བོད་རང་བཙན་སྐོར་བརྗོད་པར་དོན་གནད་འགའ།

བོད་དེ་རྒྱ་ནག་ལས་ཐ་དད་པའི་རང་བཙན་གྱི་རྒྱལ་ཁབ་གཅིག་རེད་ཟེར་དུས་མང་པོ་ཞིག་གིས་སྐད་ཡིག ཆས་གོས། གོམས་སྲོལ་སོགས་རྒྱ་དང་ཐ་དད་ཡིན་ཞེས་རྗོད་བཞིན་ཡོད། དེ་ཙམ་བརྗོད་པའང་ཡག་པོ་རེད། ཡིན་ནའང་བསམ་བློ་ཞིབ་ཕྲར་བཏང་ན་སྐད་ཡིག་སོགས་རྒྱ་བོད་གཉིས་ཐ་དད་ཡིན་པ་རྒྱ་ནག་གི་དབུ་འཁྲིད་ཚོས་ཀྱང་འདོད་ཀྱི་རེད། གང་ལ་ཞེས་ན་རྒྱ་ནག་དེ་གྲངས་ཉུང་མི་རིགས་ལྔ་བཅུ་ལྷག་གིས་གྲུབ་པའི་རྒྱལ་ཁབ་གཅིག་ཡིན་ཚུལ་རྗོད་བཞིན་ཡོད་པའི་ཕྱིར་རོ། ང་ཚོས་བལྟ་ས་གཙོ་བོ་དེ་བོད་ཀྱི་ས་གཞི་སྒང་དུ་བོད་མི་རང་ཉིད་ཀྱིས་དབང་བསྒྱུར་བྱས་ཐུབ་འདུག་མིན་ལ་ཞིབ་འཇུག་བྱེད་དགོས། མདོར་བསྡུས་ནས་བཤད་ན། དབང་དུ་བསྒྱུར་བྱར་གཉིས་ཏེ་ཕྱི་སྲིད་དང་ནང་སྲིད་གཉིས་ཡིན། ཕྱི་སྲིད་ཀྱི་སྐོར་ནི་རྒྱལ་ཁབ་གཞན་དང་ཆིངས་ཡིག་བཞག་པ་དང་། དམག་འཁྲུག་བྱས་པ། ཚོང་འབྲེལ་བྱས་པ། ཕྱིར་བསྐྱོད་ཐོངས་མཆན་སྤྲད་པ། ནང་ཡོང་ལ་ཐོངས་མཆན་འདུག་མེད་བརྟགས་པ་སོགས་སོ། ནང་སྲིད་ལ་ཁྲལ་བསྡུས་དང་ཁྲིམས་གཅོད་ཁོར་ཡུག་སྲུང་སྐྱོབས། ནོར་སྲིད་ལ་བདག་ཉར། མངའ་འབངས་ལ་སྲུང་སྐྱོབ་སོགས་སོ། དེ་བཞིན་ཆབ་སྲིད་ཀྱི་རྒྱལ་མཚམས་དང་རང་བྱུང་གི་རྒྱལ་མཚམས་བཅས་ལ་བརྟགས་དགོས། དབོན་ཞང་རྡོ་རིང་ལྟ་བུ་ནི་ཆབ་སྲིད་ཀྱི་རྒྱལ་མཚམས་ཡིན། བོད་ཀྱི་མཐའ་འཁོར་ཀུན་ཏུ་གངས་རི་དང་རི་རྒྱུན་གྱིས་བསྐོར་བ་ནི་རང་བྱུང་གི་རྒྱལ་མཚམས་ཡིན། ཕོ་བྲང་པོ་ཏཱ་ལ་ནི་ཕོ་བྲང་ཡིན་པའི་ཁར་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ཚོགས་ཁང་ཡང་ཡིན་ཏེ་བོད་གཞུང་ཆོགས་འདུ་རྒྱས་འཛོམས་ཚོགས་ཡུལ་ཡིན་པའི་ཕྱིར་རོ།་དེ་བཞིན་རྒྱལ་དར་དང་རྒྱལ་གླུ། རྒྱལ་དངུལ་དེ་ཚོ་གལ་ཆེན་པོ་གྱུར་ཡོད་དོ།


བརྗོད་གཞི་གཞན་ཁག་ལ་གཟིགས།