ཆོས་ལུགས་ཡོངས་ལ་བྱམས་བརྩེ་སོགས་བསླབ་བྱ་གཅིག་མཚུངས་ཡོད།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༢༡ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་འཛམ་གླིང་ཞི་བདེའི་དེད་དཔོན་ྋགོང་ས་མཆོག་གིས་ཟླ་འདིའི་ཚེས་༡༩ཉིན་རྒྱ་གར་ལྷོ་ཕྱོགས་ཨན་དྷི་ར་མངའ་ཁུལ་གྱི་གྲོང་ཁྱེར་གྷུལ་བྷར་གྷ་ཞེས་པར་ནང་པའི་གཙུག་ལག་ཁང་ཞིག་གསར་བཞེངས་དབུ་འབྱེད་གནང་སྐབས་འཛམ་གླིང་གི་ཆོས་ལུགས་ཡོངས་ནས་བྱམས་སྙིང་བརྗེ་དང༌། བརྩེ་བ། འཆམ་མཐུན་བཅས་གནད་དོན་ཐད་ཀྱི་བསླབ་བྱ་གཅིག་མཚུངས་གནང་གི་ཡོད་ལུགས་བཀའ་སློབ་ཕེབས་ཡོད་པ་རེད།

དེ་ཡང་རེས་གཟའ་སྤེན་པ་ཉིན། མགོན་པོ་གང་ཉིད་ཀྱིས་དད་ལྡན་སེར་སྐྱ་ཆོས་ཞུ་བ་གྲངས་༦༠༠༠ཙམ་ལ་བདེན་པ་བཞི་དང༌། ལམ་བརྒྱད། ཆོས་ཀྱི་སྙིང་པོ། དེ་བཞིན་ནང་ཆོས་དང་འཛམ་གླིང་ཞི་བདེ་དབར་གྱི་འབྲེལ་བ་སྐོར་བཀའ་སློབ་དང༌། གཞན་ཡང་༧གོང་ས་མཆོག་གིས་སྲིད་དྷར་བྷུའུ་དྷ་བྷི་ཧར་བཙུགས་པའི་དུས་དྲན་ཐོག་མ་དེའི་དབུ་འབྱེད་མཛད་སྒོ་ཐོག་ཆིབས་བསྒྱུར་ཡང་བསྐྱངས་ཡོད་འདུག

༧གོང་ས་མཆོག་གིས་ཧིན་དྷུ་དང་ནང་པ་གཉིས་ནི་མཚེ་མ་ལྟ་བུ་ཡིན་སྐོར་འབྲེལ་བརྗོད་གནང་དོན། རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཊ་ཀའི་མངའ་སྡེ་གྷལ་བྷར་གྷ་ཞེས་པའི་ས་གནས་དེར་གང་ཉིད་ཀྱིས། ཧིན་དྷུའི་ཆོས་ལུགས་ཀྱང་ནང་པ་ནང་བཞིན་སྤྱི་ཚོགས་འཆམ་མཐུན་དང་འདྲ་མཉམ་སོགས་གསུང་གི་ཡོད་པ་ནི་ཡ་མཚན་ཅན་གྱི་སྲོལ་རྒྱུན་རིག་གཞུང་ཞིག་སྟེ། ཧིན་དྷུ་དང་ནང་པ་གཉིས་ནི་མཚེ་མ་ལྟ་བུ་ཞིག་ཆགས་ཡོད་ལུགས་གསུངས་ཡོད་འདུག

གང་ཉིད་ཀྱིས་འགྲོ་བ་མིའི་ཁོང་ཁྲོ་ནི་མི་མཐུན་པའི་བྱ་སྤྱོད་དེ་ལས་ཡོང་བ་ཞིག་དང༌། ཆགས་ཞེན་ནི་ཁོང་ཁྲོའི་གཞི་རྩ་ལྟ་བུ་ཆགས་ཡོད་པ་རེད། ཆགས་ཞེན་ཇི་ཙམ་ཆེ་བ་དེ་ཙམ་གྱི་ཁོང་ཁྲོ་མང་བ་དང༌། ཆགས་ཞེན་ཇི་ཙམ་ཆུང་བ་དེ་ཙམ་གྱི་ཁོང་ཁྲོ་ཉུང་བ་ཡོད་པ་རེད།

བློ་འགྱོད་དམ་སྡུག་བསྔལ་གྱི་རྒྱུ་རྐྱེན་གཙོ་བོ་ནི། སྙིང་པོ་མེད་པའི་དངོས་པོ་ཕྱོགས་ལ་ཡིད་སྨོན་སྐྱེས་པ་ལས་ཡོང་གི་ཡོད་པ་རེད། གལ་སྲིད་ང་ཚོས་དངོས་པོ་འདྲ་མིན་ལ་ཡིད་སྨོན་མི་ཤོར་བ་སྟངས་འཛིན་བྱེད་ཐུབ་ཚེ། བློ་འགྱོད་དམ་སྡུག་བསྔལ་སོགས་རང་བཞིན་གྱི་མེད་པ་ཆགས་ཀྱི་རེད་ཅེས་གསུངས་ཡོད་འདུག

ཡང་༧གོང་ས་མཆོག་གིས་རྒྱ་གར་ནི་ཧིན་དྷུ་དང༌། ཡེ་ཤུ། ཁ་ཆེ། སྲིད། ལྗིན། ནང་པ་སོགས་ཆོས་ལུགས་འདྲ་མིན་མང་པོ་མཉམ་གནས་བྱེད་ཡོད་པའི་རྒྱལ་ཁབ་ཞིག་ཡིན་དུས། ངོས་གང་དུ་ཕྱིན་ཡང་རྒྱ་གར་ནི་ཕུལ་བྱུང་གི་རིག་གཞུང་ལྡན་པ་དང༌། དཔེ་མཚོན་འཇོག་འོས་པའི་རྒྱལ་ཁབ་ཅིག་རེད་ཅེས་གོང་དུ་ཆོས་ལུགས་ཁག་དེ་དག་ལུང་འདྲེན་བྱེད་ཀྱི་ཡོད། གོང་དུ་ཆོས་ལུགས་ཁག་དེ་དག་ཚང་མར་སོ་སོར་ནང་དོན་རིག་པ་ཙམ་ཡོད་པས་མ་ཚད། མཛའ་བརྩེ་དང༌། བྱམས་སེམས། འཆམ་མཐུན་བཅས་ཚང་མས་གཅིག་མཚུངས་སུ་བསླབ་བྱ་གནང་གི་ཡོད་པ་རེད་ཅེས་གསུངས་ཡོད་འདུག

དེ་ཉིན་ངལ་རྩོལ་མཐུན་ཚོགས་ཀྱི་བློན་ཆེན་སྐུ་ཞབས་མའེ་ལི་ཀར་ཇུར་མཆོག་གིས་༧གོང་ས་མཆོག་ལ་སྣེ་ལེན་ཞུས་ཡོད་འདུག་པ་དང༌། གཞན་ཡང་རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོ་ཚོགས་ཞུགས་གནང་ཡོད་འདུག སྤྱི་ཟླ་༡༢པའི་ཚེས་༡༩ནས་༢༠བར་བྷུ་དྷ་བྷི་ཧར་ཞེས་པའི་དུས་དྲན་མཛད་སྒོ་ཐེངས་དང་པོ་དེའི་སྐབས་སུ་ཆོས་ཕྱོགས་ཀྱི་བཀའ་མོལ་དང་བགྲོགླེང་སོགས་གནང་ཡོད་པ་རེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
མགོ་པོ་མཆོག་གི་བཀའ་སློབ་ཕེབས་པ་དེ་ཚོར་བོད་མིའི་ཚང་མས་ལག་ལེན་བལྟར་ཐུབ་ན་བོད་མིའི་ནང་འཁུལ་འཆམ་མཐུན་ཡོང་རྒྱུ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།