་ཀྱི་སློབ་ཚན་གང་གི་ཐོག་ནས་ཀྱང་ཤེས་ཡོན་མཐར་ཕྱིན་པ་ཞིག་ཡོད་པ་མ་རེད་ཅེས་བརྗོད་ཆོག་པ་དང༌། ད་དུང་མང་པོ་ཞིག་ནས་ཕྱིའི་ཡུལ་གྲུ་ཁག་ལ་མིག་དཔེ་བལྟ་ཁུལ་བྱས་ཏེ་དེང་རབས་གསར་པའི་གྱོན་ཆས་སྣ་ཚོགས་གོན་ནས་དེང་རབས་ཅན་གྱི་བུ་མོ་ཞིག་ཡིན་ཁུལ་བྱེད་ཀྱི་ཡོད་ཀྱང༌། ཕྱིའི་རྣམ་འགྱུར་ཙམ་ལས་དོན་དངོས་ཀྱི་ཐོག་ནས་ཕྱིའི་བུད་མེད་ཀྱི་དེང་རབས་གསར་པའི་ཤེས་ཡོན་གྱི་ཁྱད་ཆོས་སོགས་དང་འགྲན་ཟླ་གཅོག་ཐབས་མེད་པས་ཁ་མིག་མར་བལྟ་བྱས་པ་ལྟ་བུ་ཆགས་ཡོད་པ་རེད།

ད་ལྟའི་བོད་ཀྱི་མཛངས་མའི་འགྲན་སྡུར་གང་འདྲ་ཡོད་དམ།

ཡིན་ཡང་བོད་ཀྱི་བུ་མོ་རྣམས་གཞན་ལ་མེད་པའི་བཟང་པོའི་ཁྱད་ཆོས་ཤིག་ཡོད་པ་དེ་ནི་རང་གི་ཕ་མེས་ནས་ཆད་པའི་ནང་བསྟན་ཆོས་རིག་ལ་དད་པ་གཙང་མ་དང༌། དེའི་རྒྱུད་འཇགས་སུ་གནས་པའི་གོམས་གཤིས་དང་སྤྱོད་ལམ་བཟང་པོ་དེ་ད་བར་རྒྱུན་འཛིན་དང་ཡུན་གནས་ཐུབ་པ་དེ་ཡིན་པར་བརྟེན། བོད་ཀྱིས་བུ་མོ་ཚོས་ཕྱི་ཕྱོགས་ཀྱི་བུད་མེད་རྣམས་ལ་ལད་ཟློས་བྱེད་མི་དགོས་པར་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་རང་ཉིད་ལ་དགོས་མཁོ་ལྡན་ལ། རང་ཉིད་ཀྱི་ཆོས་རིག་གོམས་སྲོལ་བཅས་དང་འཚམས་པའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ཞིག་ཡོང་ཐུབ་ན། གཞུང་དང་སྤྱི་ཚོགས། ཕ་མ་ནང་མི་རྣམས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་དང༌། བུ་མོ་རྣམས་ཀྱིས་ཀྱང་དོ་སྣང་དང་དང་ལེན་གྱིས་བཟང་སྤྱོད་དང་འབྲེལ་བའི་སྒོ་ནས་བུ་མོ་སོ་སོའི་ཆོས་རིག་དང་ཉམས་འགྱུར་གྱི་ཁྱད་ཆོས། གདེང་ཚོད་དང་ཤེས་འཇོན་ཡོངས་རྫོགས་བོད་མི་ཙམ་མ་ཟད། འཛམ་གླིང་མི་མང་ལའང་རྣམ་པ་མི་འདྲ་བའི་ཐོག་ནས་དྲིལ་བསྒྲགས་དང་གསལ་སྟོན་བྱེད་ཐུབ་པ་རེད།

འཛམ་གླིང་གི་བུ་མོ་རྣམས་ལ་མིག་དཔེ་བཟང་པོ་ཞིག་ཕར་སྟོན་ཐུབ་རྒྱུ་བཅས་ལས། ད་ཡོད་ཀྱི་འགྲན་བསྡུར་ལྟར་ཐབས་སྡུག་འདི་འདྲ་ཞིག་བྱུང་བ་དེ་གཞུང་སྒེར་ཚོགས་སྡེ་མི་མང་བཅས་ཀྱི་གནོན་ཤུགས་དང༌། བོད་ཀྱི་བུ་མོ་ཚོའི་བསམ་བློའི་འཁྱེར་སོ་དེ་རྗེས་ལུས་ཀྱི་སྤྱི་ཚོགས་སུ་གནས་པའི་དབང་གིས་མིན་པ་དང༌། ཁོང་ཚོར་གདེང་ཚོད་སོགས་ཀྱིས་མ་འདང་བ་ཞིག་དེ་བས་ཀྱང་མིན། ཁོང་ཚོས་སྤྱིར་བོད་མིའི་གནས་སྟངས་དང་སྒོས་སུ་བཙན་བྱོལ་བའི་གནས་བབས་ལ་ཐུགས་བསམ་བཞེས་ཡོད་ལ། གཉིས་ནས་ད་ལྟའི་འགྲན་བསྡུར་གྱི་གོ་སྒྲིག་གནང་ཕྱོགས། མཛངས་མའི་འགྲན་བསྡུར་ཁྲོད་འཁྲབ་ཚན་མང་དག་ཅིག་ཁོང་ཚོར་འཚམས་པོ་མེད་པ་བཅས་ཀྱིས་གནས་སྟངས་འདི་འདྲ་ཞིག་ཆགས་པ་རེད་སྙམ།། རྩོམ་ཡིག་འདི་བོད་ཀྱི་བང་ཆེན་དུ་འགོད་འགྲེམས་ཞུས་ཡོད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།