འབྲེལ་མོལ་ནི་ཀ་བ་རུལ་པའི་སྟེང་གི་སྡོང་མ་ཞིག

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༡ཚེས་༡༤ཉིན་སྤེལ། བོད་རྒྱའི་རྩོད་རྙོག་དེ་ཞི་བའི་ལམ་ནས་འགྲིག་འཇགས་ཡོང་ཐབས་སུ་ྋགོང་ས་མཆོག་གི་ལམ་སྟོན་གནང་བའི་ཕྱོགས་བཅུར་དམིགས་པའི་དབུ་མའི་ཐབས་ལམ་བརྒྱུད་བཙན་བྱོལ་གཞུང་དམངས་གཉིས་ཀས་ལྷག་བསམ་རྣམ་དག་གནང་བ་ལ་བརྟེན་རྒྱལ་སྤྱིའི་ཐོག་རྒྱ་ནག་དང་འབྲེལ་བ་བྱེད་ཕྱོགས་བཅས་ཀྱི་གཙོས་ཆབ་སྲིད་གནད་དོན་གང་ལ་བསམས་ཀྱང་འཛམ་གླིང་གི་སྲིད་གཞུང་ཁག་དང༌། ཚོགས་སྡེ་བཅས་ནས་རང་གི་ལངས་ཕྱོགས་ལྟར་སྲིད་བྱུས་ལག་ལེན་བསྟར་ཕྱོགས། གཏམ་བཤད་སྤེལ་ཕྱོགས་ཚུན་ཡང་འགྱུར་བ་དང་ལངས་ཕྱོགས་གསར་པ་ཞིག་བྱུང་ཟིན་པ༑ ཡང་སྒོས་སུ་ཉེ་བའི་ཆར་ཡང་ཡོ་རོབ་དང་ཨ་རིའི་རྒྱལ་ཁབ་ཁག སྲིད་གཞུང་བཅས་ཀྱིས་རྒྱ་ནག་གིས་བོད་ཐོག་དྲང་བདེན་མ་ཡིན་པའི་ཐག་གཅོད། བོད་མི་རྣམས་ཆོས་སྲིད་ཀྱི་ཐོབ་ཐང་བཅས་པར་དྲག་གནོན་བྱས་དང་བྱེད་བཞིན་པར་ངོ་རྒོལ་སྐྱོན་བརྗོད་བྱས་ཏེ་ཡང་དག་པའི་དབུ་མའི་ཐབས་ལམ་བརྒྱུད་ྋགོང་ས་མཆོག་གི་ལྷན་དུ་བོད་རྒྱའི་དཀའ་རྙོག་དེ་འགྲིག་འཇགས་ཡོང་ཐབས་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེ་བྱེད་མུས་དང་གདོང་ཐུག་གིས་གནོན་ཤུགས་ཀྱང་སྤྲོད་མུས་ཡིན་རུང་དེར་རྒྱ་ནག་གིས་སྦ་གསང་མེད་པར་བོད་མི་ཚོར་ལན་འདེབས་གསལ་པོ་ཞིག་བཏང་ཟིན་པ་རེད།

འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་རང་གི་ལ་རྒྱ་དང་ཆེ་མཐོང་ལ་དམིགས་ཏེ་དྲང་བདེན་ལ་རྒྱབ་སྐྱོར་དང༌། བཙན་གནོན་ལ་འགོག་རྒོལ་བྱེད་པའི་སྐབས་འདིར་རྒྱ་ནག་གིས་དཔལ་འབྱོར་གྱི་ལག་ཆ་ཁ་ལ་འཁྱེར་བ་དང༌། རྒྱལ་རབས་ལོ་རྒྱུས་འཁྱོག་བཤད་ངང་བོད་རྒྱ་ཞི་མོལ་གྱི་ཆ་རྐྱེན་ལ་ད་བར་འགྱུར་བ་གང་ཡང་མངོན་མེད་ལ། ད་བར་བོད་ཀྱི་སྐུ་ཚབ་ཐེངས་ཐེངས་བརྒྱད་ཙམ་བོད་དང་རྒྱ་ནག་གི་ས་ཁུལ་ཁག་ཏུ་གཟིགས་སྐོར་ཕེབས་ཐུབ་པ་དེས་ཀྱང་ཕྱོགས་གཉིས་དབར་འབྲེལ་ལམ་གྱི་ཟམ་ཆུང་ལྟ་བུ་ཞིག་བཙུགས་ཐུབ་པ་བྱུང་རུང༌། གྲོས་མོལ་གྱི་གཞི་མར་སླེབས་རྒྱུ་ནི་ཚོད་དཔག་དཀའ་བ་ཞིག་ཡོད་པ་རེད་ཤོད་མཁན་མང་པོ་བྱུང་བ་ལྟར་མ་འོངས་ལུང་བསྟན་ལྟ་བུར་འགྱུར་བཞིན་འདུག

བོད་མིའི་དཔའ་བོ་སྟོང་ཚོ་མང་པོའི་ལུས་སྲོག་གི་འགྲོ་གྲོན་དང་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག དགོན་སྡེ་དང་སྐུ་གསུང་ཐུགས་རྟེན་གྲངས་མེད་གཏོར་བཅོམ། སྐུ་ཚབ་ཁྲོད་ཀྱི་མི་ཁ་ཤས་ནས་བོད་རྒྱའི་འབྲེལ་བའི་ཟམ་ཆུང་ལ་དོགས་པ་སྐྱེས་པ། ནང་བསྟན་འཛིན་པའི་བླ་སྤྲུལ་དང་གྲྭ་བཙུན་དམར་གསོད་དང་བཙན་གནོན་བྱས་དང་བྱེད་བཞིན་པ། བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་བཙན་བྱོལ་གྱི་ལོ་རྒྱུས་བཅས་ལ་བསམ་གཞིགས་ཤིག་བྱས་ཚེ་སྐུ་ཚབ་ཐེངས་༨པའི་གཟིགས་སྐོར་གྱི་རྣམ་པའང་འགྱུར་བ་བཟང་ཕྱོགས་སུ་འགྲོ་རྒྱུའི་རེ་བ་སྟོང་པ་ཞིག་ཏུ་འགྱུར་སྲིད་པ་རེད་ཅེས་ཤོད་མཁན་མང་པོ་ཡོད།

རྒྱ་གཞུང་གིས་ཉེ་སྔོན་བཏོན་པའི་རྒྱབ་ཤ་དཀར་པོ་ཟེར་བའི་ནང་དོན་ནག་པོ་དེས་དེ་ལས་ཀྱང་རྒྱལ་སྤྱིའི་ཐོག་རྒྱ་བོད་ཀྱི་ཟམ་ཆུང་དེ་ཀ་བ་རུལ་པའི་སྟེང་གི་སྡོང་མ་ཞིག་མིན་འགྲོ་སྙམ་པའི་དོགས་པ་སྐྱེས་ཏེ། བོད་མི་རྣམས་དང་ལྷག་པར་དུ་གཞོན་སྐྱེས་ཚོའི་སེམས་གཏིང་དུ་ཀླ་ཀློའི་མཁྲེགས་འཛིན་དང་དམར་པོའི་བཙན་གནོན་དེས་སླར་ཡང་བཟོ་ཐབས་མེད་པའི་ཚོར་སྣང་དང་བསམ་ཚུལ་གསར་པ་ཞིག་སླེབས་དགོས་པ་ཞིག་བཟོས་པ་རེད། ད་དུང་ཛ་དྲག་གི་སྐབས་འདིར་མགོན་པོ་གང་ཉིད་ཀྱི་དགོངས་གཞི་ལྟར་ཞི་བའི་ལམ་ནས་བོད་ལྗོངས་ཡོངས་རྫོགས་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབས་ཤིག་དགོས་འདུན་བཏོན་པར་རྒྱ་གཞུང་གིས་ངོས་ལེན་མ་བྱས་པར་བརྟེན། སྐུ་ཚབ་རྣམ་པའི་གཟིགས་སྐོར་གྱི་གྲུབ་སྣ་གཅིག་ཀྱང་བསྟན་རྒྱུ་མེད་པ་རེད། སྐུ་ཚབ་ཚོགས་ཆུང་གི་གཟིགས་སྐོར་ཁག་གི་ཐད་བོད་མིའི་སྤྱི་ཚོགས་སུ་བཤད་ཚུལ་སྣ་ཚོགས་ཤིག་དང་མཐོང་ཚུལ་ཡང་འདྲ་མིན་ཞིག་བྱུང་ཡོད།

ཁ་ཤས་ཀྱིས་དེ་ནི་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་དང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དེ་དག་ལ་བརྟེན་ནས་རང་བཞིན་འོས་འཚམས་ཅན་ཞིག་མཐོང་ཟེར་བ་དང༌། ཡང་མང་པོ་ཞིག་གིས་གཞིས་ལུས་རྒྱ་ཆེ་མི་མང་གི་ངོས་ནས་བོད་རང་བཙན་འཐབ་རྩོད་བྱེད་བཞིན་པ་འདིར་བོད་མི་མང་གི་དགོས་འདུན་ཡིན་པས་དེར་ཤར་བསྐྱོད་དགོས་ལུགས་གསུངས་པ། བོད་མི་མང་པོ་ཞིག་གིས་ཁོང་རྣམ་པར་རྒྱ་གཞུང་གིས་ཇི་ལྟར་བརྗོད་མིན་ལ་མ་ལྟོས་པར་བོད་མིའི་སྐུ་ཚབ་མཚོན་ཐུབ་ཀྱི་རེད་ཟེར་བ། དེའི་ཡང་མང་པོ་ཞིག་རྒྱུ་མཚན་མ་ཤེས་པར་མགོ་འཐོམས་པ་སོགས་ཡོད་པ་རེད།

དེར་བརྟེན་སྐུ་ཚབ་ཅེས་པ་ག་ལ་བརྩིས་པ་ཞིག་ཡིན། གང་འདྲ་ཞིག་ལ་ཁྱབ་དགོས། ཡང་སྒོས་ཁོང་ཚོས་ཐེངས་བརྒྱད་པའི་སྐོར་ཅི་ཡང་བརྗོད་པར་ནར་འགྱངས་གནང་བ་དེ་རྒྱུ་མཚན་གང་ལ་ཐུག་པ་རེད་དམ་ཞེས་དོགས་འདྲི་བྱེད་མཁན་ཧ་ཅང་མང་པོ་ཡོད། ཡང་ཁོང་རྣམས་ནས་རང་གི་ཕ་ཡུལ་དུ་མ་བཏང་བར་འབྲེལ་བ་མེད་པའི་ས་ཁུལ་གཞན་ཞིག་ཏུ་འཁྲིད་པ་ཙམ་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཆེད་རེད་དམ་ཡང་ན་ཁོང་ཚོར་སེམས་ཤུགས་མེད་པ་རེད། ཨོ་ལིམ་ཕིག་གི་རྗེས་སུ་སྐུ་ཚབ་ཚོགས་པ་དང་རྒྱ་གཞུང་དབར་གྱི་ཟམ་ཆུང་སྟེང་དུ་དེ་ལྟ་བུའི་རྒྱ་ནག་གི་ཆབ་སྲིད་ལངས་ཕྱོགས་སྔ་བཞིན་གསལ་སྟོན་གནང་བར་མི་ལོ་༤༨ཀྱི་རེ་ཐག་ཆོད་དགོས་པ་རེད་དམ། མུ་མཐུད་ཨུ་ཚུགས་རྒྱག་དགོས་པ་རེད། ཟམ་ཆུང་དེའི་སྟེང་དུ་རང་ཉིད་འོས་འཚམས་ཤིག་ཡིན་མིན་ལ། གལ་ཏེ་མུ་མཐུད་བསྐྱོད་ན་བསྐྱོད་ནའང་ཀ་བ་དེར་རྩིས་ཤིག་རྒྱག་དགོས་པའི་དུས་ལ་སླེབས་འདུག་ཅེས་འགྲེལ་བརྗོད་བྱེད་མཁན་དེ་ལས་མང་བ་ཡོད་པ་རེད།

གང་ལྟར་གཞུང་འབྲེལ་སྐུ་ཚབ་ཚོགས་པ་ཐེངས་མང་བསྐྱོད་དེ་གྲུབ་འབྲས་མ་ཐོན་པའི་དུས་སྐབས་འདི་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འདས་དང་ད་ལྟའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས། ཚོགས་པ་དེ་དག་གི་ངོས་ནས་རང་བཙན་ལངས་ཕྱོགས་སྲ་བརྟན་བཟུང་བ་སོགས་གང་དུ་བལྟས་ཀྱང་བོད་རྒྱ་ཆེ་མི་མང་གི་ངོས་ནས་བོད་ཀྱི་མ་འོངས་པའི་ཆེད་འོས་ཤིང་འཚམས་པའི་ཆབ་སྲིད་ཀྱི་འཕོ་འགྱུར་ཞིག་མཐོང་རྒྱུར་རེ་སྒུག་དོར་དུ་མེད་པའི་རྒྱུ་མཚན་བཅས་ལ་བརྟེན་ནས་དམིགས་བསལ་ཚོགས་ཆེན་སྐབས་སུའང་བརྗོད་གཞི་དེ་རང་གལ་ཆེན་དུ་བརྩི་ཡི་ཡོད་པ་རེད།

མདོར་ན་ཉེ་བའི་ལོ་ཤས་སྔོན་ནས་རྒྱ་གར་གྱི་གསར་འགོད་ལྷན་ཚོགས་ཤིག་བོད་ནང་དང་རྒྱ་ནག་ཏུ་བསྐྱོད་སྐབས། རྒྱ་ནག་གིས་༤༨རིང་བོད་ནང་གྲུབ་འབྲས་ཅི་ཐོན་གྱི་སྙན་ཐོ། སྲིད་འཛིན་བྷུ་ཤཱི་ནས་ཨ་རིའི་གྲོས་ཚོགས་གོང་མར་ཕུལ་བའི་སྙན་ཐོ་དང༌། ཧང་གྷ་རིའི་གྲོས་ཚོགས་ཀྱི་གྲོས་ཆོད་བཅས་ལ་རྒྱ་ནག་གི་དགག་ལེན། རྒྱ་ནག་གིས་བཏོན་པའི་རྒྱབ་ཤ་དཀར་པོ། ཨ་མདོ་དོན་གྲུབ་ཀྱིས་བོད་རྒྱའི་འབྲེལ་ལམ་དེ་སླར་ཡང་ཆད་མི་ཡོང་སྙམ་པའི་དོགས་པ་སྐྱེས་ལུགས་བཤད་པ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང༌། སྤྲུལ་སྐུ་བསྟན་འཛིན་ལེགས་རིན་པོ་ཆེ་བཅས་ཀྱི་གཙོས་བོད་མི་ཆབ་སྲིད་བཙོན་པའི་སྐོར་སོགས་ཕྱོགས་བསྡོམས་ཤིག་བྱས་ན༑ རྒྱ་ནག་གི་དཔོན་རིགས་ཚོས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་དབུ་མའི་ལམ་ངཏན་ནས་འདོད་མོས་མེད་པའམ། ཡང་ན་ཞི་མོལ་བྱེད་འདོད་མེད་པའི་རྣམ་པ་གསལ་པོ་ཞིག་སླར་ཡང་བསྟན་ཡོད་པ་བཅས་ལ་མནོ་བསམ་གསར་པ་ཞིག་དང༌། བོད་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཀྱང་གཞན་ཞིག་བྱེད་རན་པའི་དུས་སྐབས་ངེས་ཅན་ཞིག་མཐོང༌།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
གོང་འཁོད་ཞི་མོལ་སྐོར་གྱི་ལྗགས་རྩོམ་དེ་ཐེངས་གཅིག་ཞིབ་ཕྲར་བཀླགས་པ་ཡིན། རྩོམ་འབྲི་རིག་པའི་གཞུང་ལུགས་ལྟར་བྱས་ན་ལྗགས་རྩོམ་དེ་དགག་སྒྲུབ་ཀྱི་རྩོམ་ཡིག་ཁོངས་སུ་བཞག་ཆོག་སྙམས། རྩོམ་ཡིག་དེའི་ནང་དུ་དགག་བྱ་ལྟེ་གནས་དེ་བོད་རྒྱའི་བར་གྱི་ཞི་མོལ་སྐོར་ཡིན་པ་འདྲ། འགོག་བྱེད་ཀྱི་གཏན་ཚིགས་སམ་ལུང་རིག་གཙོ་གནས་ནི་འདས་དུས་སུ་སྐུ་ཚབ་རྒྱ་ནག་ཏུ་ཐེངས་མང་ཕེབས་པར་གྲུབ་འབྲས་མེད་པ་དང་རྒྱ་ཕྱོགས་ནས་རྣམ་འགྱུར་མི་ལེགས་པའི་ཚུལ་སོགས་རེད་འདུག ལྗགས་རྩོམ་དེའི་བསླབ་བྱ་ནི་ང་ཚོས་འཐབ་རྩོད་ཀྱི་གྲ་སྒྲིག་གཞན་ཞིག་དགོས་ཚུལ་གསལ་པོར་བཀོད་འདུག ཕྲན་ཆུང་གིས་གོ་བ་བླངས་སྟངས་ནོར་མེད་ན་ཤུགས་བསྟན་དུ་རང་བཙན་གཙང་མ་རྩོད་དགོས་པར་འདོད་ཀྱི་ཡོད་པ་འདྲ། ལྗགས་རྩོམ་དེ་གནས་ལུགས་ལྡན་པའི་ཐོག་ནས་བྲིས་འདུག་པས་ཚང་མར་བློ་སྐྱེད་ཡོང་ངེས། ཡིན་ནའང་བདག་གི་བསམ་ཚུལ་ལ་རང་བཙན་གཙང་མ་རྩོད་ལེན་བྱེད་པ་ཡིན་ནའང་ཐེ་ཚོམ་དང་དོགས་པ་ཇི་སྙེད་ཅིག་གི་རྗེས་འདེད་བྱ་རྒྱུར་ཡོང་བ་གཏན་འཁེལ་རེད་སྙམས།
རྒྱ་དཔོན་དེ་ཚོ་ཅི་འདྲའི་མགོ་མཁྲེགས་པ་ལ་ཨང་།
1 ༠༥༢༠༠༨༡༡༡༡
ཁྱེད་ཀྱིས་བྲིས་པ་རྣམས་ལ་རྒྱུ་མཚན་ཡག་པོ་འདུག མུ་མཐུད་བྲིས་གནང་དང༌།



བརྗོད་གཞི་གཞན་ཁག་ལ་གཟིགས།