བོད་རྒྱའི་འབྲེལ་མོལ་མ་གནང་གོང་རྒྱ་ནག་ལ་གནོན་ཤུཌ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱིས་ཟླ་༩ཚེས་༡༢ཉིན་འགྲེམས་སྤེལ་ཞུས། ཟླ་འདིའི་ཚེས་༦ནས་ཉིན་༤རིང་དབྱིན་ལན་ཌིའི་ཆབ་སྲིད་ཚོགས་པ་ཁག་ལས་གྲུབ་པའི་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་ཡུལ་དེར་ཡོད་པའི་བོད་ཚོགས་ཀྱི་འགན་འཛིན་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་ཏེ་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམས་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་སྐོར་བཀའ་མོས་གནང་ཡོད་པ་རེད།

དེ་ཡང་ཚོགས་ཆུང་དེས་བཀའ་བློན་ཁྲི་པ་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་བཅས་བོད་གཞུང་གི་མཛད་གཙོ་རྣམ་པ་དང༌། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལ་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་སྐོར་བཀའ་སྡུར་ཞིབ་ཚགས་གནང་ཡོད་ཅིང༌། ཁོང་རྣམ་པས་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པར་མུ་མཐུད་གདུག་རྩུབ་ཆེན་པོའི་འོག་གནས་ཡོད་པར་གདུང་སེམས་མཉམ་བསྐྱེད་དང༌། རྒྱ་ནག་གིས་བོད་ཐོག་འཛིན་པའི་ད་ལྟའི་སྲིད་བྱུས་ལ་ངོ་རྒོལ་བྱེད་བཞིན་ཡོད་པ། རྒྱ་བོད་དབར་གྱི་དཀའ་རྙོག་སེལ་ཐབས་སུ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བཏོན་གནང་མཛད་པའི་དབུ་མའི་ཐབས་ལམ་ལ་རྒྱབ་སྐྱོར་ཞུ་ཡི་ཡོད་པ། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཤིག་ནམ་ཡང་བྱས་མྱོང་མེད་པ་དང་དབྱིན་ལན་ཌིའི་ངོས་ནས་ཀྱང་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་ནམ་ཡང་བྱས་མྱོང་མེད་ལུགས། ༢༠༠༩ལོ་དེ་བོད་དོན་ཆེད་གནད་འགག་ཆེ་བའི་ལོ་ཞིག་སྟེ་ྋགོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་༥༠འཁོར་བ་དང༌། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་མཁྲེག་བཟུང་བྱས་ཏེ་བོད་ཀྱི་དཀའ་རྙོག་སེལ་ཐབས་མ་གནང་བར་ལོ་༥༠འཁོར་བ་གཉིས་གཅིག་ཏུ་ཁེལ་ཡོད་པ་རེད་ཅེས་གསར་འགོད་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད། དེ་རྗེས་འདི་གའི་གསར་འགོད་པས་འཐུས་མི་རྣམ་པ་གསུམ་ལ་བཅར་འདྲི་ཞུས་པ་གཤམ་དུ་བཀོད་ཡོད་པས་གཟིགས་རོགས་ཞུ།

དྲི་བ། སྐུ་ཉིད་ཐེངས་འདིར་བོད་གཞུང་གི་མཛད་གཙོ་རྣམ་པ་དང་མཇལ་མོལ་བྱུང་ཡོད་ཅིང༌། སྐབས་དེར་གནད་དོན་གཙོ་བོ་གང་གི་ཐོག་བཀའ་མོས་བྱུང་ཡོད་དམ།

ལན། གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ནོར་མན་བྷེ་ཀར་ལགས་ཀྱིས། ང་ཚོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་བློན་ཁྲི་པ་མཆོག་བཅས་ལ་ང་ཚོས་ད་བར་བོད་དོན་ཆེད་གང་ཞུས་པ་དང་གང་ཞུ་བཞིན་ཡོད་པ་བཅས་ཀྱི་སྐོར་ཞུས་པ་ཡིན། དེ་བཞིན་བོད་མི་ཚོར་ཁྱེད་རྣམ་པ་ཁེར་རྐྱང་མིན་པར་ང་ཚོ་རྒྱབ་ལ་ཡོད་ཅེས་ཤེས་རྟོགས་ཡོང་ཆེད་དུ་ཡོང་བ་ཡིན་ཞེས་ཞུས་པ་ཡིན། ད་དུང་གནད་དོན་གལ་ཆེན་ཞིག་ལ་འབྱུང་འགྱུར་ཟླ་༡༢ནང་བོད་དོན་ཆེད་ལས་དོན་གང་དང་གང་ཞུ་དགོས་མིན་བཅས་ཀྱི་སྐོར་ཡང་བཀའ་ཁྲི་མཆོག་དང་བཀའ་མོས་བྱུང་སོང༌།

དྲི་བ། ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་འགོ་ཁྲིད་དབར་རྒྱ་བོད་འབྲེལ་མོལ་ཐེངས་བརྒྱད་པ་རིང་མིན་ཟླ་༡༠ནང་འགོ་འཛུགས་བྱ་རྒྱུ་ཡིན་པ་དང༌། འབྲེལ་མོལ་དེ་ཡར་རྒྱས་ཡོང་ཐབས་སུ་བོད་མི་རྣམས་ལ་བཀའ་སློབ་གང་གནང་རྒྱུ་ཡོད་དམ།

ལན། ཁོང་གིས་མུ་མཐུད་གསུངས་དོན། ངས་བསམ་པར་རྒྱ་ནག་གིས་དོན་མེད་ཀྱི་ཆ་རྐྱེན་མང་པོ་ཞིག་བཏོན་ཡོད་པ་དང༌། དེ་དག་ལས་ཏཱ་ལའི་བླ་མ་མཆོག་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་བྱེད་དགོས་ལུགས་བརྗོད་ཀྱི་ཡོད་པ་དེ་ངོས་ལེན་ཞུ་ཐབས་མེད་པ་དང༌། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གིས་བདག་དབང་ནམ་ཡང་བྱས་མྱོང་མེད་ཅིང༌། ཏཱ་ལའི་བླ་མ་མཆོག་གིས་ཀྱང་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་རྫུན་བརྗོད་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད། བོད་མི་ཚོའི་ངོས་ནས་གནད་དོན་ཆེ་ཆུང་ལ་མ་ལྟོས་པར་འབྲེལ་མོལ་འགོ་འཛུགས་མ་བྱས་གོང་ནས་ཕན་ནུས་ལྡན་པའི་གོམ་པ་མདུན་སྤོ་བྱེད་དགོས་ལ། དེ་ཡང་འཛམ་གླིང་མི་མང་ཚོས་གོ་རྟོགས་ཐུབ་པ་ཞིག་བྱ་རྒྱུར་ཧ་ཅང་་གལ་ཆེན་རེད།

དེ་དག་ལ་བརྟེན་ནས་འཛམ་གླིང་ཡོངས་ནས་བོད་མི་ཚོས་གང་དགོས་འདུན་འདོན་གྱི་ཡོད་མེད་དང་རྒྱ་ནག་གིས་ཀྱང་གང་བྱས་པ་དང་གང་བཤད་པ་དེ་དག་རྒྱུ་མཚན་མེད་པ་ཞིག་མཐོང་ཐུབ་རྒྱུ་རེད། ང་ཚོས་གང་ཡང་མ་བརྗོད་པར་བསྡད་པ་ཡིན་ན། རྒྱ་ནག་གིས་མུ་མཐུད་རྒྱུ་མཚན་དང་ཁུངས་ལུངས་མེད་པ་ཤ་སྟག་ཤོད་སྡོད་ཀྱི་རེད། དེར་བརྟེན་ང་ཚོས་གནད་དོན་རྣམས་ཞིབ་ཕྲ་བྱས་འཛམ་གླིང་མི་མང་ལ་གོ་རྟོགས་སྤེལ་ཏེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་ཞིག་རེད། ལྷག་པར་དུ་རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ལྟ་དབྱིན་ལན་ཌིའི་ངོས་ནས་རྒྱ་ནག་ལ་དྲི་བ་གཏོང་རྒྱུའི་དུས་ལ་སླེབས་པ་དང་རྒྱ་ནག་གིས་ཀྱང་བོད་དོན་འབྲེལ་མོལ་གྱི་གྲུབ་འབྲས་སྐོར་ཕན་ནུས་ལྡན་པའི་ལན་འདེབས་བྱེད་རྒྱུའི་དུས་ཚོད་སླེབས་ཡོད།

དྲི་བ། ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་འགོ་ཁྲིད་དབར་རྒྱ་བོད་འབྲེལ་མོལ་ཐེངས་བརྒྱད་པ་རིང་མིན་ཟླ་༡༠ནང་འགོ་འཛུགས་བྱ་རྒྱུ་ཡིན་པ་དང༌། འབྲེལ་མོལ་དེ་ཡར་རྒྱས་ཡོང་ཐབས་སུ་བོད་མི་རྣམས་ལ་བཀའ་སློབ་གང་གནང་རྒྱུ་ཡོད་དམ།

ལན། གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊིམ་ལའུ་ཊོན་ཀར་ལགས་ཀྱིས། འབྲེལ་མོལ་ཐེངས་༧པ་དེ་ཟླ་༡༠མ་རྫོགས་གོང་བྱ་རྒྱུ་ཡིན་སྐོར་ང་ཚོ་དང་ལོན་ཌོན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་དབར་བཀའ་མོས་བྱུང༌། གང་ཡིན་ཞེ་ན་ཨོ་ལིམ་ཕིག་རྩེད་འགྲན་མཇུག་བསྒྲིལ་ཚར་བས་དེ་ལ་འགྱུར་བ་འགྲོ་སྲིད་པ་ཞིག་རེད། འོན་ཀྱང་འབྲེལ་མོལ་དེ་ཡོང་གི་རེད། ང་ཚོས་བོད་ཀྱི་སྐུ་ཚབ་ཚོ་དང་ལྷན་དུའང་བཀའ་མོས་བྱུང་ལ། དོན་ཚན་༦གི་ཐོག་ལངས་ཕྱོགས་བརྟན་པོ་བཟུང་རྒྱུར་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལུགས་ང་ཚོས་ནན་པོ་བྱས་ནས་ཞུས་པ་ཡིན། དོན་ཚན་དེ་དག་སྐུ་ཚབ་ཚོས་ཀྱང་ཕན་ནུས་ལྡན་པ་ཞིག་དགོངས་ཀྱི་འདུག་པ་དང་རྒྱ་ནག་ཕྱོགས་ནས་ངོས་ལེན་གྱིས་གསལ་སྟོན་བྱེད་དགོས་པ་ཞིག་རེད། ད་ལྟ་གྲུབ་འབྲེས་གང་བྱུང་ཞེས་འདྲི་རྒྱུའི་དུས་ལ་སླེབས་ཡོད་པ་ལས་འབྲེལ་མོལ་སྐོར་བཤད་ནས་སྡོད་རྒྱུའི་དུས་ཚོད་མ་རེད། དེ་བཞིན་འབྲེལ་མོལ་དེ་དག་ཀྱང་ཕྱིར་འཐེན་དང་རྗེས་ལུས་ཀྱི་མཐར་རྒྱ་ནག་གི་ཁེ་ཕན་ཞིག་ཆགས། ང་ཚོས་དོན་ཚན་༦གི་ཐོག་བཀའ་སྡུར་བྱ་དགོས་པ་དང༌། དེ་དག་དེ་ལྟ་བུའི་དཀའ་ཚེགས་ཆེ་བའི་གནད་དོན་གཙོ་བོ་མ་རེད་ལ། དེ་དག་གིས་ད་ལྟའི་བོད་དང་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་དགེ་ཕན་ཆེན་པོ་ཡོད་པ་ཞིག་རེད།

དྲི་བ། ལོ་རྒྱུས་ལ་ཕྱི་མིག་ཅིག་གཟིགས་དང༌། དབྱིན་ལན་ཌི་དང་བོད་རྒྱལ་ཁབ་དབར་ལོ་རྒྱུས་ཀྱི་འབྲེལ་བ་ཤུགས་ཆེན་ཆགས་པ་རེད། སྐུ་ཉིད་ནས་བོད་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་གནང་གི་ཡོད་དམ། ཡང་ན་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་ཡོད།

ལན། ཁོང་གིས་གསུངས་དོན། དབྱིན་ལན་ཌིའི་གཞུང་རིམ་པས་བོད་དེ་རྒྱ་ནག་གིས་བདག་དབང་ཡོད་པ་ཞིག་ནམ་ཡང་ངོས་འཛིན་བྱས་མྱོང་མེད་པ་དང༌། དེ་ཡང་བོད་ས་ཡོངས་རྫོགས་རེད་མ་གཏོགས། ད་ལྟའི་རྒྱ་ནག་གི་བོད་རང་སྐྱོང་ལྗོངས་ཙམ་བརྗོད་ཀྱི་ཡོད་པ་མ་རེད། འོན་ཀྱང་བོད་མི་ཁོང་རང་ཚོས་ད་ལྟ་བོད་ལ་རང་དབང་རང་བཙན་ཆ་ཚང་བ་ཞིག་གི་གནད་དོན་ལ་རྩོད་ཀྱི་མི་འདུག དེར་བརྟེན་ང་ཚོས་ག་རེ་ཞུ་དགོས་པ་རེད་ཅེ་ན། བོད་རང་སྲིད་རང་སྐྱོང་ཞིག་གི་གནད་དོན་ཞིག་ལ་འགྲོ་ཡི་ཡོད་ལ། དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ད་ལྟ་བོད་མི་ཚོས་ལོངས་སྤྱོད་བྱ་ཐུབ་པ་ཞིག་དང༌། དེ་ཡང་རྒྱ་ནག་རང་གིས་རང་ཉིད་ཀྱི་རྩ་ཁྲིམས་སུ་འཁོད་པ་ལྟར་དང༌། དེ་ལྟར་ལག་བསྟར་བྱ་ཐུབ་པ་ཡིན་ན། རྩ་ཁྲིམས་སུ་གྲངས་ཉུང་མི་རིགས་རྣམས་ལ་གནང་བའི་ཐོབ་ཐང་ཁག་འགན་ལེན་ཡོད་པ་ལྟར་བོད་མི་ཚོས་རང་སྲིད་རང་སྐྱོང་ཆ་ཚང་བ་ཞིག་ལོངས་སུ་སྤྱོད་ཐུབ་ངེས་རེད། བོད་དེ་རྒྱ་ནག་གི་བདག་དབང་ཡོད་མེད་སྐོར་ཚོར་བ་རྣོན་པོས་བརྗོད་རེས་བྱས་ཏེ་འབྲེལ་མོལ་ལ་འགོག་རྐྱེན་བཟོ་བ་ལས། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་གནད་དོན་དེ་དག་གི་ཐོག་ནས་མུ་མཐུད་ཤུགས་གནོན་བརྒྱབ་སྟེ་གོམ་པ་མདུན་སྤོ་བྱས་པ་ཡིན་ན། ཕྱོགས་ཡོངས་ནས་གྲུབ་འབྲས་ལྡན་པ་ཞིག་ཡོང་གི་ཡོད་པ་ཚང་མས་མཐོང་ཐུབ་པ་ཞིག་རེད།

དྲི་བ། སྐུ་ཉིད་ཀྱི་དགོངས་པར་དབྱིན་ལན་ཌིས་བོད་ཀྱི་འཚེ་བ་མེད་པའི་ལམ་ནས་དབྱིན་ལན་ཌིའི་ཆབ་སྲིད་ཀྱི་ཁེ་ཕན་བསྒྲུབ་རྒྱུར་ལེགས་ཆ་ལེན་རྒྱུ་འདྲ་ཡོད་དམ།

 

ལན། གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཇུ་ལི་མོར་གྷན་ལགས་ཀྱིས། ཚང་མ་ལ་བོད་ཀྱི་འཚེ་བ་མེད་པའི་ལམ་ནས་སྦྱང་རྒྱུ་མང་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག་ལ། དེ་ནི་དོ་སྣང་བྱ་དགོས་པ་ཞིག་དང་ལྷག་པར་དུ་བོད་དེ་ཐེ་ཚོམ་མེད་པར་འཚེ་བ་མེད་པའི་ལམ་ཁ་དེར་མུ་མཐུད་བསྐྱོད་དགོས་པ་གལ་ཆེན་ཡིན་པ་དང༌། ངོས་ཀྱི་རེ་བའང་ལམ་ཁ་དེའི་ཐོག་ནས་ཀྱང་བོད་མི་ཚོར་གྲུབ་འབྲས་ཤིག་མགྱོགས་མྱུར་ཐོབ་ཀྱི་རེད། གང་ལགས་ཞེ་ན། དཀའ་རྙོག་དེ་རྒྱུན་རིང་ཞིག་ནས་འགྲོ་བཞིན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཀྱང་ཆིག་བསྒྲིལ་གྱིས་རྒྱ་ནག་ལ་ངོ་རྒོལ་བྱས་ཏེ་གྲུབ་འབྲས་ལྡན་པ་ཞིག་ཡོང་ཐབས་བྱ་དགོས་པ་རེད་བསམ་གྱི་འདུག ྋགོང་ས་ཏཱ་ལའི་བླ་མཆོག་གིས་དབུ་ཁྲིད་པའི་བོད་ཀྱི་འཚེ་བ་མེད་པའི་ལམ་དེ་གལ་འགངས་ཆེན་པོ་ཡིན་པ་དང༌། ལམ་ལུགས་དེ་ནས་དབྱིན་ལན་ཌིའི་ངོས་ནས་སྦྱོང་རྒྱུའི་གནད་དོན་ཧ་ཅང་མང་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག

དྲི་བ། འདས་པའི་ལོ་མང་རིང་ཡོ་རོབ་ཡུལ་གྲུ་ཁག་གི་གྲོས་ཚོགས་ཀྱི་སྐུ་ཚབ་མང་པོ་ཞིག་བཞུགས་སྒར་དུ་ཕེབས་ཡོད་པ་དང༌། ཁོང་རྣམ་པས་ཁེ་ལེན་མང་པོ་ཞིག་གནང་ཡོད་པ་རེད། དེར་བརྟེན་སྐུ་ཉིད་ཀྱི་སྐུ་ཚབ་ཚོགས་ཆུང་གི་གཟིགས་སྐོར་འདིས་བོད་དོན་ཆེད་ཕན་ནུས་ལྡན་པ་ཞིག་ཡོང་གི་རེད་དགོངས་ཀྱི་ཡོད་དམ།

ལན། ལྕམ་ཇུ་ལི་མོར་གྷན་ལགས་ཀྱིས། ད་ལྟ་གྲུབ་འབྲས་ཕན་ནུས་ལྡན་པ་འདི་འདྲ་ཞིག་ཡོང་གི་རེད་ཅེས་ཞུ་ཐུབ་པ་མི་འདུག་ཀྱང༌། གང་ལྟར་ད་ལྟ་ང་ཚོས་ཕན་ནུས་ལྡན་པ་ཞིག་ཡོང་རྒྱུར་འདོད་ཀྱི་ཡོད། གང་ཡིན་ཞེ་ན། གནད་དོན་མི་འདྲ་བ་མང་པོ་ཞིག་ཡོད་པ་ནས་ཉེ་དུས་བོད་ནང་གི་གནས་ཚུལ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་སོགས་དོན་རྐྱེན་མང་པོ་ཞིག་ལྷགས་ཡོད་པ་རེད། དེར་བརྟེན་ང་ཚོས་ཕར་ཕྱིན་ནས་མི་འདྲ་བ་ཞིག་བྱེད་རྒྱུ་ཡིན།། བཅར་འདྲི་འདི་དབྱིན་ཡིག་ཕབ་བསྒྱུར་ཞུས་པས་དབྱིན་ཡིག་ལ་རྩ་འཛིན་ཞུ་རོགས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: